དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 9 May 2011
བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་དར་དཀར་རིང་མོ། །
ཨེ་མ་ཧོ།
མཆོག་གསུམ་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །
རྟེན་འབྲེལ་བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །
དད་སྙིང་དྲང་བདེན་མཛད་པའི་སྐྱེ་བོ་ཀུན། །
བཀྲ་ཤིས་དབུ་གདུགས་དཀར་པོ་ཡར་ལ་ལྕོག །
རྩ་བརྒྱུད་བླ་མས་བྱིན་རླབས་སྙིང་ལ་ཞུགས། །
ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་ཐོབ། །
མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོགས། །
གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །
གནམ་ལ་བཀྲ་ཤིས་འཇའ་འོད་ལམ་སེ་ལམ། །
ས་ལ་བཀྲ་ཤིས་བསངས་མཆོད་ཐུ་ལུ་ལུ། །
བར་ལ་བཀྲ་ཤིས་ཀི་བསྭོ་དུ་རུ་རུ། །
དཔྱིད་དཔལ་སྤྱི་ཡི་ལོ་སར་ཨེ་མ་ཧོ། །
གནམ་ལོ་གསར་ཚེས་ཤེས་རིག་དྲི་མ་དག །
ས་ལོ་གསར་ཚེས་འབྲུ་དྲུག་སྙིང་པོ་སྨིན། །
བར་ལོ་གསར་ཚེས་རྗེ་འབངས་བདེ་སྐྱིད་ལྡན། །
གནམ་ས་བར་སྣང་བཀྲ་ཤིས་བདེ་ལེགས་ཤོག། །
ལོ་ནག་སྲིད་པའི་སྡུག་བསྔལ་དབྱིངས་སུ་ཡལ། །
ལོ་དཀར་མྱང་འདས་བདེ་ཆེན་ཉི་མ་ཤར། །
ལོ་ཟླ་ཞག་དུས་དོན་ལྡན་མི་ཡི་ལུས། །
ལོ་སར་བསྐལ་བཟང་ཉི་མ་ཀུན་ལ་སྨོན། །
རྣམ་དཀར་ལས་ཀྱི་ཅང་ཤེས་ན་གཞོན་ཚོ། །
རྣམ་མཁྱེན་སྒྲུབ་པ་དངོས་ཤུགས་ཞོར་ལ་ཐོབ། །
རྣམ་ཐར་རྒྱ་མཚོའི་སྙིང་པོ་ཕན་བདེ་མཆོག །
རྣམ་པ་ལྷན་རྒྱས་ཀུན་ལ་ཡོང་བར་སྨོན། །
སྐུ་ཚེ་འཆི་མེད་རྒྱལ་མཚན་བརྟན་གྱུར་ཅིག །
ཚངས་དབྱངས་འགག་མེད་ཆོས་དུང་སྒྲོག་གྱུར་ཅིག །
ཐུགས་རྗེ་མཚུངས་མེད་དཔལ་བེར་རྟག་གྱུར་ཅིག །
གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །
ཚངས༵་དབྱངས༵་སྙན་པའི་གྲགས་པ་ཕྱོགས་ཀུན་ཁྱབ། །
ཕན་བདེ་སྒྱུ་འཕྲུལ་དྲ༵་བ༵་ཕུན་སུམ་ཚོགས། །
ལུགས་གཉིས་འབད་པ་དོན་ལྡན་འཛམ་བུ་གླིང། །
ཞི་བདེའི་རྒྱལ་ཁམས་རིང་དུ་འཚོ་གྱུར་ཅིག །
ཅེས་པ་འདིའང་རྨད་བྱུང་ཐབས་མཁས་དྲ་བས་གསུང་ལན་མཐོང་མ་ཐག་ཏུ་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་ཞིག་ཅི་དྲན་དུ་ཤྲྰིས་གུས་ཕུལ། །།།

0 comments:

ཟིན་བྲིས་འཚོལ་ཡུལ