དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday, 2 May 2011
༄༅། །གངས་རིའི་སྙིང་ནོར་རིག་པའི་གཞུང་། །
ན་མོ་མ་ཧྰ་གུ་རུ་མ་ཎི་པདྨེ་ཡེ། །
གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་སུ། །
གངས་ཅན་སྒྲུབ་བརྒྱུད་ཤིང་རྟ་ཆེན་ཆེན་པོ་དགུ། །
གངས་ལྗོངས་རྨོངས་མུན་སེལ་བའི་གསལ་བྱེད་དུ། །
གངས་ལ་ཉི་མ་སྤྲོ་བཞིན་བྱོན་འདིར་རྒྱལ། །

བོད་རྒྱལ་རིམ་བྱོན་རྗེ་འབངས་ཐམས་ཅད་ནས། །
བོད་ཁམས་མདོ་དབུས་ཁམས་སུ་ལེགས་བརྒྱུད་པའི། །
བོད་པའི་ཆེ་ཆུང་བཅུ་ཕྲག་རིག་གཞུང་ཉིད། །
བོད་རིགས་སྐྱེ་འཕགས་ཀུན་གྱིས་འཛིན་སྐྱོང་སྤེལ། །

ཞང་བོན་ཆོས་བློན་ཐོན་མི་བེེ་རོ་དང་། །
སྐ་ཅོག་ཞིང་གསུམ་གནུབས་ཆེན་རིན་བཟང་པོ། །
རོང་ཟོམ་པཎ་ཆེན་རྔོག་ལོ་ས་པཎ་རྗེ་། །
བུ་སྟོན་བཅས་པས་བཤད་བརྒྱུད་ཀ་ཆེན་བཙུགས། །

ལོག་རྟོག་ཚར་གཅོད་སྒྲ་ཚད་རིག་པའི་གཞུང་། །
དཀར་རྩིས་སྙན་ངག་སྡེབ་ཟློས་མངོན་བརྗོད་དང་།
གཞན་དག་རྗེས་འཛིན་བཟོ་དང་གསོ་བའི་གཞུང་། །
ཀུན་ཤེས་ནང་དོན་མདོ་སྔགས་ལྟ་གྲུབ་མཆིས། །

བོན་པོ་རྙིང་མ་བཀའ་གདམས་བཀའ་བརྒྱུད་དང་། །
ས་སྐྱ་དགེ་ལུགས་ཞི་བྱེད་དུས་འཁོར་ལོ། །
བསྙེན་བསྒྲུབ་པ་དང་སྒྲུབ་བརྒྱུད་ཤིང་རྟ་དགུའི། །
གཞི་ལམ་འབྲས་བུའི་རྣམ་བཞག་རྒྱ་ཆེར་དར། །

འཁོར་བར་ངེས་པར་འབྱུང་བའི་ཞེན་ལོག་དང་། །
གཞན་ཕན་རྣམ་དག་སྒྲུབ་པའི་བྱང་ཆུབ་སེམས། །
སྣང་སྲིད་རྣམ་དག་དག་མཉམ་བཟང་ངན་གྱིས། །
སོར་བྱང་སྔགས་རྒྱུད་ཐེག་པ་རིམ་དགུར་བྱུང་། །

ལྟ་བས་བདག་མེད་གཏན་ལ་འབེབས་པ་དང་། །
བསྒོམ་པས་ཞི་གནས་བསམ་གཏན་གོམས་པ་དང་། །
སྤྱོད་པས་ལས་འབྲས་བསླུ་མེད་ཉམས་ལེན་མཛད། །
འབྲས་བུ་རབ་འབྲིང་ཐ་མའི་གྲུབ་པ་ཐོབ། །

རིས་ཅན་བཟུང་ན་རིག་པའི་རྣམ་དཔྱོད་འགགས། །
རིས་མེད་གྲུབ་མཐས་རིག་པའི་བཙན་ས་ཟིན། །
རིས་ཅན་གང་ཟག་མིག་སེར་རྨོངས་པའི་བློ། །
རིས་མེད་བསྟན་འཛིན་རྒྱལ་བའི་རྒྱལ་ཚབ་ལགས། །

བོད་བརྒྱུད་ལྷག་བསམ་ཅན་གྱི་བོད་པ་ངས། །
བོད་བརྒྱུད་མཛད་རྗེས་ཆེ་བའི་བོད་ཡུལ་ཁྲོད། །
བོད་རིགས་རྒྱུད་འཛིན་རྣལ་འབྱོར་མི་ཉམས་ཕྱིར། །
བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་གསར་དུ་འཛུགས། །

བོད་ཀུན་ཤ་ཁྲག་གཅིག་པའི་རྒྱུད་པ་ལ། །
བོད་མིའི་རིག་གཞུང་དཔལ་ཡོན་ཐབས་ཤེས་གཏེར། །
ལྷག་པའི་གོ་ལའི་ཁྱོན་དུ་རྨད་བྱུང་བ། །
ཡིད་བཞིན་ནོར་བུའི་མཛོད་འདི་སྲིད་པའི་མིག །

མིག་བཟང་རང་ལ་ཡོད་པར་དོན་མ་མཐོང་། །
མིག་སེར་སྐྱེ་བོའི་གྲལ་ནས་ལམ་སྟོན་འཁན། །
མིག་མེད་དེད་དཔོན་འདོད་རྣམས་ཤིན་ཏུ་འཁྲུལ། །
མིག་བཟང་རང་གི་རིག་གཞུང་བརྩོན་ན་ལེགས། །

སྲིད་གསུམ་ཆགས་གནས་འཇིག་སྟོང་ལོ་རྒྱུས་བཞིན། །
སྲིད་པའི་གངས་དཀར་ཆགས་པ་ནས་བཟུང་སྟེ། །
སྲིད་འདིར་སྐྱེ་དགུའི་འགྲོ་བ་རིམ་གྱིས་སྤྲུལ། །
སྲིད་ན་དཀོན་པའི་འཕགས་ཆེན་ཞིང་ཁམས་གྲུབ། །

ཕྱི་སྣོད་གངས་རིའི་ཕྲེང་བས་མུ་ཁྱུད་དབུས། །
ནང་བཅུད་འཕགས་མཆོག་དགེ་འདུན་རྣལ་འབྱོར་ཚོགས། །
གསང་བ་བླ་མེད་ཐེག་པའི་གདུལ་ཞིང་འདིར། །
ཡང་གསང་དེ་ཉིད་ཚེ་འདིར་རྟོགས་པར་རྨད། །

ཨེ་མ་བདག་ཅག་བོད་རྣམས་སྐལ་བ་བཟང་། །
བླ་མ་ཀུན་འདུས་པདྨ་འབྱུང་གནས་དཔལ། །
ཡི་དམ་ལྷ་མཆོག་འཕགས་པ་སྤྱན་རས་གཟིགས། །
མཁའ་འགྲོ་གཅིག་ཆོག་རྗེ་བཙུན་སྒྲོལ་མས་སྐྱབས། །

སྣོད་བཅུད་དག་མཉམ་ཁ་བའི་དཀྱིལ་འཁོར་དུ་། །
རྒྱ་དམར་དུ་ཁའི་ཉེར་འཚེས་མེ་རླུང་ཚོགས། །
ཀུན་ཞི་ཕན་བདེའི་ཆུ་ཤེལ་དབང་པོ་ཉིད། །
འཛམ་གླིང་ནོར་འཛིན་བརྒྱན་དུ་མཛེས་གྱུར་ཅིག །

གང་ཟག་མཐོ་དམན་བར་མའི་གངས་ཅན་ཚོས། །
གངས་རིའི་གཏེར་མཛོད་ཀུན་གྱིས་འཛིན་སྐྱོང་སྤེལ། །
གངས་ལྗོངས་ཆོས་ནོར་རིག་པའི་སྨན་ཆེན་པོས། །
མཐའ་ཡས་འགྲོ་ཀུན་མ་ལུས་སྨིན་གྲོལ་ཤོག །
ཅེས་པའང་རབ་རྒྱན་ས་བྱིའི་རྒྱལ་ཟླའི་དགའ་བ་དང་པོའམ་ཕྱི་ལོ་༢༠༠༩ ༡ ༢༧་པར་གངས་ཅན་པ་ཚོའི་ལོ་རྒྱུས་དང་ཆོས་ལུགས་ཇི་ལྟར་འཛིན་སྐྱོང་སྤེལ་དགོས་ཞེས་ཡང་ཡང་དུ་བརྡ་སྤྲོད་སྨྲ་བའི་གངས་ཕྲུག་འོད་གསལ་ལྷུན་གྲུབ་དང་དབྱིན་གོ་བ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་གི་སྤྱི་མགྲིན་ནས་བསྐུལ་ངོར་ཚོགས་བཤད་དུ་སྤེལ་བ་དག་ཚིགས་བཅད་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་སྨོན་པ་ཤྲྰི་སརྦ་ཀེ་ལ་ཤ་དྷརྨྰ་ལོ་ཀ་བི་ཛ་ཡནྟུ། །

0 comments:

ཟིན་བྲིས་འཚོལ་ཡུལ