དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 28 September 2011
ཞལ་དངོས་སུ་མཇལ་མ་མྱོང་ཡང་བརྩེ་དུང་ཟབ་མོར་འབྲེལ་བའི་རིག་འཛིན་ལ་ཕུལ་བ་ཨུཏྤལ་སྔོན་པོའི་དོ་ཤལ་ཞེས་བྱ་བ། །
ན་མོ་གུ་རུ་ཛྙྰ་ན་ཏྰ་ར་ཡེ། །
མཁྱེན་བརྩེ་ཐུགས་རྗེའི་ངག་གི་དབང་ཕྱུག་དབྱངས་གསལ་གཟུགས་སུ་སྤྲུལ་པའི་སྐུ། །
འཁོར་འདས་ཆོས་ལས་ལེགས་བཤད་འདོམས་པའི་ལོངས་སྤྱོད་རྫོགས་སྐུའི་རྣམ་རོལ་པ། །
ཕན་བདེའི་འོད་གསལ་ཇི་བཞིན་གཟིགས་པའི་དག་རྫོགས་སྨིན་པའི་ཆོས་ཀྱི་སྐུ། །
གཟུངས་སྤོབས༵་རིག་པ༵འི་བློ་གྲོས་མཐའ༵་ཡས༵་བདག་སྙིང་དྲན་པའི་རྒྱན་དུ་བཞུགས། །

ཆོས་བརྒྱད་རྟོག་པའི་དྲི་མ་ཀུན་བསལ་ཆོས་ཉིད་ངང་ནས་མ་གཡོས་བཞིན། །
ཆོས་ཅན་རྟོག་པའི་བཟང་ངན་ཤན་འབྱེད་མ་རིག་མུན་པའི་གཉེན་པོ་མཆོག །
ཆོས་བཟང་རིག་པའི་རྣམ་དཔྱོད་ལྡན་པའི་གཟུགས་སྤོབས་བློ་གྲོས་མཐའ་ཡས་ཀྱིས། །
ལུང་དང་རྟོགས་པའི་བསྟན་པ་རིན་ཆེན་འཛིན་སྐྱོང་སྤེལ་མཁས་རིག་འཛིན་རྒྱལ། །

དུས༵་གསུམ་ཤེས་བྱའི་དཀྱིལ་འཁོར༵་མཐའ་དག་རིག་པའི་ཀློང་དུ་གསལ་གཟིགས་ཀྱང་། །
རང་སྣང་ལོག་པའི་བན་བོན་ཞེས་པའི་རྟགས་ཙམ་འཛིན་པའི་བསྟན་པའི་ངོར། །
ཤམྦྷ་ལ་དང་འོལ་མོ་ལུང་རིང་མགོ་མཚུངས་རིགས་པས་གཅིག་ཏུ་བསྒྲུབས། །
ཆགས་སྡང་རྨོངས་པའི་དྲ་བར་འདི་ཚོར་ཁྱོད་ནི་ཚངས་ཐིག་འགྱུར་མེད་ཅིག །

གནའ་དེང་ལུགས་ཀྱི་འཛིན་མཚམས་མ་ཤེས་ཅོལ་ཆུང་བྱིས་པའི་རྩེ་ར་འདིར། །
དཀོན་མཆོག་གསུམ་པོའི་སྒྲ་ཙམ་གྲགས་ཚེ་ཤི་གསོད་འབོད་པའི་དམེ་ཁང་འདིར། །
དམུ་རྒོད་སྙིགས་ལྔའི་ཟོག་པོ་འདི་དག་བརྩད་ནས་གཅོད་པའི་རྣམ་དཔྱོད་ཅན། །
རིས་མེད་བསྟན་པའི་བདག་པོ་མིན་ནམ་རིག་མཛོད་གློག་འཕྲུལ་ཁ་ལོ་པ། །

སྔ་འགྱུར་ཕྱི་འགྱུར་ཁྱད་པར་མ་བྱས་ལུང་རིགས་ལམ་ནས་བདེན་པ་བརྡར། །
མཐོ་དང་གཡོག་གི་གོ་སར་མ་བལྟས་གཟུར་གནས་རྣམ་དཔྱོད་རྩལ་དུ་རྟོན། །
ཆེ་དང་ཆུང་གི་སྒྲོ་འདོགས་མ་གནང་གཟུངས་སྤོབས་རིག་ཆའི་མེ་ལོང་བཤམས། །
སྒྱུ་འཕྲུལ་དྲ་བའི་ཀུན་ཁྱབ་རིག་མ་མཆོག་གི་བཀའ་དྲིན་ཇི་ལྟར་གཞལ། །

བདག་གིས་འདི་ནས་བཀའ་དྲིན་བཟོ་ཕྱིར་སྙིང་གི་སྨོན་ལམ་ཚིག་གསུམ་འདེབས། །
ཕྱག་རྫོགས་དབུ་མའི་དེ་ཉིད་མཁྱེན་པའི་གཟུངས་སྤོབ༵ས་བློ་གྲོས་དྲི་མེད་པས༵། །
མཐའ༵་ཡས༵་འགྲོ་བའི་མ་རིག་མུན་སེལ་ངེས་དོན་འཇམ་དཔལ་དཔའ་བོའི་སྐུ། །
སྐུ་ཚེ་འདི་ལ་འགྲུབ་པར་འགྱུར་བའི་སྣང་གྲགས་རིག་པའི་ཕྱག་རྒྱ་འབུལ། །

ཞེས་ཁ་བརྡ་དྲ་བའི་གླེང་སྟེགས་ལས་སྤོབས་པ་མཐའ་ཡས་འདི་ཉིད་ཞལ་དངོས་སུ་མ་མཇལ་ཡང་མཆོག་གི་ངག་རྩལ་སྙན་པའི་སྡེབ་སྦྱོར་གྱི་གདམས་ངག་མང་དུ་ཐོས་པ་དག་ཐོབ་སོང་བས་བཀའ་དྲིན་ཆེ་ཞུ་བའི་དྲན་རྟེན་དུ་རིག་འཛིན་བླ་མ་དཔལ་དགྱེས་པ་རྡོ་རྗེས་གུས་པས་གླུ་རུ་བླངས་པ་དགེའོ། ། ། །

0 comments:

ཟིན་བྲིས་འཚོལ་ཡུལ