དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday, 2 May 2011
༄༅། །བསྟན་བཤིག་གི་རང་བཞིན་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་ཀརྨ་ས་ཏྭ་ཡེ། །
དམ་ཆོས་མི་འཚེ་གཞན་ཕན་བྱ་བའི་ལས། །
ཆོས་ཉིད་མྱ་ངན་འདས་པའི་གོ་འཕང་ཡིན། །
དེ་གཉིས་ཁོ་ན་དེ་བཞིན་གཤེགས་པས་གསུངས། །
ལུང་རྟོགས་བཤད་སྒྲུབ་ཁོ་ནས་འཛིན་པའོ། །

གཏམ་རྣམས་བརྗོད་པ་རང་འདོད་ཕྱོགས་སུ་བསྔགས། །
དམིགས་ཡུལ་རྣམ་དག་ཕྱུག་པོའི་རྒྱུ་ལ་སྨོན། །
བྱ་བ་ཅི་བྱས་ཚེ་འདིར་ཁོ་ནར་བརྩོན། །
དེ་དག་ཀུན་ལ་དམ་ཆོས་སྐལ་བ་ཆད། །

བསླུ་མེད་སྐྱབས་གཅིག་ཤྰཀྱ་སེངྒེ་ཡིས། །
སྡེ་སྣོད་བཀའ་ལུང་ཟིན་པའི་བསྟན་བཤིག་ནི། །
བསྟན་པ་ཕྱི་ཡིས་མི་འཇིག་ནང་གིས་འཕུང་། །
ང་ཡིས་ཆས་གོས་གྱོན་པ་དག་ཡིན་གསུངས། །

དེང་དུས་ཆགས་འཇིག་ལས་ཀྱི་འཇིག་རྟེན་འདིར། །
བསྟན་འགྲོར་ཕན་བདེ་སྒྲུབ་འཁན་ཤིན་ཏུ་དཀོན། །
དམ་པའི་སྐྱེས་བུ་དམ་པའི་ཕ་སར་འགྲིམས། །
དམན་པའི་སྐྱེ་བོ་གྲགས་པའི་རྗེས་སུ་རྒྱུགས། །

བཟང་སྤྱད་ངན་སྤྱོད་ཕལ་ཆེར་གོ་ནོར་ཞིང་། །
ཁ་ཟས་བཟང་དཀོན་རེག་དུག་ཁ་དར་དུས་། །
ཆོས་སྐྱོང་སྲུང་མས་རི་རབ་ཕྱོགས་སུ་གཟིགས། །
ཆོས་མཛད་དམ་པ་ཕལ་ཆེར་དབུ་འཕང་དམའ། །

དཀོར་ནག་སྤྱོད་པའི་བླ་རྫུན་ཁྲེལ་མེད་དང་། །
ནོར་རིན་ཉོས་པའི་སྤྲུལ་རྫུན་རྟགས་ཡིག་ཅན། །
ཐོས་བསམ་མ་མྱོང་ཁ་བཏགས་མཁན་པོ་ཚོ། །
ང་ཡིས་དཔྱད་ན་བསྟན་པའི་ནང་བཤིག་རེད། །

ལས་འབྲས་མ་ཤེས་ལས་བྱེད་བསྐོས་བཞག་ཚོགས། །
བཤད་སྒྲུབ་མི་མཛད་རྒྱུ་ནོར་གསོག་འཇོག་འཁན། །
ཆོས་དོན་མི་ཤེས་འཇིག་རྟེན་ཁྲིམས་བཤད་དང་། །
གསེར་དངུལ་བསྟན་པའི་སྙིང་ནོར་བྱེད་རྣམས་འཁྲུལ། །

སྔོན་དུས་བཀའ་བསྟན་དྲི་མེད་ལུང་རིགས་དོན། །
ལུང་རྟོགས་བཤད་སྒྲུབ་དམ་པས་འཛིན་སྐྱོང་སྤེལ། །
དེང་དུས་ཕལ་ཆེར་རྒྱུ་ནོར་བསགས་བསྲུང་སྤེལ། །
ཁོ་བོས་བལྟས་ན་བསྟན་པའི་ཞབས་འདྲེན་ལགས། །

ངོ་ནས་མཐོང་ཚེ་གུས་ཁ་ལེགས་སོ་བགྲང་། །
ལྐོག་ནས་ལབ་ཚད་སྒྲོ་བཀུར་རི་ལུང་བསྐང་། །
ཁ་ཁོག་མ་ཚང་ཁ་མང་ཌྰ་རུ་མགོ །
དམ་ཆོས་འཆད་ཟེར་གཡོ་སྒྱུས་གཞན་མགོ་བསྐོར། །

དཔེར་ན་ནག་ཆུའི་འབྲི་མཁན་ཤེར་འོད་ཚོས། །
ནང་ཆེན་མགར་བླ་སངས་བསྟན་མགོ་སྐོར་བཞིན་། །
ཁ་བཤད་ཆོས་ཟེར་བསྒྲུབ་བྱ་འཇིག་རྟེན་པ། །
ལྟ་གྲུབ་མ་ཤེས་བསྟན་འཁྲུག་སློང་རྣམས་འཁྲུལ། །

ད་དུང་ངོ་ཚ་མེད་པའི་དྲེད་གདོང་ཚོས། །
ང་ཚོའི་བསྟན་པའི་ལྷག་ཅིག་མེད་ཅེས་བརྗོད། །
དོར་རྒྱལ་ཚོགས་པས་རྩ་གསུམ་ངོ་བོ་ཀུན། །
སྨོན་ལོག་དམ་ཉམས་གཅིག་ལ་འདུས་སོ་ཟེར། །

ལྟ་ལོག་མ་ཤེས་ཕྱི་ལོག་ནང་ལོག་འདོད། །
ངེས་ཤེས་མ་སྐྱེས་ནང་ཆོས་སྐྱོན་ལྟ་འཁན། །
ཐབས་ཤེས་མ་གོ་རང་རིགས་མགོ་རུལ་ཚོར། །
ཆོས་སྐྱོན་མ་རེད་གང་ཟག་སྒེར་སྐྱོན་ལགས། །

སྒེར་སྐྱོན་སྤྱི་ལ་མ་གཡོག་གཟུར་གནས་ཚོ། །
སྤྱི་སྐྱོན་སྒེར་ལ་མ་བརྗོད་སྨྲ་མཁས་ཚོ། །
ལེགས་ཆོས་རྫུན་ཆོས་ལེགས་པར་ཤན་འགྱེད་ནས། །
ལེགས་བཤད་དམ་ཆོས་རྣལ་འབྱོར་བརྩོན་པར་མཛོད། །

ལེགས་སྤྱོད་མཛད་རྣམས་ཐར་བའི་བཙན་སར་ཟིན། །
སྔོན་བྱོན་མཁས་གྲུབ་དམ་པའི་རྣམ་ཐར་བཞིན། །
ཉེས་སྤྱོད་ཆོས་ལ་ཁ་ཁྱེར་སྡིག་བསགས་པ། །
རང་གཞན་ཆོས་སྲིད་བརླགས་པའི་ལོ་རྒྱུས་བཞིན། །

བསྟན་འཛིན་གཞན་དོན་བཤད་སྒྲུབ་བསྟན་པ་སྤེལ། །
བསྟན་བཤིག་རང་དོན་ཆོས་བརྒྱད་གྲུབ་མཐའ་སྤེལ། །
བསྟན་པ་འཛིན་སྐྱོང་སྤེལ་བའི་ཁྱད་མཁྱེན་ནས། །
འཕགས་ནོར་བདུན་གྱིས་འགྲོ་ཀུན་ཕྱུག་གྱུར་ཅིག །

ཅེས་པའང་རབ་རྒྱན་ས་བྱིའི་ཟླ༡༢ཚེས༥བའམ་ཕྱི་ལོ་༢༠༠༩ ༡ ༣༡ཉིན་བཀའ་བརྒྱུད་མཁན་པོ་ཡེ་ཤེས་དང་ཚུལ་རྣམ་སོགས་ཀྱིས་ཟིན་བྲིས་ལས་བརྒྱུད་དེ་བསྐུལ་མ་ལ་བསྟེན་ནས་ངེས་དོན་སངས་རྒྱས་ཡེ་ཤེས་ཀྱི་རིང་ལུགས་སྨྲ་བ་ཤྰཀྱའི་དགེ་སློང་བསྟན་འཛིན་དགེ་ལེགས་ཡར་འཕེལ་ཆོས་ཀྱི་རྒྱལ་མཚན་ནམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་ལྷོ་ཕྱོགས་ཨ་མེ་རི་ཀའི་ཨོ་རྒྱན་ཊིའི་ནའི་ཡུལ་དབུས་སངས་རྒྱས་ཡེ་ཤེས་ཆོས་ཚོགས་ལྔ་རིག་ནོར་བུའི་ལྡིང་ཁང་ནས་བྲིས་པ་ཤྲྰི་དྷརྨྰ་པ་ལ་བི་ཛ་ཡནྟུ།། །།

0 comments:

ཟིན་བྲིས་འཚོལ་ཡུལ