དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday, 2 May 2011
༄༅། །རྡོ་རྗེ་འཆང་གི་སྤྲུལ་སྐུའི་དོགས་གཅོད་བློ་ལྡན་འོད་སྣང་ཞེས་བྱ་བ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ས་ཏྭ་ཡེ། །
གཟུར་གནས་ཉི་མ་ནུབ་པའི་ཉིན་མོ་ཞིག །
བློ་ལྡན་ཟླ་བ་མ་ཤར་མཚན་ནག་ཁྲོད། །
དོན་གཉེར་སྐར་ཚོགས་སྤྲིན་གྱིས་སྒྲིབ་པའི་སྐབས། །
ལྷག་བསམ་སྲིན་བུ་མེ་ཁྱེར་སྣང་བ་སྤྲོ། །

ལེགས་སོ་ལེགས་སོ་དབུས་པོ་ཤིན་ཏུ་ལེགས། །
ལེགས་དཔྱད་དྭོགས་པར་ཟ་བ་མཆོག་ཏུ་ལེགས། །
ལེགས་པའི་རེ་བསྐུལ་གནང་བ་རྟག་ཏུ་ལེགས། །
ལེགས་དཔྱད་དོན་བཞིན་བསྒྲུབ་ན་ཀུན་ཏུ་ལེགས། །

བདག་ཅག་སྟོན་པས་ང་ཡི་བསྟན་པ་ལ། །
འདོད་ཡོན་བདུད་ཀྱི་གནོད་པ་འབྱུང་ཞེས་གསུངས། །
དྲན་ཤེས་བག་ཡོད་གཞི་ཕྱིས་གྲོས་མཐུན་ན། །
འདི་འདྲའི་གཏམ་ངན་མི་ཁ་ཡོང་དོན་མེད། །

རྒྱུ་ནག་རིག་དུས་ཐམས་ཅད་མྱིག་ནག་བཙིམས། །
རྐུན་ནག་སྐུ་ཚོང་ནག་ཚོང་སྤྲུལ་སྐུ་ཟེར། །
ཆོས་ཚོང་བླ་བཙོང་སྤྲུལ་སྐུ་ཆོས་སྐུ་ཚོ། །
ཚོ་དྲུག་སྡེ་བས་མཐོང་ཚེ་ངོ་རེ་ཚ། །

ར་མགོ་ས་མགོའི་དག་ཆ་མ་ནོར་བར་། །
ཐ་སྙད་ཚད་མས་གཞལ་ཡང་མི་གནོད་པ། །
དོན་དམ་གནས་ལུགས་མཇལ་བའི་སྐྱབས་མགོན་ཚོས། །
བསྟན་འགྲོར་ཕན་པའི་ངོས་འཛིན་གནང་རོགས་ཞུ། །

རྐུན་ནག་སྐུ་ཚོང་བླ་གཙོང་བླ་སྤྲུལ་ཟེར། །
བླ་སྤྲུལ་མ་རེད་བླ་རྫུན་ཁྲམ་པ་རེད། །
རྐུན་མ་ཁྲམ་པ་སྤྲུལ་སྐུ་མ་སེམས་པར་། །
མཆོག་གསུམ་བདེན་དཔུང་བཅས་ཏེ་བདེན་ཐག་མཛོད། །

ཆོས་སྐུའི་དོན་རྟོགས་ལོངས་སྐུའི་ཞིང་ཁམས་སྦྱངས། །
སྤྲུལ་སྐུས་བསྟན་དང་འགྲོ་བའི་དོན་སྒྲུབ་བསྔགས། །
སྤྲུལ་མིང་རྒྱུས་ཉོ་ལྷ་མིང་ལོངས་སུ་སྤྱོད། །
ཆོས་སྐུ་བརྟགས་ཀྱང་ཆོམ་རྐུན་བདུད་སྤྲུལ་ལགས། །

བཀའ་བསྟན་མཐུན་པའི་བརྟག་དཔྱོད་ཡང་ཡང་དགོས། །
བདག་ཅག་སྟོན་པས་གསེར་བཟང་དཔེ་ཡིས་བསྟན། །
ཆོས་མཐུན་སྤྱོད་ན་ལོག་ཆོས་རིམ་གྱིས་འགྲིབ། །
བརྟག་པར་དོན་ལྡན་བསྟན་འགྲོར་ཕན་བདེ་འགྱུར། །

ཟེར་ཚད་ཁ་ལ་ཉན་ན་ཚེ་འདིར་ཕུང་། །
དམིགས་ཚད་རྒྱུ་ལ་སོང་ན་ཕྱི་མར་ཕུང་། །
རང་མགོ་གཞན་གྱིས་གཡོག་ན་གནས་སྐབས་ཙམ། །
རང་མགོ་རང་གི་སྐོར་ན་མཐར་ཐུག་བརླག །

ཟེར་བའི་དཔེ་བཞིན་དེང་དུས་འདི་འདྲ་དག །
རྡོ་རྗེ་ཟེར་ཀྱང་རྡོ་ལོག་སེམས་མེད་བཞིན། །
འཆང་ཆེན་ཆགས་སྡང་རྨོངས་ཚོགས་རྒྱས་པ་རྣམས། །
སྤྲུལ་སྐུའི་བརྟག་ཡིག་སྟོང་གིས་བརྒྱབ་སྐྱོར་ཡང་། །

ཆོས་མཐུན་ལུང་རིགས་དཔྱད་པས་ཚར་གཅོད་ན། །
ཆོས་དང་འཇིག་རྟེན་རྐུན་མ་རྫུན་མ་མེད། །
ཆོས་ཀྱི་བདེན་སྨྲ་ཆོས་མིན་སྤྱོད་པ་བྲལ། །
ཆོས་སྲིད་འགལ་མེད་དྲང་བདེན་དཔལ་ལ་སྤྱོད། །

དགེ་ལུགས་ཡིན་ཟེར་སྡིག་ལུགས་རྒྱལ་ངན་སྒྲུབ། །
ས་སྐྱའི་ས་ཡིག་རྐུ་རྫུན་སྤྲུལ་རྟགས་བཀོད། །
ཀརྨས་ཀརྨ་ཁྱད་གསོད་བླ་འཁྲུག་སློང་། །
རྙིང་མས་རྟོག་ཆོས་གཏེར་ཆོས་མ་ཤེས་ན། །

རྙིང་མས་རྟོག་བཟོས་སྤྲུལ་རྟགས་མཚམས་འཇོག་དང་། །
ཀརྨས་བསྟན་འཁྲུག་དམག་ཇག་ཞི་མཐུན་བྱས། །
ས་སྐྱས་ས་ཡིག་དོན་མེད་བེད་བྱེད་སྤངས་། །
དགེ་ལུགས་ཆོས་ལུགས་རྣལ་མ་རྟག་འབད་ན། །

རྫོགས་ཆེན་བསྟན་པའི་ཉི་མ་སྔར་བཞིན་གསལ། །
ཕྱག་ཆེན་ལྟ་གྲུབ་ཟླ་བ་གསར་དུ་ཚེས། །
ལམ་འབྲས་བསྒོམ་རིམ་སྐར་ཚོགས་རབ་ཏུ་བཀྲ།
གཞི་ལམ་འབྲས་བུའི་འོད་སྣང་འབུམ་དུ་འཇོ། །

རྒྱ་བླས་རྒྱུ་ཐོབ་འདོད་པའི་ཆགས་པ་གཅིག །
བོད་བླས་མགོ་གནོན་འོང་བའི་སྡང་པ་གཉིས། །
དབྱིན་བླས་ཆོས་ཚོང་གཉེར་བའི་གཏི་མུག་གསུམ། །
མ་བྱས་བདེན་དྲང་ལམ་ནས་གཏམ་འདི་རྡོལ། །

རྒྱུ་དུས་དེ་དུས་དེ་དུས་ཀུན་སློང་མི་ཤེས་མོད། །
ལེགས་བཤད་ཆོས་དང་མཐུན་པའི་དྭོགས་དཔྱད་འདི། །
མཐོང་ཚེ་ཅོལ་ཆུང་མགྲིན་བཟང་དབང་པོ་ངས། །
ཁ་ཁོག་ཚང་པའི་རེ་བ་སྙིང་ནས་ཞུས། །

སྤྲང་པོ་དབུས་པོས་རྒྱ་བླའི་དྭོགས་དཔྱད་གཅིག །
ཕྱག་མཛོད་སྟོབས་དགས་ཀུན་རྟོག་རི་མོ་གསུམ། །
དགེ་ཆོས་མཁས་པས་བོད་ཆོས་བསམ་པ་གསུམ། །
འགྱོད་པ་ཕྱི་ནས་མ་སྐྱེ་གངས་ཅན་ཚོ། །

ཉེས་འགལ་ཅི་མཆིས་ཡེ་ཤེས་ལྷ་ལ་བཤགས། །
དགེ་བས་བསྟན་སྲིད་མི་ནུབ་རྒྱལ་མཚན་བརྟན། །
བསྟན་འཛིན་དམ་པས་ཐུགས་བཞེད་གེགས་མེད་འགྲུབ། །
གངས་ལྗོངས་སྐྱིད་པའི་ཉི་མ་རྟག་རོལ་སྨོན། །
ཞེས་པའང་རབ་རྒྱན་ས་བྱི་ཟླ་ཚེས་སམ་ཕྱི་ལོ་༢༠༠༩ ༢ ༡༧ ཉིན་བྱང་ཨ་རའི་ཆོས་ཀྱི་གྲགས་པའི་ཆོགས་ཚོགས་སམ་དྲི་མེད་ཟླ་བའི་རི་ཁྲོད་ནས་འདི་འདྲ་བའི་དྭོགས་པ་ཟ་མཁན་ཚོ་དང་ཅི་ཡང་མི་ཤེས་མཁན་དུ་མས་དངོས་ནས་གྲགས་པའི་རྗེས་སུ་རྒྱུགས་མཁན་རྣམས་ལ་ཅུང་ཙམ་ཕན་དུ་རེ་ནས་རང་ལ་ཁ་སྨྲས་དང་ཚིག་ངན་ལ་མ་སེམས་པར་གངས་ཅན་པ་ཚོ་ལ་ལྷག་བསམ་དག་པས་ཅི་དྲན་དུ་རིག་འཕྲུལ་མཛུབ་རྩིས་ལམ་དུ་དཔལ་དགྱེས་པ་རྡོ་རྗེས་སྨིན་དབུས་པོ་ལ་གུས་ཕུལ།།

0 comments:

ཟིན་བྲིས་འཚོལ་ཡུལ