དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday, 8 June 2011
༄༅། །མཛངས་བླུན་མཛེས་མའི་ཁྱད་པར་དཔལ་ལྡན་མཁའ་འགྲོའི་ཞལ་ལུང་ཞེས་བྱ་བ། །
ན་མོ་གུ་རུ་དེ་ཝ་ཌྰཀྐི་ཡེ། །
མཁྱེན་བརྩེ་ནུས་པའི་མངའ་བདག་ཆོས་ཀྱི་རྗེ། །
ཕྱོགས་དུས་རྒྱལ་ཀུན་ལས་ལྷག་དྲིན་ཆེན་རྗེ། །
རྗེ་བཙུན་འཕགས་མ་སྒྲོལ་མ་ཐུགས་རྗེ་ཅན། །
རྒྱལ་ཡུམ་དབྱངས་ཅན་ལྷ་མོས་དགེ་ལེགས་སྩོལ། །
རིགས་བཟང་མཁའ་འགྲོར་དུང་བ་འདྲེན་པའི་ཕྱིར། །
མཛེས་མཛངས་བུ་མོའི་རྣམ་ཐར་དྲི་བྲལ་བ། །
རང་བློ་གང་ཤར་གསང་རྒྱ་མ་བྱས་པར། །
རིག་མ་དགྱེས་པའི་མཆོད་སྤྲིན་སྤྲོ་བར་བྱ། །
ལྷན་སྐྱེས་ཆོས་སྐུའི་མཁའ་འགྲོ་ཀུན་ཏུ་བཟང་། །
སྔགས་སྐྱེས་ལོངས་སྐུའི་མཁའ་འགྲོ་སྡེ་ལྔའི་གར། །
ཞིང་སྐྱེས་སྤྲུལ་སྐུའི་མཁའ་འགྲོ་བསམ་ཡས་པར། །
སྐུ་གསུམ་འཕགས་བཞིའི་ཡུམ་ཆེན་ཚོགས་ལ་འདུད། །
གནའ་དུས་བོད་མོ་ངོ་ཚ་བག་ཡོད་གནས། །
ཁྱད་པར་དེང་དུས་བག་མེད་གཅེར་རྒྱུག་མཁན། །
དྲན་ཤེས་བག་ཡོད་ཉམས་པའི་སྣང་མཐོ་ཚོ། །
མ་མེས་རིག་གཞུང་སོམས་ལ་བག་ཡོད་མཛོད། །
སྒྱུ་ལུས་ཕོ་ལས་དམན་པའི་ཟླ་མཚན་ཅན། །
མདོ་ལས་ཉེས་ལྟུང་འབྱུང་སྒོ་བུད་མེད་དང་། །
སྔགས་ལས་ཤེས་རབ་བདེ་བའི་ལྷ་ལྕམ་མོ། །
རྣམ་དཔྱོད་རིག་མའི་ངོ་ལ་ཁྱད་པར་མེད། །
འོན་ཀྱང་ལུས་སེམས་ངག་གི་མཛེས་མ་ལ། །
མི་འདྲ་རིགས་ནི་མང་དུ་མཆིས་ན་ཡང་། །
རིགས་བཞིའི་ནང་དུ་མ་འདུས་མེད་པར་གསུངས། །
པད་རི་ཅན་དང་དུང་ཅན་སྣ་ཚོགས་མ། །
པདྨ་ཅན་ནི་དཀར་གསལ་ཟླ་བའི་མདངས། །
ཞལ་མཛེས་མཛུམ་དྭངས་དབུ་སྐྲ་གནག་སྣུམ་རིང་། །
སྤྱན་ཁྲ་སྨིན་མ་སྟུག་ཅིང་མཚན་དཔེའི་གཟུགས། །
ཐབས་ཤེས་ཕུལ་བྱུང་ཡེ་ཤེས་མཚོ་རྒྱལ་བཞིན། །
རི་མོ་ཅན་ནི་ཐང་ཁའི་ལྷ་མོ་བཞིན། །
མཛེས་སྐུ་འཇམ་ཟླུམ་རྒྱག་སྐེམ་རན་པར་འཚམས། །
ཀུན་དགའི་ངོ་མཚར་གཏམ་དང་རིགས་བྱེད་མཁས། །
འདོད་ཆུང་ཆོག་ཤེས་སྣང་གསལ་འོད་འབུམ་བཞིན། །
དུང་ཅན་མ་ནི་ཕྲ་ལ་རིང་བའི་གཟུགས། །
ལྷན་སྐྱེས་གཟུངས་སྤོབས་བློ་གྲོས་རྒྱ་ཆེ་ཞིང་།
མགྲིན་བཟང་སྨྲ་མཁས་སྦས་གསང་མེད་པར་མཛའ། །
དམ་པ་སངས་རྒྱས་ཡུམ་ཆེན་མ་ཅིག་བཞིན། །
སྣ་ཚོགས་ཅན་མ་བོང་ཐུང་ཡན་ལག་སྦོམ། །
ཁ་སྣ་འཐུག་ཅིང་འཕོང་མགོ་གཞན་ལས་ཆེ། །
རང་འདོད་ཁོ་ནར་གཉེར་བའི་ལས་ལ་བྲེལ། །
འཁོར་འཛིན་རྒྱུད་སྤེལ་ཨ་ཕྱི་ཆོས་སྒྲོན་བཞིན། །
མཁའ་འགྲོ་ཡིན་ཡང་དེ་དག་གོ་རིམ་བཞིན། །
རབ་འབྲིང་ཐ་མ་ཡང་མཐའི་ཚད་དུ་ཡོད། །
ཞི་རྒྱས་དབང་དྲག་མཆོག་གི་མཁའ་འགྲོ་ཞེས། །
ཁམས་དབང་མོས་པའི་གྲངས་བཞིན་འགྲོ་རྣམས་འདུལ། །
བྱམས་བརྩེ་འགྱུར་མེད་ལྡན་པའི་དམ་གཙང་མ། །
དྲང་བདེན་བསླུ་མེད་མཁན་གྱི་མཛེས་མཛངས་མ། །
བཟང་ངན་ཤན་འབྱེད་མཁྱེན་པའི་བློ་ལྡན་མ། །
འཁོར་འདས་ས་ལམ་སྟོན་པའི་གྲོགས་ཀྱི་མཆོག །
དད་གུས་ཚུལ་ཁྲིམས་ལྡན་པའི་རིགས་བཟང་མ། །
དམ་ཆོས་དར་རྒྱས་བརྩོན་པའི་ནུས་ལྡན་མ། །
ཤེས་བྱའི་ལོ་འདས་རྒྱས་པའི་ཤེས་རབ་ཅན། །
མ་ལུས་འགྲོ་ལ་བྱམས་པའི་བྱང་སེམས་མ། །
མ་རབ་བུ་མོའི་འཁོར་དུ་སྐྱེ་བ་ན། །
ཚེ་འདིར་དོན་མེད་མི་ཚེའི་སྙིང་པོ་སྟོང་། །
ཕྱི་མ་དོན་མེད་ངན་སོང་སྡུག་བསྔལ་མྱོང་། །
ཆོས་དང་འཇིག་རྟེན་དབེན་པས་ཨ་ཙ་མ། །
འཁོར་ཞེན་ཆགས་པའི་བུ་མོ་གཡེམ་དགའ་མ། །
གཞན་སྡང་ཁྲོ་བའི་བུ་མོ་དམོད་བདོ་མ། །
མ་རིག་གཏི་མུག་བུ་མོ་གླན་ལྐུགས་མ། །
མིག་སེར་འདྲེ་གཟུགས་བུ་མོ་འཁོན་འཛིན་ཞེས། །
ཆགས་སྲེད་ཁོ་ནར་འདོད་པར་བྱ་འདྲ་བ། །
སྡང་སེམས་རྒྱུན་དུ་འཆང་བ་སྦྲུལ་གདུག་བཞིན། །
རྨོངས་སྤྱོད་ཟ་ཉལ་གཡེང་བར་གསོ་ཕག་ལྟར། །
འདི་ཕྱིར་བརླག་པའི་བུད་མེད་སྤོང་བར་མཛོད། །
སྨད་ཚོང་རེག་དུག་ཀླུ་གདོན་བསླུ་ཁྲིད་མཁན། །
ཁ་སྨྲས་མི་གཙང་ཡུལ་མི་དཀྲུག་ཤིང་མཁན། །
བཟའ་འཛིང་མི་ཚེ་སྡུག་གི་བཙོན་རར་མཁན། །
གཤིས་ངན་འདྲེ་མོའི་རིགས་དག་སྤོང་ན་ལེགས། །
ལྷ་འདྲེའི་བུ་མོ་གཞན་དུ་མ་འཚོལ་བར། །
རིགས་མཐུན་མི་མོའི་བཟང་ངན་ལེགས་མཁྱེན་ན། །
འཁོར་འདས་ལས་ཀྱི་བདེ་སྡུག་དེ་ན་ཡོད། །
རྣམ་དཔྱོད་ལྡན་པའི་གྲོགས་ཀྱིས་བརྟག་པར་འཚལ། །
ཞེས་པའང་བོད་ཀྱི་བུ་མོའི་མཛེས་མཛངས་ཡིན་མིན་གྱི་དབུ་རྒྱན་དང་ཧིན་སྒོར་ཆ་ཤས་ཀྱི་དོན་དུ་ཡ་རབ་སྲོལ་རྒྱུན་ལྡན་པའི་བོད་རིགས་ཀྱི་བུ་མོ་འགའ་ཞིག་གཅེར་བུ་བྱུང་ནས་རྡར་ས་ནས་དགོན་ཆུང་ཞིག་གི་དབྱར་གནས་ཀྱི་རྒྱང་རྒྱུ་ལྟ་བུ་ཞིག་ཚེས་པ་མཐོང་ནས་ཕ་མེས་གཤིས་བཟང་གི་གོམས་སྲོལ་ཉམས་པར་དྭོགས་ནས་གང་ཤར་དུ་ཤྲྰི་སྨྱོན་པས་དབྱིན་ཇིའི་རྒྱལ་ས་ལན་དྲོན་ནས་གླུ་རུ་བླངས་བར་དགེའོ། །

3 comments:

RI-ME Buddhista Centrum said...

ཇི་སྐད་བཟང་མཐསའ་སྨྲས་པ་དེ་བཞིན་དུ་། །
རིག་མ་ཚད་ལྡན་ཞིག་དང་འཕྲད་པར་ཤོག། །

RI-ME Buddhista Centrum said...

ཡིག་གཟུགས་དྲགས་ནས་ཡིག་དོར་སེལ་མ་ཐུབ་པར་དགོང་དགཞུ་རྒྱུ་ལགས། དགེ་བར་འགྱུར་ཅིག །

RI-ME Buddhista Centrum said...

ཡང་། ཆུང་དེ་ཆད་འདུག ཨ་ཁ་ང་།

ཟིན་བྲིས་འཚོལ་ཡུལ