དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 21 July 2011

༄༅། །གྲུབ་དབང་ལུང་རྟོགས་རྒྱལ་མཚན་གྱི་རྣམ་ཐར་དང་འདས་རྗེས་དྲི་མེད་ཟླ་བ་ཞེས་བྱ་བ། །

ན་མོ་གུ་རུ་པདྨ་ཀ་ར་ཡེ། །
ཆོས་དབྱིངས་དགོངས་པའི་ཀློང་ཆེན་རབ་འབྱམས་ཀུན། །
མཁྱེན་བརྩེ་རིག་པའི་འོད་གསལ་རྣལ་འབྱོར་པ། །
ལུང་རྟོགས་བསྟན་པའི་རྒྱལ་མཚན་རིན་ཆེན་ལ། །
སྒོ་གསུམ་མི་ཕྱེད་གུས་པས་གསོལ་བ་འདེབས། །
ལྟ་སྒོམ་སྤྱོད་འབྲས་ལྡན་པར་བྱིན་གྱིས་རློབས། །
ཀ་དག་ཁྲེགས་ཆོད་རང་ཞལ་མངོན་སུམ་མཐོང་། །
ལྷུན་གྲུབ་ཐོད་རྒལ་དགོངས་པའི་རྩལ་རྫོགས་པའི། །
ཡང་གསང་བསྟན་པའི་མངའ་བདག་སྐྱབས་གནས་རྗེ། །
འདྲེན་མཆོག་དཔལ་ལྡན་བླ་མ་གསོལ་བ་འདེབས། །
རྫོགས་ཆེན་གནས་ལུགས་རྟོགས་པར་ཐུགས་རྗེས་བཟུང་། །
ཕྱོགས་དུས་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །
ཁྱབ་བརྡལ་དག་མཉམ་རྗེ་བཙུན་འཇམ་དཔལ་དབྱངས། །
ངེས་དོན་ཆོས་ཀྱི་རྒྱལ་པོ་རཏྣ་གླིང་། །
བསམ་བཞིན་སྲིད་པར་བཟུང་ལ་གསོལ་བ་འདེབས། །
བཀའ་གཏེར་དགོངས་པ་རྟོགས་པར་བྱིན་གྱིས་རློབས། །
སྙིགས་ལྔའི་རྨོངས་པ་བསལ་ཕྱིར་སྙིང་རྗེའི་གར། །
ཆོས་ཀུན་མཉམ་པ་ཉིད་ཀྱི་གཞི་དབྱིངས་ལས། །
དོན་བརྒྱུད་ཐུགས་ཀྱི་བསྟན་པའི་ཤིང་རྟ་ཆེ། །
ཀུན་བཟང་ཐུགས་རྗེ་ཆེན་པོ་གསོལ་བ་འདེབས། །
ཕན་བདེའི་ལེགས་ཚོགས་འབྱུང་བར་བྱིན་གྱིས་རློབས། །
རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་མཐུ་སྟོབས་ཅན། །
ཞི་དྲག་ཐབས་མཁས་ཆེན་པོ་རྟུལ་ཞུགས་ཀྱིས། །
སྨིན་གྲོལ་གདམས་པའི་གཏེར་མཛོད་རྡོ་རྗེ་འཆང་། །
གསང་ཆེན་བསྟན་པའི་བདག་པོ་གསོལ་བ་འདེབས། །
འགྲོ་ཀུན་སྨིན་གྲོལ་ནུས་པར་བྱིན་གྱིས་རློབས། །
སྙིང་པོའི་དལ་འབྱོར་མི་ལུས་ལྷ་སྐུར་དག །
མི་རྟག་སྒྱུ་འཕྲུལ་རྟག་པ་ལོངས་སྤྱོད་རྫོགས། །
ལས་འབྲས་བསླུ་མེད་སྟོན་པས་སྐལ་བཟང་སྨིན། །
འདི་ཕྱིའི་གཏན་གྱི་སྐྱབས་གནས་གསོལ་བ་འདེབས། །
མི་ཚེ་དོན་དང་ལྡན་པར་བྱིན་གྱིས་རློབས། །
ལམ་འབྲས་ཐེག་པའི་ཆོས་ལ་ཐོས་བསམ་བྱས། །
ཀུན་མཁྱེན་བརྒྱུད་པའི་གཞུང་ལ་ཉམས་ལེན་མཛད། །
ཨ་རིག་གྲུབ་དབང་དགོངས་པ་རབ་མཉེས་པས། །
སྙིང་ཐིག་གདམས་པའི་ཕ་ནོར་ཁྱེད་ལ་བསྩལ། །
མཚན་ལྡན་བཤེས་གཉེན་དམ་པར་གསོལ་བ་འདེབས། །
ཟབ་དགུའི་གཏེར་ལ་དབང་བར་བྱིན་གྱིས་རློབས། །
ལམ་འབྲས་དབུ་མའི་ལྟ་བར་ངེས་ཤེས་འདྲོངས། །
ཕྱག་ཆེན་སྒོམ་སྒྲུབ་ཟབ་མོ་ཚུལ་བཞིན་མཛད། །
རྫོགས་ཆེན་བསྟན་པའི་བདག་པོ་སྙན་བརྒྱུད་པ། །
གྲུབ་དབང་ལུང་རྟོགས་རྒྱ་མཚོར་གསོལ་བ་འདེབས། །
རིས་མེད་རྒྱལ་བསྟན་ཟིན་པར་བྱིན་གྱིས་རློབས། །
རིན་ཆེན་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱངས་པས། །
ས་རྡོ་སེམས་ཅན་དག་པ་རབ་འབྱམས་ཤར། །
སྐུ་གསུམ་དག་པའི་ཞིང་གི་མགོན་དང་མཉམ། །
སྣང་བཞི་མཐར་ཕྱིན་བླ་མ་གསོལ་བ་འདེབས། ། །
རིག་འཛིན་ས་ལམ་མཐར་ཕྱིན་བྱིན་གྱིས་རློབས། །
སྔོན་བྱོན་དམ་པས་བརྩེ་བས་རྟག་ཏུ་བསྐྱངས། །
ད་ལྟའི་བསྟན་འཛིན་དབུས་ལ་ལྷམ་མེ་གསལ། །
མ་འོངས་བསམ་ཡས་སྤྲུལ་བའི་དེད་དཔོན་མཆོག །
དུས་གསུམ་རྒྱལ་བའི་དབང་པོར་གསོལ་བ་འདེབས། །
ཁམས་གསུམ་དོང་ནས་སྤྲུགས་པར་ཐུགས་རྗེས་བཟུང་། །
ཁྱད་པར་བླང་དོར་རྨོངས་པའི་འགྲོ་བ་ལ། །
ཐེག་རྩེའི་གསང་རྒྱ་གཏད་པའི་རྣལ་འབྱོར་པ། །
བཟོད་དཀའི་གདུང་བ་བསལ་བའི་ཟླ་གཞོན་ཉིད། །
རེ་ཞིག་མི་སྣང་སྒྲ་གཅན་ཁར་སོང་ཡང་། །
ཡང་སྲིད་འཁྲུལ་མེད་ཚུལ་བཞིན་འབྱུང་བར་ཤོག །
སྟོན་དང་བསྟན་པ་གཅིག་པའི་བླ་མ་རྗེ། །
གྲུབ་དབང་དམ་པ་ཁྱེད་དང་བདག་གཉིས་བར། །
ཆོས་མཆེད་ཟབ་མོའི་བརྩེ་དུང་ཤིན་ཏུ་ཟབ། །
ཟབ་དགུའི་གདམས་པ་གཅིག་ལ་ལོངས་སྤྱོད་ཕྱིར། །
སྙིང་གི་གསོལ་འདེབས་མགྲིན་པའི་ལམ་ནས་ཐལ། །
འདིར་སྨྲས་དགེ་བས་བསྟན་དང་འགྲོ་བ་ལ། །
ཕན་བདེའི་ལེགས་ཚོགས་ཡིད་བཞིན་འཇོ་བ་དང་། །
དམ་ཆོས་མི་ནུབ་འགྲོ་ཀུན་བདེ་ཞིང་འཚོ། །
ཀུན་ཀྱང་བྱང་ཆུབ་ལམ་ལ་རབ་བརྩོན་ནས། །
ཚེ་འདིར་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །
ཞེས་པའང་རབ་རྒྱན་ལྕགས་ཡོས་ཆུ་སྟོད་ཟླ་བའི་ཚེས་བཞིའམ་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་བཞིའ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན་ཉིན་མཁན་པོ་ཨ་ཁྱུག་འདས་འཕྲིན་མཐོང་བ་དང་སླར་ཡང་དྲན་པའི་གདུང་གསོལ་འདི་ཉིད་གང་དྲན་དུ་མཁན་ཆེན་བླ་མའམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་གསོལ་བ་འདེབས་པ་དགེའོ། །
བོད་བརྒྱུད་ཤྰཀྱའི་ཐུབ་བསྟན་རྒྱས་པའི་སྨོན་ལམ། །
འཇམ་དཔལ་དགྱེས་པའི་རྡོ་རྗེའི་མཁྱེན་རབ་དང་། །
འཕགས་མཆོག་ཕྱག་ན་པདྨོའི་སྒྱུ་འཕྲུལ་གར། །
གསང་ཆེན་བསྟན་པའི་བདག་པོ་རྡོ་རྗེ་འཛིན། །
དགེ་ལྡན་བསྟན་པའི་བདག་པོ་རྒྱལ་གྱུར་ཅིག །

འཇམ་དཔལ་སྤྲུལ་པ་བདུན་བརྒྱུད་ལམ་འབྲས་པ། །
ཀྱེ་རྡོར་གསང་ཆེན་བསྟན་པ་འཛིན་སྐྱོང་མཁན། །
རིགས་ཆོས་བརྒྱུད་པའི་བསྟན་སྲུང་ས་སྐྱོང་ཆེ། །
དཔལ་ལྡན་ས་སྐྱའི་བསྟན་པ་རྒྱལ་གྱུར་ཅིག །

རྡོ་རྗེ་འཆང་དབང་ཏེ་ལོ་ནྰ་རོ་པ། །
མར་མི་དྭགས་པོ་ནས་བརྒྱུད་བཀའ་ཕྱག་ཟུང་། །
དགྱེས་རྡོར་གསང་འདུས་གཉིས་མེད་དུས་འཁོར་ལོའི།
བཀའ་བརྒྱུད་སྒྲུབ་པའི་བསྟན་པ་རྒྱལ་གྱུར་ཅིག །

ཀུན་བཟང་ཞི་ཁྲོ་རབ་འབྱམས་ཡི་དམ་ལྷ། །
བརྒྱུད་གསུམ་བླ་མ་སངས་རྒྱས་ཀུན་འདུས་ཀྱི། །
བཀའ་གཏེར་ཟབ་རྒྱས་མན་ངག་མཛོད་འཛིན་པའི། །
སྔ་འགྱུར་རྒྱལ་བའི་བསྟན་པ་རྒྱལ་གྱུར་ཅིག །

ཐུབ་བསྟན་རིན་ཆེན་ཁ་བབས་ཆུ་བོའི་རྒྱུན། །
ལུང་རྟོགས་བཤད་སྒྲུབ་ཕྲིན་ལས་རྒྱུན་མ་ཆད། །
མཁས་གྲུབ་རིག་འཛིན་བརྒྱུད་པའི་རྒྱ་མཚོ་ཆེ། །
ཡང་དག་ཐུབ་པའི་བསྟན་པ་རྒྱས་གྱུར་ཅིག །
དད་གུས་མོས་པ་ཐོལ་བྱུང་ཞིག་གིས་ཤྲྰི་སྨྱོན་པས་གླུ་རུ་བླངས་པ་དགེའོ། །


  • ཞོར་དུ་ཤྰཀྱའི་མི་བོ་ཆེ་ཟེར་བ་ཞིག་གིས་སངས་བསྟན་པ་སྤྱི་ལ་སྨད་པས




  • ་་ ཧ ཧ ཧ ཧ
    ཤྰཀྱི་མིང་ཙམ་འཛིན་པའི་ཤག་རྒན་ཁྱོད། །
    དགེ་ལུགས་སྡིག་ལུགས་མ་ཤེས་ནེ་ཙོའི་གཏམ། །
    བན་བོན་ཁྱད་པར་མ་ཤེས་སྤྲེལ་ཕྲུག་ལ། །
    ཤ་ཚ་སྙིང་རྗེའི་གཏམ་འདི་ངག་ནས་ཐལ། །
    བོན་ལ་གཟུངས་སྔགས་མེད་པར་མངོན་བཞིན་དུ། །
    ལྷ་ཀླུ་འདྲེ་གཉན་འབོད་པའི་ཀི་བསྭོ་སྒྲ། །
    མ་དྲི་མ་སེ་འདོན་པའི་བོན་གཟུགས་ཁྱོད། །
    ཤྰཀྱའི་སྔ་རྒོལ་འདོད་པ་ཤིན་ཏུ་འཁྲུལ། །
    ཤྰཀྱའི་མི་བོ་ངོ་ཡང་མི་ཚའམ། །
    ཤྰཀྱའི་གྲོང་རྣམས་གྱང་རུལ་སོ་ཕག་ཙམ། །
    ཤྰཀྱའི་བསྟན་པ་འཛིན་ལ་སྒྲོ་འདོགས་རྣམས། །
    ལ་སྟོད་བོན་ལས་སྤྲུལ་པ་ཐེ་མི་ཚོམ། །


  • ན་མོ་གུ་རུ་ཤྰཀྱ་མུ་ན་ཡེ། །
    བདེན་དྲང་ལུང་རིགས་ཕྱུག་པ་ནང་པའི་ཆོས། །
    སངས་རྒྱས་ཤྰཀྱ་ཐུབ་པའི་བསྟན་པ་ཉིད། །
    བྱང་ཕྱོགས་བོད་བརྒྱུད་ནང་བསྟན་རིན་པོ་ཆེ། །
    བསླུ་མེད་གཏན་གྱི་སྐྱབས་གནས་རྒྱལ་གྱུར་ཅིག །

    0 comments:

    ཟིན་བྲིས་འཚོལ་ཡུལ