དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Tuesday, 10 May 2011
༄༅། །བོད་བརྒྱུད་རྣལ་འབྱོར་དམ་པའི་སྙིང་ནོར། །
ཨེ་མ་ཧོ།
ངོ་བོ་ཀ་དག་རང་བཞིན་ལྷུན་གྲུབ་པའི། ། ཐུགས་རྗེ་ཀུན་ཁྱབ་བསལ་བཞག་བྲལ་བའི་ངང་། ། སྐུ་གསུམ་དོན་གྱི་བདག་པོ་མ་ཎི་ཀ ། རང་བྱུང་རིག་པའི་རྒྱན་དུ་ལྷམ་མེར་ཤར། །སེམས་ཉིད་དོན་གྱི་རྣལ་འབྱོར་སངས་རྒྱས་དངོས། ། རིག་སྔགས་དོན་གྱི་རྣལ་འབྱོར་ཡི་གེ་སྤྲིན། ། སྒྱུ་ལུས་རྩལ་སྦྱང་རྣལ་འབྱོར་ཕྱག་རྒྱ་ཆེ། ། ངེས་དོན་བདེན་པའི་རང་བཞིན་བསྟན་པར་བྱ། །ཞེས་མཆོད་བརྗོད་དང་དམ་བཅའ་སྔོན་དུ་བཏང་ནས་དེ་ལ་འདིར་ལྷག་ བསམ་རྣམ་དག་གིས་རྣལ་འབྱོར་ཟབ་གནད་སྙིང་པོའི་དོན་གྱི་རང་བཞིན་ཉིད་བསྟན་པ་ལ་སྦྱོར་དངོས་རྗེས་གསུམ་གྱི་དོན་དག་བཤད་པ་ལ། དང་པོ་སྦྱོར་བ་ལ་སྔོན་འགྲོ་ཕྱི་ནང་གསང་བའི་གནད་ལ་འབད་པ་ནི་ ཐེག་པ་སྤྱི་ཁྱབ་ཀྱི་གནད་གསང་གི་ལམ་རིམ་ལྟར་ཉམས་ལེན་ཤེས་པ་དང་། གཉིས་པ་བསྐྱེད་རྫོགས་རྫོགས་ཆེན་གྱི་ལྟ་སྒོམ་སྤྱོད་འབྲས་ཀྱི་ལམ་བཟང་ རྣམས་ལ་ངེས་ཤེས་རྣམ་དག་གིས་མཁྱེན་པར་གཞིར་བཞག་ནས་རང་ནུས་ཅི་ཡོད་ཀྱིས་སོ་བྱང་སྔགས་ཀྱི་ཉམས་ལེན་ལ་འབད་པ་དང་། གསུམ་པ་རྗེས་ཀྱི་གེགས་སེལ་གྱི་གནད་འགག་བཤད་པ་དང་གསུམ་ལས་ འདིར་གཙོ་བོ་རྗེས་ཀྱི་གེགས་སེལ་གྱི་ལུས་སྦྱོང་བཤད་པ་དེ་ཡིན།
སྤྱིར་མདོ་རྒྱུད་དག་ལས་ལུས་ངག་ཡིད་གསུམ་གྱི་རྣལ་འབྱོར་གཏན་ལ་འབེབས་ཚུལ་རྒྱས་པ་ཡོད་ཀྱང་ད་རིས་གཙོ་བོ་རགས་པའི་དབང་དུ་བྱས་ན་ལུས་ཙམ་ལས་སུ་མ་རུང་ན་ངག་ལས་སུ་མི་རུང་ངག་ལས་སུ་མ་རུང་ན་ཡིད་དེ་བས་ཀྱང་ཤིན་ཏུ་ལས་སུ་རུང་བར་དཀའ་བ་ཡིན་པ་སྨོས་ཅི་དགོས། དཔེར་ན་ལུས་ཀྱིས་སྲོག་གཅོད་དང་ཤ་ཟ་དང་ཐ་མག་འཐེན་པ་ཙམ་ཡང་སྤངས་མི་ཐུབ་ན་ངག་གིས་སྨྲས་པ་ཐམས་ཅད་བདེན་པ་ཉག་གཅིག་ཡིན་བཤད་ན་དགོད་བྲོ་བ་རང་རེད། ཁྱད་པར་སེམས་ཀྱི་གནད་གསང་དབུ་ཕྱག་རྫོགས་ཆེན་སོགས་རྟོགས་ཡོད་པར་བཤད་ན་དེ་བས་ཀྱང་ཤིན་ཏུ་ལྐོག་གྱུར་ཅིག་རེད། དེས་ན་ལུས་ངག་ཡིད་གསུམ་པོ་འབྲེལ་བ་ཤིན་ཏུ་ཟབ་པས་ཐོག་མར་ལུས་སྦྱང་གི་རིམ་པ་ཞིག་བསྟན་པར་བྱའོ། དེ་ལ་ཐེག་པ་ཐུན་མོང་བའི་དབང་དུ་བྱས་ན་ཕྱག་འཚལ་བ་ཞེས་སྒོ་གསུམ་གྱིས་འདུད་པ་དང་བཅས་སྐྱབས་སུ་འགྲོ་ཚུལ་ཞིག་ཡོད་པ་དང་། ལྟ་བ་མཇལ་ཕྱག་དང་། སྒོམ་པ་གོམས་པའི་ཕྱག་སོགས་ཡོད་པ་ལས། འདིར་སྤྱི་བཏང་ཕྱག་འཚལ་བ་བཤད་པ་དེ་ཡིན། ཕྱག་འཚལ་བ་ལ་རྐྱང་ཕྱག་དང་། སྒུར་ཕྱག་དང་།སྐུམ་ཕྱག་དང་།ཐལ་ཕྱག་ཟེར་བ་སོགས་ཡོད་ཀྱང་ལུས་འགུལ་སྐྱོད་བྱེད་པ་ལ་འདྲ་བོ་རེད། དཔེར་ན་བཤད་གྲྭ་བས་ཐལ་ངག་བཅས་ལག་ཕྱག་གིས་ལུས་ལ་ཤིན་ཏུ་ཕན་པ་ཉམས་མྱོང་ཞིག་ཡིན།གལ་ཆེ་ཤོས་དེ་རང་གི་ལུས་ཀྱི་སྒྱེ་སྒུར་སྐབས་སུ་རང་བབས་ཀྱིས་འགུལ་གཡོ་བྱེད་རྒྱུ་རེད།
བཀའ་དང་བསྟན་བཅོས་མན་ངག་གི་སྐབས་སུ་ཡང་ལུས་རྣམ་སྣང་ཆོས་བདུན་བཅའ། ངག་རླུང་རོ་དགུ་ཕྲུག་ཏུ་བུས། སེམས་ཞི་ལྷག་གི་རྒྱུན་ལ་གནས་ཞེས་བསླབ་ཚུལ་དང་མན་ངག་གི་བཤད་པ་ལས་དཔེ་གཟུགས་ནི་འདི་དག་ལྟར་རོ། །
ལུས་དྲང་ན་རྩ་དྲང་རྩ་དྲང་ན་རླུང་དྲང་རླུང་དྲང་ན་སེམས་དྲང་སེམས་དྲང་ན་བདེན་པ་མཐོང་བར་འགྱུར་ཞེས་པའི་དོན་ལ་ཞིབ་འཇུག་བྱས་པ་ཞིག་ཡིན། གེ་སར་རྒྱལ་པོའི་སྒྲུང་གི་སྐབས་སུ་ཡང་། སྒྱེ་སྒྱེ་སྒྱེ་ལ་ཕྱག་གསུམ་འཚལ། ། སྒུར་སྒུར་སྒུར་ལ་ཕྱག་གསུམ་འཚལ། །སྒྱེ་མ་སྒུར་ལ་ཕྱག་གསུམ་འཚལ། ། ཞེས་པས་ལུས་གུས་པས་སྣ་འདྲེན་དགོས་པ་ཞིག་དང་ལུས་སྦྱང་གི་རང་བཞིན་བསྟན་ཡོད་པ་དང་མི་ལ་རས་པ་སོགས་བོད་ཀྱི་རྣལ་འབྱོར་བ་ཁག་ཅིག་ལུས་སྦྱང་མཐར་ཕྱིན་ ནས་གནམ་ལ་བྱ་བཞིན་འཕུལ་བ་དང་ས་འོག་ཏུ་བྱི་བཞིན་འཛུལ་བའི་གྲུབ་པ་ཐོབ་པ་དག་ཀྱང་བྱུང་ཡོད། ། མདོར་ན་ཡན་ལག་ལྔ་དང་ལུས་ཡོངས་རྫོགས་གཡོ་འགུལ་བྱས་ནས་རྩལ་སྦྱང་ཡང་དག་གཅིག་བྱས་ན་ནད་མེད་ཚེ་རིང་གི་འཕྲོད་རྟེན་ཕུལ་དུ་བྱུང་བ་ཞིག་ཡིན་པར་ཐེ་ཚོམ་མི་འདུག་ལགས། དེ་ལ་ ༡ མཛུབ་མོའི་རྣལ་འབྱོར། ༢ ཕྱག་རྒྱའི་རྣལ་འབྱོར། ༣ རླུང་སྔགས་ཀྱི་རྣལ་འབྱོར། ༤ རྩ་རླུང་གི་རྣལ་འབྱོར། ༥ འཕྲུལ་འཁོར་གྱི་རྣལ་འབྱོར། ༦ ཕྱག་འཚལ་གྱི་རྣལ་འབྱོར། ༧ ཐིག་ལེའི་རྣལ་འབྱོར་དང་བདུན་དུ་བྱས་ཡོད་དོ། ཕྱག་འཚལ་བའི་ཕན་ཡོན་དང་རྩ་རླུང་འཕྲུལ་འཁོར་གྱི་འབེབ་སྦྱང་སོགས་མདོ་རྒྱུད་དང་བཀའ་བསྟན་མན་ངག་ལས་ཤེས་པར་བྱའོ། ། དེས་ན་ནམ་རྒྱན་དུ་བདག་གི་ལུས་སྦྱང་ལ་འབད་ཚུལ་གྱི་དཔར་དང་བཅས་བཀོད་ན་དོན་གཉེར་ཅན་དག་ལ་ཕན་དུ་རེ་ནས་འགོད་པར་བྱའོ། ། དེ་ལ་དང་པོ་ལུས་ངག་ཡིག་གསུམ་རང་བབས་སུ་འཇོག་ཅེས་པའི་དོན་འོག་གི་དཔར་འདིར་མཚོན་ནུས་ལ་ཕྲེང་བ་འདིས་དྲན་ཤེས་བག་ཡོད་ཀྱི་བརྡ་དོན་ཡང་གོ་ཐུབ་བོ། །
རང་བབས་ཀྱི་ལུས་གནད་འདི་ལོངས་སྐུའི་བཞུགས་སྟངས་ཞིག་རེད།
རླུང་རོ་གཡོན་དུ་ལན་གསུམ་བསལ་བས་འདོད་ཆགས་རྟོག་པ་འགགས། །
རླུང་རོ་གཡས་སུ་ལན་གསུམ་བསལ་ན་ཞེ་སྡང་རྟོག་པ་འགགས། །
རླུང་རོ་མཉམ་དུ་ལན་གསུམ་བསལ་ན་གཏི་མུག་རྟོག་པ་འགགས།
ཐབས་ཤེས་ཀྱི་ཕྱག་རྒྱའི་མདུད་རྒྱ་དང་བཅས་མཉམ་བཞག་ངང་དུ་གནས། །
ཧྰ་སྒྲ་དང་བཅས་ཕྱག་རྒྱ་ཁྲོལ་བས་ལས་ཉོན་བག་ཆགས་ཀུན་པོ་བསལ་བར་བསམས། །
རྣམ་སྣང་ཕྱག་རྒྱས་ཆོས་དབྱིངས་དེ་ཁོ་ན་ཉིད་མཇལ་བའི་མཉམ་བཞག་གོ །
སྣང་མཐས་ཕྱག་རྒྱས་སོ་སོར་རྟོགས་པའི་ཡེ་ཤེས་དགོངས་པའི་མཉམ་བཞག་གོ །
རིན་འབྱུང་ཕྱག་རྒྱས་མཉམ་ཉིད་ཡེ་ཤེས་མཁྱེན་པའི་མཉམ་བཞག་གོ །
དོན་གྲུབ་ཕྱག་རྒྱས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཕྲིན་ལས་ལ་མཉམ་པར་བཞག་གོ །
སྒུར་སྒྱེ་ལན་གསུམ་བྱས་པས་ཕྲག་དོག་མིག་སེར་གྱི་རྣམ་རྟོག་བསལ་ལོ། །
ཐུགས་དམ་ཕྱག་རྒྱས་མེ་ལོང་ཡེ་ཤེས་ཀྱི་དེ་ཉིད་མངོན་དུ་མཛད་པའོ། །
ད་ནི་ཀུན་མཁྱེན་བླ་མའི་གསུངས་གཞིར་བཞག་ནས་རྗེས་ཀྱི་གེགས་སེལ་གྱི་ལུས་སྦྱོང་ ཉེར་གཅིག་ལ་བསླབ་པས་ནད་གདོན་རྐྱེན་བགེགས་ངན་པ་མི་འབྱུང་བ་ཡིན་པས་ཉིན་རེ་བཞིན་སྦྱང་ནུས་ན་བར་ཆད་ཀུན་སེལ་ངེས་དང་ཚེ་རིང་ནད་མེད་དམ་ཆོས་མཐའ་རུ་ཕྱིན་པའི་དགོས་པ་ཁྱད་པར་ཅན་དང་ཉམས་ལེན་གྱི་རྟོགས་པ་རྣམས་གོང་དུ་འཕེལ་བར་ཡོད་པ་ནི་དམ་པ་དག་གིས་གསུངས་སོ། །
དང་པོ་ནི་སྐྱིལ་ཀྲུང་བཅས་ཏེ་ལག་པ་འཁྱུད་པའི་ཚུལ་ལོ། ། དེས་ཡན་ལག་གི་ནད་སེལ་ལོ། ། གཉིས་པ་ནི་བསྐུ་མཉེའི་ཚུལ་དུ་འཕུར་རོ། །དེས་ལུས་ལ་དྲོད་སྐྱེའོ། ། ལག་ཚ་དྲོད་བཅས་མིག་ཙུམ་པའི་ལྤགས་པར་གནན་ན་མིག་ནད་རབ་རིབ་སེལ་ལོ། ། དེ་བཞི་མགོ་ནས་ལག་གཡས་གཡོན་དཔུང་པར་བཅས་མཉེ་འཕུར་བྱ། ། དེ་བཞིན་དུ་མདུན་རྒྱབ་དང་རྐང་པ་གཡས་གཡོན་མཉེ་འཕུར་བྱ། །
བཞི་བ་དཔུང་པ་གཅུས་ལ་ལག་པ་གཡས་དང་གཡོན་དུ་སྤྲུགས་པས་
ལྔ་བ་ནི་ལག་པ་གཉིས་བྲང་ནས་ཁུ་ཚུར་བཅས་ཕྱིར་འཕངས་པས
དྲུག་པ་ལག་པ་གཉིས་དཔུང་པ་གཉིས་ལ་བསྣོལ་ནས་བསྡམས་ཏེ་ལུས་ཀུན་གཅུས་པས
སྐེད་པའི་ནད་སེལ་ལོ། །
བདུན་པ་ནི་རྐང་པ་གཉིས་བརྐྱངས་པའི་བྲང་པ་གཉིས་ནས་ལག་པ་གཉིས་ཀྱིས་འཐེན་པས་ཆུ་རྒྱུས་ཀྱི་ནད་སེལ་ལོ།
བརྒྱད་པ་ལག་པ་གཡས་གཡོན་གཞུ་འགེངས་པ་པ་ལྟར་བྱས་པས་ལག་པའི་ཚིག་དང་སོག་ཕྲག་གི་ནད་སེལ་ལོ། །
དགུ་པ་ནི་ལག་པའི་ཁུ་ཚུར་གཉིས་མདུན་རི་འཕུལ་བའི་ཚུལ་དུ་བྱས་པས་
རོ་སྟོད་ཀྱི་ཤ་རྒྱས་དང་ལག་པའི་སྦེ་ཤའི་ནད་སེལ་ལོ། །
བཅུ་པ་ནི་ལུས་རྒྱབ་དང་མདུན་དུ་དགུག་པས་མཁལ་ནད་མཚེར་ནད་སེལ་ལོ། །
རྩིབས་ལོགས་ཀྱི་ནད་སེལ་ལོ། །
བཅུ་གཉིས་པ་ལྟེ་བ་ནང་དུ་འཐེན་པས་མ་ཞུ་བ་དང་ཕོ་བའི་ནད་སེལ་ལོ། །
བཅུ་གསུམ་པ་རྐང་ལག་བཞི་ས་ལ་བཙུགས་ནས་མགོ་བོ་ཅོག་ཅོག་བྱས་པས་
ཡན་ལག་དང་ཉིང་ལག་གི་ནད་སེལ་ལོ། །
བཅུ་བཞི་པ་ནི་རྐང་ལག་བཞི་ས་ལ་བཙུགས་ལ་གཡས་དང་གཡོན་དུ་བལྟས་པས་རྩེ་ཆུང་གི་ནད་སེལ་ལོ། །
བཅོ་ལྔ་པ་ནི་ཁ་སྦུབ། རྐང་པ་བརྐྱང་། ལག་མཐིལ་ས་ལ་བཙུགས་ཏེ་གྲུ་མོ་བྲང་ལ་གཏད་པས་སྟོད་ཀྱི་ཕྱི་ནང་གི་ནད་སེལ་ལོ། །
བཅུ་དྲུག་པ་ནི་མགོ་ཅོག་གཡས་དང་གཡོན་དུ་བསྐོར་བས་སྐེ་དང་མཇིང་པའི་ནད་སེལ་ལོ། །
བཅུ་བདུན་པ་ལག་པ་གཉིས་བསྣོལ་ལ་སྤྱི་བོར་བཞག་པས་རོ་སྟོད་ཀྱི་ནད་སེལ་ལོ། །
བཅོ་བརྒྱད་པ་ནི་པུས་མོ་གནམ་དུ་རེང་ངེ་གན་རྐྱལ་དུ་ཉལ་བའི་སྤྱི་བོར་ཐལ་མོ་ཐད་དྲང་དུ་སྦྱར་བས་རྐང་པའི་ཚིགས་དང་ལག་པའི་ནད་སེལ་ལོ། །
བཅུ་དགུ་པ་ནི་རྐང་པ་གཉིས་རེ་མོས་སུ་ལག་པའི་གྲུ་མོའི་ཁུང་དུ་བླངས་ཏེ་ བརྐྱང་བསྐུམ་བྱུགས་པས་རྐང་པའི་ཉ་ཤའི་ནད་སེལ་ལོ། ། ཉི་ཤུ་པ་ནི་རྐང་པ་གཉིས་ཀྱི་མགོ་པུས་མོ་གཉིས་ཀྱི་སྟེང་དུ་རེ་མོས་སུ་བཞག་ཅིང་ཡ་གཅིག་ས་ལ་བཙུགས་ཐལ་མོ་སྦྱར་བས་སྟོད་སྨད་ཐམས་ཅད་ཀྱི་ནད་སེལ་ལོ། ། འདི་དག་ནི་ཕྱག་འཚལ་བ་དང༌། སྐྱབས་སུ་མཆི་བ། སྐྱབས་བཅོལ་བ། སྐྱབས་སུ་འགྲོ་བ་དག་ནི་བདག་ཉིད་བདག་གི་མགོན་ཡིན་ཞེས་པ་ཕྱི་སྐྱབས་གནས་དང་ནང་གི་སྐྱབས་འགྲོ་གོ་མ་ནོར་བ་རང་རྒྱུད་ལུས་ངག་ཡིད་གསུམ་ལས་སུ་རང་ནས་སེམས་རྒྱུད་ཐབས་སྙིང་རྗེ་དང་ཤེས་རབ་སྟོང་ཉིད་ཀྱི་དོན་དག་གོ་ན་ནང་པ་སངས་རྒྱས་པ་ཞེས་པ་དེ་ཡིན་ནོ། །ཁྱད་པར་སྙིགས་དུས་འདིར་ཡང་གསང་རྫོགས་པ་ཆེན་པོ་ཁོ་ནས་འདུལ་བས་ལས་གཞན་དག་གི་གདུལ་དཀའ་བའི་དུས་སུ་སྐུ་གསུམ་ཆོས་ཀྱི་བཞུགས་སྟངས་དང་གཟིགས་སྟངས་ལ་བསྟེན་ནས་གནས་ལུགས་ཆོས་ཀྱི་བདེན་པ་མཐོང་བ་ཡིན་པས་ན། དང་པོ་ ཆོས་སྐུའི་བཞུགས་སྟངས་སེངྒེ་ལྟ་བུ་ནི། འགྱིང་ཚུགས་ཙོག་པུའི་རྐང་མཐིལ་གཉིས་མདུན་དུ་སྤྲད་པས་གཡོ་བྱེད་ཀྱི་རླུང་ནོན། ལུས་ཀྱི་ཆ་བསྲངས་པས་རླུང་བདེ་ལུགས་སུ་རྒྱུ། མགོ་རྩལ་མཇིང་པ་ལ་བསྒྱུར་བས་རྣམ་རྟོག་འགག་སྟོབས་ཆེ། ལག་སོར་གཉིས་ནང་དུ་བསྒོངས་ཏེ་རྐང་མཐིལ་གཉིས་སྤྲད་པའི་དབུས་སུ་བཙུགས་པས་འབྱུང་བ་ཆ་སྙོམས་པར་བྱེད་དོ། ། ་ས
གཉིས་པ་ལོངས་སྐུའི་བཞུགས་སྟངས་གླང་པོ་ཆེ་ཉལ་བ་ལྟ་བུ་ནི། པུས་བྲང་སྦྱར་བས་བདེ་དྲོད་དང་ཁམས་རྒྱས། གྲུ་མོ་གཉིས་ས་ལ་བཙུགས་པས་ཕོ་མོའི་རླུང་མ་ནིང་དུ་ཆ་སྙོམས། ཐལ་མོས་ཨོལ་ཀོ་བསྟེན་པས་རགས་པའི་རླུང་འགག །རྐང་པའི་སོར་མོ་ཕྱིར་འཕུལ་ཏེ་བསྐུམས་པ་ལས་བྱིང་རྒོད་ཆ་སྙོམས་པར་བྱེད་དོ། ། ་྄་་ག
སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ་ནི། ལུས་ཙོག་པུར་འདུག་པས་རྩ་རླུང་ཆ་སྙོམས། རྐང་མཐིལ་ས་ལ་ཕབས་པས་ཆུའི་རྩ་གནོན། རྒལ་ཚིགས་དྲང་པོར་བསྲངས་པས་རླུང་སེམས་ཆོས་ཉིད་དུ་རྒྱུ། པུས་བྲང་སྦྱར་བས་མེ་རླུང་ཡེ་ཤེས་སུ་འབར། རྒྱུ་ཞབས་ཡིད་ཙམ་འཐེན་ནས་སྒལ་པར་བཅར་བས་རྟོག་པ་རྒྱུན་གཅོད། ལག་པ་རེ་མིག་ལྟར་བསྣོལ་ནས་པུས་མོར་བཀབ་ན་ཚ་བའི་ནད་སེལ། དེ་ལས་མཆན་ཁུང་དུ་རེག་ན་གྲང་བའི་ནད་སེལ། གྲུ་མོ་གཉིས་པུས་མོའི་སྟེང་དུ་བཞག་སྟེ་ལག་སོར་བསྒོངས་པས་ལྐོག་མ་བཏེག་ན་ཚ་གྲང་ཆ་སྙོམས་པར་བྱེད་དོ། ། །
དེ་ནས་རིགས་ལྔའི་ཕྱག་རྒྱས་བདག་འཇུག་གི་དབང་བཞི་ལེན་པ་ནི། ། ཐོག་མར་རྒྱལ་བ་རིགས་ལྔ་ལས་དང་པོ་རྣམ་པར་སྣང་མཛད་ཀྱི་དབང་རྟགས་དང་སྒོམ་ཐབས་བཅས་པ་ནི། །
གཉིས་པ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་དང་དབང་ཆོག་གི་རྣལ་འབྱོར་ནི།
གསུམ་པ་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་དང་དབང་ཆོག་གི་རྣལ་འབྱོར་ནི། །
བཞི་བ་སྣང་བ་མཐའ་ཡས་ཀྱི་དབང་ཆོག་གི་ཕྱག་རྒྱའི་རྣལ་འབྱོར་ནི།
ལྔ་བ་དོན་ཡོད་གྲུབ་པའི་དབང་རྒྱ་དང་སྒོམ་པའི་རྣལ་འབྱོར་ནི།
ཕྱག་རྒྱའི་གུང་མཛུབ་མཉམ་རྐྱང་བྱས་ནས་རིམ་པ་བཞིན་དུ་ཨྰོཾ་ཧྰུྃ་ཏྲྰྃ་ཧྲྰིཿཨྰའམ་ཡང་ན་མྰུྃ་ལྰྃ་མྰྃ་པྰྃ་ཏྰྃ། ཞེས་གཟུངས་སྔགས་དང་མཛུབ་མོའི་རོལ་རྩལ་ངོམས་པ་ནི། ཨྰོཾ་ ཧྰུྃ་ ཏྲྰྃ་ ཧྲྰིཿ ཨྰཿ
མཐར་བསྔོ་སྨོནམཚམས་སྦྱར་གྱིས་མཁའ་ཁྱབ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་རྒྱུ་རུ་དགེ་རྩ་རྫོགས་པའི་བྱང་ཆུབ་ཐོབ་པའི་ཕྱིར་བསྔོ་བ་ནི། ། ནམ་རྒྱུན་ངེས་འབྱུང་རྣལ་མའི་འདུག་སྟངས་འདི་ལྟར་བྱས་ནས་ལུས་སེམས་ལ་ཕན་པ་ཆེའོ། ། །
དེ་ཡང་བོད་གངས་རིའི་ལྗོངས་སུ་གོམས་གཤིས་སུ་གྱུར་བའི་ཕྱག་སྐོར་དང་ཚོགས་བསགས་ཡན་ལག་བཅུ་བ་འདི་ཤིན་ཏུ་གལ་ཆེའོ། ། ལུས་ཀྱི་བདེ་ཐང་གི་འཕྲོད་རྟེན་དང་ངག་གི་བཟླས་བརྗོད་ཀྱི་བསྙེན་པ། སེམས་བདེ་གསལ་མི་རྟོག་པའི་ཉམས་སྣང་ལ་གོམས་ན་རང་སེམས་ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་དང་། །གནས་ལུགས་རྫོགས་པ་ཆེན་པོ་རྟོགས་པའི་ཐབས་ཤེས་ཁྱད་པར་ཅན་ནོ། །གནས་ལུགས་དེ་དག་རྟོགས་སུ་ཟིན་ཀྱང་ལུས་སྦྱོང་འདི་དག་གིས་ཉམས་ལེན་འོག་འདོན་ལ་ཕན་ནུས་ཕུན་སུམ་ཚོགས་པར་འབྱུང་བར་ཐེ་ཚོམ་མི་འདུག་པས་རང་རང་སོ་སོས་ཉམས་སུ་བླངས་དང་གྲུབ་འབྲས་ཐོབ་པར་ངེས་སོ། ། ཞེས་པ་འདི་ནི་རབ་རྒྱན་ས་ཡོས་དབོ་ཟླའི་རྒྱལ་བ་གསུམ་པར་མཁའ་འགྲོ་ཆོས་སྒྲོན་སོགས་ཀྱིས་བསྐུལ་ངོར་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་མཁན་ཆེན་བླ་མའམ་རིག་འཛིན་བླ་མ་དཔལ་དགྱེས་པ་རྡོ་རྗེས་བྲིས་པས་སྐྱེ་དགུ་རྣམས་ལུས་བདེ་སེམས་སྐྱིད་ལ་སྤྱོད་ནུས་པའི་དོན་དང་ལྡན་པར་གྱུར་ཅིག་གུ། །ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ།། །།
Subscribe to:
Post Comments (Atom)
0 comments:
Post a Comment