དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday, 21 August 2011

༄༅། །བོད་ཀྱི་བུ་མོ་ཚོ་ལ་ལྟ་ཚུལ་ཨེ་ཝྃ་རིག་པའི་མེ་ལོང་། །


ན་མོ་གུ་རུ་དེ་ཝ་ཌྰཀྐི་བྷྱ། །
ཨ་ཧོ་སྲིད་ཞིའི་མཛེས་སྡུག་གཅིག་ཏུ་སྤུངས་པའི་སྐུ། །ཚངས་དབྱངས་ཡན་ལག་དྲུག་ཅུ་ལྡན་པའི་གསུང་། །སྤངས་རྟོགས་མཐར་ཕྱིན་ཡེ་ཤེས་རྒྱལ་བའི་ཐུགས། །མཚོ་བྱུང་ལྷ་མོས་ཤིས་པའི་མེ་ཏོག་སྩོལ། ། 
ཀྱེ་ཀྱེ་གསོན་དང་གངས་ཅན་སྤུན་ཟླ་ཚོ། །གཟུར་གནས་བློ་ལྡན་དོན་གཉེར་བདེན་དྲང་གཤིས། །
མི་འགྱུར་གསེར་གྱི་རང་བཞིན་སླད་མེད་པ། །ཕ་མེས་གཉུག་མོའི་ལ་རྒྱ་མདོར་བསྡུས་སྨྲ། ། 
ཤ་ཁྲག་རུས་རྒྱུན་གཅིག་ལས་མཆེད་དང་གཅིག །རྩ་རླུང་སྐད་ཡིག་གཅིག་ལས་གྲུབ་དང་གཉིས། །
དམ་ཆོས་སྐལ་ལྡན་གཅིག་གི་དམ་ཚིག་གསུམ། །བསམ་ཚེ་སྙིང་གཏམ་དྲོན་མོ་འདི་ན་ཐལ། །
ལྷན་སྐྱེས་ཆོས་སྐུའི་མཁའ་འགྲོ་ཀུན་ཏུ་བཟང་། །སྔགས་སྐྱེས་ལོངས་སྐུའི་མཁའ་འགྲོ་ཝ་ར་ཧི། །
ཞིང་སྐྱེས་སྤྲུལ་སྐུའི་མཁའ་འགྲོ་རིགས་ལྔ་སོགས། ། གངས་ལྗོངས་འཛིན་མའི་ཁྱོན་ལ་བྱོན་རྣམ་རྒྱལ། །
ཁྱད་པར་དེང་དུས་གངས་ཅན་མཛེས་མཛངས་མ། །འཛམ་གླིང་ཟླུམ་པོའི་སྟེང་ན་ལྷང་ངེ་བ། །
མྱང་འདས་དགེ་བའི་སྲོག་འཛིན་ཇོ་མོ་དང་། །འཁོར་འཛིན་ལྷ་ལྕམ་ཚོགས་ལ་སྙིང་ནས་གུས། །
འོན་ཀྱང་བོད་སྐད་མི་ཤེས་བོད་མོ་དང་། །བོད་ཆོས་མི་ཤེས་གཞན་ཟེར་གཡམ་རྒྱུག་མཁན། །
བོད་དོན་མི་བསམ་རང་དོན་གཡེམ་དགའ་མ། །མཁའ་འགྲོ་མི་འགྲོ་གང་གི་ཆར་མི་གཏོགས། །
གཟི་བྱུར་གསེར་གཡུས་རྒྱན་པའི་ཕྱུག་མོ་འམ། །ལྟོ་སྐྱ་གོས་ཧྲུལ་གྱོན་པའི་སྤྲང་མོ་དང་། །
ཁ་སོས་རང་མགོ་ཐོན་པའི་བུ་མོ་གསུམ། །ཤེས་བྱའི་ཡོན་ཏན་མེད་ན་གཡག་འབྲི་མོ། །
སྐུ་གསུམ་རྒྱལ་བའི་བྱིན་རླབས་ཐུགས་རྗེ་ཡིས། །སྐྱེ་བཟང་སྔ་ཕྱི་ཡོད་པའི་མཁའ་འགྲོ་མ། །
དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་སོགས། །བསམ་བཞིན་བྱོན་པའི་བོད་མོའི་ཚོགས་ཀུན་རྒྱལ། །
ཁྱད་པར་དེང་དུས་མཁའ་འགྲོ་མུ་མཚོ་དང་། །མཁའ་འགྲོ་ཆོས་སྒྲོན་རིན་ཆེན་ཆོས་དབྱངས་དཔལ། །
ཨོ་རྒྱན་ཆོས་སྒྲོན་དཔལ་ལྡན་ལྷ་མོ་དང་། །པདྨ་ཆོས་སྒྲོན་ཕྲིན་ལས་རྗེ་བཙུན་མ། །
ལྷག་བསམ་རྨད་བྱུང་མ་ཅིག་གཡུ་སྒྲོན་དང་། །མཁྱེན་རབ་ཕུལ་བྱུང་བདེ་དགའ་ཉི་མ་འཚོ། །
ཀུན་བཟང་དབང་མོ་མཛེས་མ་ཚེ་རིང་སྐྱིད། །ཁྱིམ་འཛིན་བོད་མོའི་ཚོགས་ལ་དུང་བ་འདྲེན། །
ཕྱུག་པོའི་ནོར་ལ་ཆགས་པའི་དཔོན་མོ་དང། །རྙིང་ཞེན་ཐོབ་ཐང་ཡོད་པའི་སྲས་མོ་དང་། །
དཀོར་གཟན་ཆོས་ཚོང་གཉེར་བའི་བདག་མོ་ཚོས། །ཤེས་བྱའི་རིན་ཐང་མཁྱེན་ན་ཅི་མ་རུང་། །
མ་ཚད་ཟས་ནོར་སྟེར་བའི་རྒྱ་མོ་དང་། །ཤེས་བྱའི་ཚན་རིག་སྟོན་པའི་དབྱིན་མོ་དང་། །
གང་འདོད་བསམ་པ་སྒྲུབ་པའི་གྲོགས་མོ་དང་། །བདེ་སྟོང་ཡེ་ཤེས་འབེབས་པའི་ལྷ་མོ་རྒྱལ། །
ཤྰཀྱའི་དགེ་སློང་བསྟན་འཛིན་རྡོ་རྗེ་ངས། །སྲོག་འཛིན་རྩ་ཐིག་རླུང་གི་སྒྱུ་འཕྲུལ་གར། །
དྭངས་མའི་ཉི་ཟླ་བཞུས་པའི་དངོས་རིག་ཆོས། །ལས་ཀྱི་ཕྱག་རྒྱ་བརྟེན་པར་གྲོགས་སུ་མོས། །
དྭངས་མའི་ཁམས་བཟང་དབང་པོ་མ་ཉམས་པར། །གསང་བའི་དཔྱིད་ཀྱི་ཐིག་ལེའི་དཀྱིལ་འཁོར་ཆེ། །
བདེ་ཆེན་ལས་ཀྱི་ཕྱག་རྒྱ་མཛའ་ན་མོ། །སྙིང་གའི་བདུད་རྩིར་སྨིན་པ་ཨེ་མ་ཧོ། །
དགའ་བ་བཅུ་དྲུག་རྒྱས་པའི་བདེ་ཆེན་དཔལ། ། སྟོང་ཉིད་བཅུ་དྲུག་སྨིན་པའི་ཡུམ་ཆེན་མོས། །
དབྱངས་ལྡན་བཅུ་དྲུག་སྙན་པའི་འཛབ་མགུར་བཅས། ། ལང་ཚོ་བཅུ་དྲུག་རྫོགས་པའི་རྣལ་འབྱོར་རྒྱལ། །
རྩ་བརྒྱུད་བླ་མའི་བྱིན་རླབས་རིག་འཛིན་མ། །ཡི་དམ་རྒྱལ་བའི་དངོས་གྲུབ་བདེ་ཆེན་མ། །
མཁའ་འགྲོ་རྒྱ་མཚོའི་ཕྲིན་ལས་ཆོས་སྐྱོང་མ། །རྩ་གསུམ་མི་མོའི་ཚོགས་ཀུན་བདེ་ལེགས་ཤོག །
ཅེས་པའང་རབ་རྒྱན་ལྕགས་ཡོས་ཟླ་ཚེས་དགེ་བར་བོད་ཀྱི་མཛེས་མཛངས་བུ་མོའི་སྐོར་གྱི་ཟིན་མཆན་འགའ་ཞིག་མཐོང་བའི་མོད་ལ་ཡོ་རོབ་ཀུན་བཟང་ཆོས་གླིང་ནས་ཤྲྰི་སྨྱོན་པས་གང་དྲན་དུ་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་སྟྲི་ལིངྒ་མངྒ་ལྃ་བི་ཛ་ཡནྟུ། །

0 comments:

ཟིན་བྲིས་འཚོལ་ཡུལ