དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 7 May 2011
གྲུབ་མཐའ་རིས་མེད་བཞུགས་སོ། །
འཇམ་མགོན་མི་ཕམ་རིན་པོ་ཆེ། །
ན་མོ་མཉྫུ་ཤྲྰི་ཡེ། རྒྱལ་བ་ཉིད་ཀྱི་ཕྲིན་ལས་དང་། །རྒྱལ་སྲས་རྣམས་ཀྱི་ཐབས་མཁས་ལས། །རྒྱལ་བསྟན་གསར་རྙིང་ཐ་སྙད་བཞི། །རྒྱལ་ཐབས་ལེགས་མཛད་ཆེ་རྣམས་རྒྱལ། །དེ་ལ་མདོ་ཡི་བཀའ་བབ་དགེ་ལྡན་པ། །སྔགས་ཀྱི་བཀའ་བབ་རྙིང་མ་པ། །བཤད་པའི་བཀའ་བབ་ས་སྐྱ་པ། །སྒྲུབ་པའི་བཀའ་བབ་བཀའ་བརྒྱུད་པ། །མཁྱེན་པའི་དབང་ཕྱུག་ས་སྐྱ་པ། །སྨྲ་བའི་དབང་ཕྱུག་དགེ་ལྡན་པ། །རྟོགས་པའི་དབང་ཕྱུག་བཀའ་བརྒྱུད་པ། །ནུས་པའི་དབང་ཕྱུག་རྙིང་མ་པ། །ངོ་མཚར་ཆེའོ་བཀའ་བབ་བཞི། །ལྟ་བ་མཐའ་བྲལ་རྙིང་མ་པ། །སྒོམ་པ་ནན་ཏན་བཀའ་བརྒྱུད་པ། །སྤྱོད་པ་ཕུན་ཚོགས་དགེ་ལྡན་པ། །བསྙེན་སྒྲུབ་ཆོས་སྤྱོད་ས་སྐྱ་པ། །ཀུན་ལའང་ཐམས་ཅད་ཚད་མེད་ཀྱང་། །རང་རང་བརྟུལ་ཞུགས་རྩལ་ཏུ་འདོན། །རྙིང་མའི་འདོན་པ་སྣ་ནས་འདོན། །ས་སྐྱའི་འདོན་པ་མཆུ་ནས་བསྒྲགས། །དགེ་ལྡན་མགྲིན་པའི་སྒྲ་གདངས་གཙོ། །བཀའ་བརྒྱུད་གྲེ་ཕུག་བསྒྲིམས་ནས་འདོན། །དགེ་ལྡན་པ་རྣམས་གཞུང་ལམ་རྫོགས་པས་བསྟན་པའི་ལུས་དང་འདྲ། །ས་སྐྱ་པ་རྣམས་མདོ་སྔགས་ཟུང་དུ་འབྲེལ་བས་བསྟན་པའི་མིག་དང་འདྲ། །བཀའ་བརྒྱུད་པ་མོས་གུས་ཉམས་ལེན་ཆིག་དྲིལ་བྱེད་པས་བསྟན་པའི་སྙིང་དང་འདྲ། རྙིང་མ་པ་རྒྱུད་སྡེ་དང་སྒྲུབ་སྡེའི་ཟབ་གནད་ཡོད་པས་བསྟན་པའི་སྲོག་དང་འདྲ། །བཞད་གད་ཀྱི་གཏམ་བྱས་ན། རྙིང་མ་པ་འོད་གསལ་རྫོགས་པ་ཆེན་པོའི་ཕྱིའི་ལས་རྒྱ་ལ་མི་ལྟོས་པར་རྡོ་རྗེ་འཆང་སྒྲུབ་པའི་ལམ་ཡོད་པར་ཁས་ལེན་བཞིན། བླ་མ་སྐུ་ཚེ་རིང་བ་དང་། སྤྱན་གསལ་བ་དང་། བསྙུང་མེད་པ་གཏེར་སྟོན་གྱི་འགྲོ་ཕན། བསྟན་པ་སེམས་ཅན་གྱི་དོན་འགྲུབ་ཆེད། བླ་མ་རྣམས་བུད་མེད་བསྟེན་དགོས་ཟེར། བསྟན་འགྲོའི་དོན་སྒྲུབ་པ་དང་། བཤད་སྒྲུབ་ཀྱི་གོ་དེས་ཆོད་པ་དང་། སྤྱན་གསལ་བ་སོགས་ཀྱི་རྒྱུ་དེ་ཡིན་པ་ངོ་མཚར་ཆེ་སྙམ། དགེ་ལྡན་པ་སྲིད་པའི་སྡུག་བསྔལ་ཀུན་གྱི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཡིན་པར་འདོད་བཞིན་བདག་མེད་རྟོགས་ལ་ཁད་ཀྱི་དུས་སུ་བདག་ཆད་དུ་དྭོགས་པས་འཇིགས་སྐྲག་སྟན་གྱི་སྟེང་དུ་སྡོད་མི་ཚུགས་པ་བཞིན་འོང་ཟེར། སྔར་མཐོང་ལམ་ཐོབ་དུས་དང་དེའི་སྔར་བདག་མེད་ལ་གསལ་སྣང་སྐྱེ་བར་ཕྱོགས་ཚེ་དགའ་བ་ཁྱད་པར་ཅན་སྐྱེ་བའི་ཚོད་རེད། ད་ལྟ་དུས་ངན་པས་ཡིན་ནམ་མཚར་སྙམ། ས་སྐྱ་པ་རྣམས་ཀུན་སྤྱོད་ལ་མི་ལྟོས་པར་ནང་གི་ནང་གི་ཡེ་ཤེས་གཙོ་བོ་འདོད་པའི་བླ་མེད་ཁས་ལེན་བཞིན། ལམ་དུས་ཁ་ཏོན་འདོན་སྐབས་སྟན་ལས་ལྡང་ན་དམ་ལས་འདས་པས་མི་ལྡང་བའི་བརྟུལ་ཞུགས་འཛིན་ཅིང་ཆེད་དུ་ལང་དགོས་ན་སྟན་དང་མ་བྲལ་བ་ཙམ་དུ་སྒུར་སྒུར་དང་གོག་གོད་བྱེད་སྣང་། དེ་འདྲ་དུས་དང་ལུས་ཀྱི་འདག་གྲོལ་འགའ་ཞིག་ཡོད། གལ་ཏེ་ཡར་བཞེངས་ན་ཅི་འགྱུར་སྙམ། བཀའ་བརྒྱུད་པ་ཕྱག་རྒྱ་ཆེན་པོ་འཁོར་འདས་ཀུན་ཁྱབ་ཀྱི་ཡེ་ཤེས་འདོད་བཞིན། ཕྱག་རྒྱའི་སྒྲ་རྐང་ལག་གི་ཟླས་ཕྱེས་པའི་ལག་པ་ལ་སྒྲ་བཤད་མཛད། དེ་འདྲའི་ལག་པ་ཆེན་པོ་དེ་ཅི་འདྲ་ཞིག་ཡོད། གལ་སྲིད་མཐོང་ན་ཡ་མཚན་སྙམ་མོ། །ཨ་ཧི། དེ་དག་རྩེད་མོ་ཡིན། དམ་པ་རྣམས་ཀྱི་གསུངས་ལ་དོན་ཆེན་པོ། གསར་རྙིང་སོ་སོའི་དགོངས་པ་ལ་གནད་རེ་ཡོད་པར་འདུག་གོ ཡང་རྙིང་མ་ཕལ་ཆེར་ནི། སྲོག་གཅོད་ལ་འཛེམས་པ་ཡོད་ཀྱང་བུད་མེད་ནི་ལར་སྤང་བྱ་མིན་པར་རློམས། སྔགས་པ་མཚན་ཉིད་པ་ཡིན་ན་སྐྱབས་སུ་མཆི། སྤྱིར་ནི་འདོད་ཆགས་འདིས་རྙིང་མའི་བསྟན་པ་ལ་འཚེ་བས་གཟབ་འཚལ། །བཀའ་བརྒྱུད་ཕལ་ཆེར་བཤད་པ་དང་ཚད་མ་ལ་སྡང་། སེམས་ཆིག་དེད་ལ་དགའ། རྟོགས་གྲོལ་དུས་མཉམ་རྣམས་ནི་སྐྱབས་སུ་མཆི། །སྤྱིར་ནི་གཏི་མུག་འདིས་བཀའ་བརྒྱུད་བསྟན་པ་ལ་འཚེ་བས་སྤང་། དགེ་ལྡན་པ་ཕལ་ཆེ་བསར་སྲོག་གཅོད་ལྷུར་ལེན་པ་ལ་སྐྱོན་དུ་མི་ལྟ་བས་ཞེ་སྡང་འདིས་དགེ་ལྡན་བསྟན་པ་ལ་འཚེ་བས་གཟབ་འཚལ། །ས་སྐྱ་ཕལ་ཆེར་དབང་ཁྲ
ིད་ཐོབ་ཙམ་དང་ས་ངུར་སོགས་རང་ལུགས་བྱེ་བྲག་རེ་ལ་མཆོག་འཛིན་ཆེ་བས། ཕྱོགས་རིས་མཆོག་འཛིན་འདིས་ས་བསྟན་ལ་འཚེ་བས་སྤང་། བསྟན་པ་སྤྱི་ལ་རང་ཕྱོགས་ལ་ཞེན་པ་ཡོད་ཀྱང་། གཞན་ཕྱོགས་ལ་སྡང་བ་མེད་པ་ཞིག་གལ་ཆེ་སྟེ། དེ་ཡང་རང་ཕྱོགས་ལ་བསམ་ན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཁོ་ནའི་རྗེས་འཇུག་ཡིན་པས་གཅིག་ལ་གཅིག་སྙིང་ཉེ་བའི་འདུ་ཤེས་དང་། བསྟན་པའི་གྲུབ་མཐའ་ཡང་མཁན་སློབ་ཆོས་གསུམ་གྱི་དུས་ནས་བརྩམས། སྔོན་གྱི་ཕྱག་རྗེས་བཟང་པོ་ལས་བོད་འདིར་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པར་མཚུངས་པ་ཙམ་དུ་མ་ཟད། སྟོང་ཉིད་སྤྲོས་བྲལ་ཆེན་པོ་ཁས་ལེན་པ་དང་། དེར་མ་ཟད་བདེ་སྟོང་ཟུང་འཇུག་སྔགས་ཀྱི་ཐེག་པར་ཁས་འཆེ་བ་ཤ་སྟག་ཡིན་པས། དོན་དུ་ལྟ་བ་གྲུབ་མཐའ་མཚུངས་པས་ཆེས་ཉེ་བ་དང་། གཞན་ཕྱོགས་ལ་བསམ་ན། ཕྱི་རོལ་བ་དང་། ཀླ་ཀློའི་རྟགས་དང་ཆ་ལུགས་ཙམ་ཡང་མི་མཐུན་པ་མཚན་སྐར་ལྟ་བུའི་ཉུང་ཤེས་འདི་ཡང་། བསྟན་པ་རྫོགས་ལ་ཁད་པའི་ལྷག་ཞབས་སུ། བསྟན་པ་གནས་ལ་དོན་མཐུན་དུ་ཞུགས་པ་རྣམས། ཆེས་ཤིན་ཏུ་ཉེ་བའི་བསྐྱེད་དགོས་ཏེ། ཕན་ཚུན་སྡང་བ་ནི་ཕུང་དཀྲོལ་ཆེ་བས། གཅིག་ལ་གཅིག་མས་བུ་མཐོང་བ་དང་། དབུལ་པོས་གཏེར་མཐོང་བ་ལྟར་དགའ་བའི་འདུ་ཤེས་བསྐྱེད་པར་བྱའོ། །སྟོན་པ་གཅིག་གི་རྗེས་ཞུགས་ནས། །བསྟན་པ་གཅིག་ལ་སློབ་པ་ཀུན། །ཞེན་ལྟའི་སྡང་མིག་སྤངས་བྱས་ནས། །དགའ་བའི་འཛུམ་གྱིས་འགྲོགས་གྱུར་ཅིག །བསྟན་པའི་དོན་དང་མཐུན་པའི་ཆ། །རང་གཞན་སུ་ལ་ཡོད་ཀྱང་སྒྲུབས། །དེ་མཐུས་གངས་རིའི་ཁྲོད་འདི་རུ། །སྒྲུབ་བརྒྱུད་རྒྱལ་ཐབས་ཆེན་པོ་བཞི། །ཆོས་ཀྱི་འབྱོར་པས་མཛེས་འབར་ཞིང་། །ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །ཅེས་ས་རྙིང་བཀའ་དགེ་བཞིའི་ཡིན་པ་ཡོད་པའི་མ་ཏིས་གྲོགས་ཀྱི་ངོར་རྩེད་མོའི་ཚུལ་དུ་བྲིས། །མངྒ་ལཾ།། །།

0 comments:

ཟིན་བྲིས་འཚོལ་ཡུལ