དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday, 2 May 2011
༄༅། ། དད་པའི་ཆ་འཕྲིན། །
ན་མོ་མ་ཧྰ་གུ་རུ་ཤྰི་ལ་མ་ཏི་ཡེ། །
ཚོགས་གཉིས་རིན་ཆེན་རྡུལ་མང་ལས་གྲུབ་པའི། །
སྐུ་གཉིས་རི་རྒྱལ་ལྷུན་པོ་མངོན་མཐོའི་སྤོར། །
མཁྱེན་གཉིས་ཉི་ཟླ་གསལ་བའི་དཀྱིལ་འཁོར་ལས། །
བདེན་གཉིས་འོད་སྟོང་སྤྲོ་མཛད་གང་དེ་རྒྱལ། །

རྣམ་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ། །
རྣམ་གསུམ་འཁོར་ལོས་ཕྱོགས་ཀུན་སྤེལ་བ་ལ། །
རྣམ་ཀུན་གཞན་གྱིས་མཚོན་པ་ཡོངས་བཏངས་པའི། །
རྣམ་འདྲེན་བླ་མ་མཆོག་གི་ཞབས་དྲུང་དུ། །

མི་ཕྱེད་དད་པའི་རྒྱ་མཚོ་སྐྱོམས་པ་ལས། །
ལེགས་འོངས་ཞུ་འཕྲིན་མེ་ཏོག་ཆུན་པོ་ཞིག །
དལ་རྟེན་གོ་ལ་ཟླུམ་པོའི་ཡང་རྩེ་རུ། །
གནས་པའི་སློབ་བུ་གྱི་ན་བ་དེས་འབུལ། །

མཇལ་བས་གཞན་ཡིད་དང་བ་འདྲེན་པའི་སྐུ། །
ཐོས་པས་གདུལ་བྱ་སྨིན་ཅིང་གྲོལ་བའི་གསུང༌། །
མ་ལུས་ཤེས་བྱ་ཅིག་ཅར་མཁྱེན་པའི་ཐུགས། །
ཡོན་ཏན་ཀུན་རྫོགས་མཆོག་ཉིད་བདེ་ལགས་སམ། །

དལ་འབྱོར་ལུས་རྟེན་ངེས་མེད་ས་མཐའ་ན། །
དལ་སྡོད་ངང་དུ་སྟོང་ཟད་བྱེད་པ་ལས། །
དལ་བའི་ལུས་ལ་ན་བ་མ་བྱུང་བར། །
དལ་རྟེན་སྔ་མཁོ་འཚོ་བཞིན་བདེ་བ་ལགས།

མཚམས་ཞུ།
མདོ་ཁམས་ལྗོངས་སུ་མདོ་སྔགས་བསྟན་པའི་བདག །
བརྒྱུད་འཛིན་ཚོགས་ལ་རྒྱུད་ལུང་མན་ངག་སྦྱིན། །
མགོན་མེད་འགྲོ་བའི་སྐྱབས་མགོན་དམ་པ་མཆོག །
རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པར་བཞུགས། །

འཆད་པའི་གསུང་གིས་སྐལ་ལྡན་ཤེས་རྒྱུད་གྲོལ། །
རྩོད་པའི་ཚེ་ན་ལོག་རྟོག་དྲ་རྒྱ་གཅོད། །
རྩོམ་པའི་ལེགས་བཤད་རྒྱལ་བསྟན་སྤེལ་བའི་དཔྱིད། །
སྨྲ་དབང་ཉི་མ་བསྟན་དང་འགྲོ་བའི་དཔལ། །

ལུང་རྟོགས་བསྟན་པའི་འོད་ཕྲེང་ལེགས་འགྱེད་པས། །
མ་རྟོགས་རྨོངས་མུན་བསལ་བའི་གཉེན་གཅིག་པུ། །
མཚུངས་མེད་མཁས་གྲུབ་ཁྱེད་ཀྱི་མཛད་བཟང་ལས། །
ལྷག་པར་རྒྱལ་བ་རྣམ་ལའང་ཅང་ཡོད་དམ། །

བསྟན་དང་འགྲོ་ལ་སྨན་པའི་འཁུར་བསྣམས་ཏེ། །
བཤད་དང་སྒྲུབ་པའི་རྒྱལ་མཚན་མཐོར་སྒྲེང་པས། །
རིས་ཅན་ཕལ་གྱི་སྙིང་ལ་གཟན་སྲིད་མོད། །
ལས་འཕྲོ་ཆོས་ལ་ཡོད་རྣམས་སྐལ་པར་གྱུར། །

སངས་རྒྱས་གཉིས་པ་པདྨ་ཀ་ར་ཡི། །
རིང་ལུགས་འཁྲུལ་མེད་བཤད་སྒྲུབ་དམ་པའི་སྲོལ། །
ཕྱི་ནང་གསང་གསུམ་གཞུང་བཤད་མན་ངག་སོགས། །
རིག་གཞུང་ཀུན་ལ་ལྗགས་རྩོམ་གནང་བར་མཁྱེན། །

ཁྱད་པར་རང་རེ་གངས་ཅན་བྱང་རྒྱུད་དུ། །
མདོ་སྔགས་དམ་ཆོས་བསྟན་པ་དར་སྤེལ་དང༌། །
དེ་འཛིན་སྐྱེས་ཆེན་རྣམས་ཀྱི་ལོ་རྒྱུས་ཀྱི། །
མུ་ཏིག་ཕྲེང་བ་རྗེས་འཇུག་བརྒྱན་དུ་སྩོལད། །

གནའ་དེང་རིག་པའི་རྣམ་བཞག་མདོར་བསྡུས་ཞིག །
ཟབ་རྒྱས་གདམས་པས་ཡོངས་བཟུང་བསླབ་བྱ་གང༌། །
སྙན་ཚིག་ངག་གི་ལམ་ནས་ཚིགས་བཅད་དུ། །
སྡེབ་སྦྱོར་ལེགས་བཤད་དོན་བཟང་བཀའ་གསུངས་མཇལ། །

རིག་འཕྲུལ་འདྲེན་བྱེད་ལམ་ལས་མཐོང་མ་ཐག །
སེམས་བདེ་དྲན་པའི་གདུང་བ་ཁྱེད་ལ་ཕྱོགས། །
མཆོག་གི་གསང་གསུམ་ཡོན་ཏན་ཕྲིན་ལས་ཆར། །
སྒོ་གསུམ་མི་ཕྱེད་དད་པས་ཡང་ཡང་དྲན། །

སླད་མའི་ཆར་ཡང༌། །
ཚུལ༵་ཁྲིམས༵་དྲི་མེད་རྒྱལ་ཀུན་དགྱེས་པའི་གར། །
བློ༵་གྲོས༵་མཚུངས་མེད་ཀུན་མཁྱེན་རྒྱལ་བ་དངོས། །
བསྟན་འཛིན་ཟླ་མེད་སྙིགས་ལྔའི་འགྲོ་བའི་མགོན། །
སྐྱབས་མཆོག་བླ་མེད་བཞེད་དོན་ལྷུན་གྲུབ་ཤོག །

འགྲོ་ཁམས་མོས་པ་རལ་བའི་ཟུར་ཕུད་ལ། །
ཐུགས་རྗེའི་དྲི་བསུང་ཐུལ་བའི་ཞབས་པད་བརྟན། །
རྒྱན་དུ་བཞད་པ་གཡོ་བ་མེད་ངོས་ནས། །
ཉམ་ཆུང་བདག་ཀྱང་རྗེས་སུ་འཛིན་པར་ཞུ། །

བདག་ལྟའི་ངག་ནས་ཚིག་སྦྱོར་ཕུན་ཚོགས་ཀྱི། །
འཕྲིན་ཡིག་ཚད་ལྡན་ཡོང་བ་མ་མཆིས་མོད། །
བཀའ་འཕྲིན་ཞུས་པར་དགོངས་འགལ་མེད་པར་མཁྱེན། །
མཁྱེན་བརྩེའི་ཐུགས་རྗེས་ནམ་ཡང་མ་འདོར་ཞུ། །

ཞེས་པའང་རབ་རྒྱན་ས་བྱིའི་མགོ་ཟླ་བའི་ཚེས་བཅུའི་ཉིན་ཧི་གཟུགས་དྲྭ་བ་ལས་བདག་གི་བླ་མ་དམ་པ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་བརྩམས་པའི་འཛམ་གླིང་ཤར་ནུབ་ཀྱི་གནའ་དེང་རིག་པའི་རྣམ་བཞག་མདོར་བསྡུས་འདི་མཇལ་མ་ཐག་མཆོག་གི་སློབ་ཕྲུག་ཐ་ཤལ་བ་དཔལ་དགྱེས་པ་རྡོ་རྗེས་དབྱིན་ཇིའི་ཡུལ་གླིང་སྤྱི་རྒྱལ། རྒྱལ་ས་ལན་ཌོན་གྱི་ཉེ་འགྲམ། བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་གུས་པས་ཕུལ་བར་ཤྲྰི་སརྦ་བི་ཛ་ཡནྟུ། །

0 comments:

ཟིན་བྲིས་འཚོལ་ཡུལ