དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday, 2 May 2011
༄༅། །གནའ་དེང་གི་རིག་དང་མ་རིག །
ན་མོ་གུ་རུ་བུདྡྷྰ་ཛྙྰ་ན་ཡེ། །
མ་བཅོས་ཤེས་རབ་ཕར་ཕྱིན་ཆོས་དབྱིངས་ལས། །
མ་འགགས་ཐབས་མཆོག་སྣང་བའི་ཡི་དམ་ལྷ། །
མ་ལས་ཆེས་ལྷག་དཀོན་མཆོག་བཀའ་དྲིན་ཅན། །
མ་དག་ཞིང་གི་མགོན་ཁྱེད་ཡང་ཡང་དྲན། །
མ་རིག་གཞི་ནས་བྲལ་བ་གནའ་བོའི་གཤིས། །
མ་དག་ལོག་རྟོག་རྒྱས་པ་དེང་གི་དུས། །
མ་རྨོས་ལོ་ཏོག་འཁྲུངས་པ་གནའ་བོའི་གནས། །
མ་འབད་འབྲས་བུ་མི་འབྱུང་དེང་གི་སྐྱོན། །
མ་ལུས་དྲང་བདེན་སྨྲ་བ་གནའ་བོའི་མྱི། །
མ་རབས་སྣ་དགུ་བརྗོད་པ་དེང་གི་མི། །
མ་ཎི་འབྲུ་དྲུག་འདོན་པ་གནའ་བོའི་ཆོས། །
མ་ཎི་མི་མཁོ་ལབ་པ་དེང་གི་སྲོལ། །
མ་འབད་འགྲོ་དོན་འབྱུང་བ་གནའ་བོའི་རྗེ། །
མ་རབས་གཡོ་སྒྱུ་འབད་པ་དེང་གི་དཔོན། །
མ་བཅོས་དད་གུས་ཡོད་པ་གནའ་བོའི་གཤིས། །
མ་དད་ལོག་རྟོག་སྤེལ་བ་དེང་གི་ཚུལ། །
མ་རབས་ཡ་རབས་དཔྱད་པ་གནའ་བོའི་ལུགས། །
མ་བརྟག་མ་དཔྱད་རྒྱུག་པ་དེང་གི་ལུག །
མ་དག་འཁོར་བ་སྐྱོ་བ་གནའ་བོའི་དཔལ། །
མ་མཐོང་འཁོར་བ་དགའ་བ་དེང་གི་མཆེད། །
མ་མར་བྱམས་བརྩེ་ཆེན་པོ་གནའ་བོའི་སྤུན། །
མ་རྣམས་རང་དོན་གཉེར་བ་དེང་གི་གྲོགས། །
མ་རྟོག་དྲི་མ་ཀུན་སྤངས་གནའ་བོའི་གཟུངས། །
མ་དག་འཁོར་བ་སྒྲུབ་བྱེད་དེང་གི་སྔགས། །
མ་འོས་གཡང་དུ་ཆགས་པ་གནའ་བོའི་གཡང་། །
མ་རིག་ལོག་རྟོག་ཚོང་ལས་དེང་གི་ཆོས། །
མ་རིག་གཞི་བྲལ་སྤྲུལ་པ་གནའ་བོའི་སྤྲུལ། །
མ་དག་རྒྱུ་ནོར་སྤྲུལ་པ་དེང་གི་རྟགས། །
མ་བཅོས་ངེས་འབྱུང་འཁྲུངས་བ་གནའ་བོའི་གྲྭ། །
མ་ཤེས་ཁྱི་རྒྱུགས་ལུག་གྲོགས་དེང་གི་གོས། །
མ་ལུས་འགྲོ་བའི་སྐྱབས་མགོན་གནའ་བོའི་སྐྱབས། །
མ་རབས་ཡ་ས་འདོན་པ་དེང་གི་མགོན། །
མ་རིག་དུག་གསུམ་བྲལ་བ་གནའ་བོའི་རིགས། །
མ་རིག་དུག་ལྔར་སྤྱོད་པ་དེང་གི་རིགས། །
མ་གཅིག་སྤུན་ལྟར་བྱམས་བརྩེ་གནའ་བོའི་ཚོགས། །
ཕ་གསད་དགྲ་ལྟར་མཐོང་བ་དེང་གི་ཚོགས། །
ཡ་རབས་མ་ཤེས་མ་རབས་སྤེལ་བའི་ཚོགས། །
ཨ་ཁ་སྙིགས་ལྔའི་ཚོགས་པར་ཇི་ལྟར་བྱ། །

ཅེས་པའང་ཁ་བརྡའི་ཟིན་བྲིས་དག་མཐོང་བའི་རྐྱེན་ལས་ཅི་དྲན་དུ་ཤྲྰི་སྨྱོན་དགྱེས་པ་རྩལ་གྱིས་བུདྡྷྰ་ཛྙྰའི་ཡང་དབེན་དུ་རྣམ་རྟོག་གི་ཕྲེང་བ་ཞིག༢༠༠༩ ༥ ༡ བྲིས་པས་ཤྲྰི་སརྦ་བི་ཛ་ཡནྟུ།། །།

0 comments:

ཟིན་བྲིས་འཚོལ་ཡུལ