དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 15 December 2011
ཨེ་མ་ཧོའི་བདེན་ཚིག་ཚངས་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།

དཔལ་དགྱེས་པ་རྡོ་རྗེ།
ཨེ་མ་སྟོང་ཉིད་ཀྱི་རྟེན་འབྱུང་ངོ་བོ། །ཨ་ཧོ་བདེ་གཤེགས་ཀྱི་རང་བཞིན་འོད་གསལ། ། ཨེ་ཝྃ་ཟུང་འཇུག་གི་རང་བྱུང་རིག་པ། །གཉུག་མའི་ཡེ་ཤེས་ལ་སྙིང་ནས་འདུད་དོ། །བརྒྱུད་གསུམ་བླ་མ་ཡི་མཁྱེན་བརྩེ་ནུས་པ། །སྐུ་གསུམ་ཆིག་རྒྱུད་ཀྱི་དེ་ཉིད་སྟོན་པའི། ། ཁམས་གསུམ་འགྲོ་བ་ཡི་འདྲེན་པའི་དེད་དཔོན། །སྒོ་གསུམ་མི་ཕྱེད་པས་གུས་ཕྱག་འཚལ་ལོ། ། ཟབ་རྒྱས་རྟེན་འབྱུང་གི་དེ་ཉིད་རིགས་པ། །ཇི་བཞིན་གོ་མྱོང་གི་རྟོགས་པར་འདོད་ན། ། བསོད་ནམས་ཡེ་ཤེས་ཀྱི་ཚོགས་བསགས་དགེ་བས། །སྦྱོར་དངོས་རྗེས་གསུམ་གྱི་ཚད་མ་མངོན་ཡོང་། ། ཕན་བདེ་འབྱུང་གནས་ཀྱི་རྒྱལ་བསྟན་རིན་ཆེན། །འཛིན་སྐྱོང་སྤེལ་གསུམ་གྱི་བཤད་སྒྲུབ་ཕྲིན་ལས། ། འཕགས་པའི་གང་ཟག་གི་ས་མཚམས་མཁྱེན་ན། །མཁན་སློབ་ཆོས་རྒྱལ་གྱི་བཀའ་དྲིན་དྲན་ཡོང་། ། ཡབ་མེས་དམ་པ་ཡི་དཀའ་སྤྱད་སྙིང་པོ། །ཐུབ་བསྟན་མདོ་སྔགས་ཀྱི་དགོངས་དོན་མཐའ་དག ། གངས་ལྗོངས་ཞིང་ཁམས་སུ་བརྩེ་བས་དྲངས་པ། །བཀའ་དྲིན་འཁོར་མེད་དེ་སྙིང་ནས་མི་བརྗེད། ། ཕྱོགས་དུས་རྒྱལ་ཀུན་གྱི་འཕགས་ཚོགས་དགེ་འདུན། །བསམ་བཞིན་འགྲོ་དོན་དུ་ཟློས་གར་བསྒྱུར་པ། ། ཆོས་རྒྱལ་རྗེ་འབངས་ཀྱི་རྣམ་ཐར་མཇལ་ཚེ། །བློ་ལྡན་སུ་ཞིག་ལ་དུངས་པར་མི་འདྲེན། ། ཐུན་མོང་ཐུན་མིན་གྱི་རིག་གཞུང་མཐའ་དག །མ་ནོར་བསྒྱུར་ཞུས་ཀྱིས་གཏན་ལ་ཕབས་ནས། ། མ་འོངས་རྗེས་འཇུག་ལ་ལམ་སྟོན་གནང་བ། །འཕགས་བོད་མཁས་གྲུབ་ཀྱི་ཐུགས་རྗེ་གཞལ་མེད། ། སྐལ་བཟང་གདུལ་བྱ་ལ་མདོ་སྔགས་ཆོས་ཚུལ། །ཉམས་ལེན་ཀུན་འདུས་ཀྱི་བཀའ་དང་དགོངས་འགྲེལ། ། བདེན་བཞི་བླང་དོར་གྱི་མ་ནོར་ལམ་བཟང་། །ཐེག་དགུའི་བསྟན་པ་ཡི་སྣང་བ་དྲི་མེད། ། མ་ཀི་ཉན་ཐོས་ཀྱི་དགེ་བསྙེན་ནས་བཟུང་། །ཡ་ཀི་རྫོགས་ཆེན་གྱི་རྣལ་འབྱོར་བར་དུ། ། གང་འདོད་ལོངས་སྤྱོད་ཀྱི་བསམ་ཡས་ཐེག་པ། །གདམས་ངག་ཀུན་བསྩལ་གྱི་བཀའ་དྲིན་མཚུངས་མེད། ། ངོ་བོ་ཀ་དག་གི་རང་བྱུང་ཡེ་ཤེས། །རང་བཞིན་ལྷུན་གྲུབ་འོད་གསལ་སྙིང་པོ། ། ཐུགས་རྗེ་ཀུན་ཁྱབ་དེ་འགྲོ་ལ་སྟོན་པས། །རིག་སྟོང་ཟུང་འཇུག་གི་མན་ངག་མཐའ་ཐུག ། ཟབ་ཞི་སྤྲོས་བྲལ་གྱི་རྫོགས་པ་ཆེན་པོ། །ཕ་ཆོས་ཡང་ཟབ་ཀྱི་དགེ་བཅུའི་ལམ་བཟང་། ། ལྟ་སྒོམ་སྤྱོད་བཟང་གི་བསྟན་སྲིད་ཟིན་ན། །གངས་ལྗོངས་བོད་ཡུལ་ལས་ལྷག་ཅིག་མི་འདུག ། འཇའ་ལུས་ཆོས་སྐུ་ཡི་གདུང་རྒྱུད་དམ་པ། ། ཚེ་གཅིག་རང་གྲོལ་གྱི་ཨ་ཏི་ཡོ་ག ། སྐལ་བཟང་སྐྱེས་བུ་ཡི་ཐར་ལམ་ཉག་ཅིག །སྨིན་གྲོལ་བརྒྱུད་པ་འདི་དར་རྒྱས་སྨོན་ནོ། ། སྔ་འགྱུར་མདོ་རྒྱུད་ལ་མ་འདུས་མེད་ཀྱང་། །ཕྱི་འགྱུར་གང་ཟག་ཚོ་གསར་ངེས་ཆེ་བས། ། བཀའ་གཏེར་གྲུབ་མཐའ་དག་ཡུལ་དུས་མཐུན་པར། །གངས་ལྗོངས་ཤིང་རྟ་ཞེས་རིམ་གྱིས་སྣང་ངོ་། ། སྟོན་དང་བསྟན་པ་ཡི་ལྟ་གྲུབ་རྣམས་ལ། །བསླུ་མེད་རང་འབྲས་ཀྱི་ཐར་ལམ་ཡོད་པས། ། གང་འདོད་རང་ནུས་ཀྱི་ལམ་ལ་འབོད་དང་། །རང་འབྲས་གོ་རིམ་གྱི་གོ་འཕང་ཐོབ་ངེས། ། ཉན་ཐོས་ངེས་འབྱུང་གིས་སྲིད་མཚོར་བརྒལ་ཞིང་། །བྱང་སེམས་རིན་ཆེན་གྱིས་ཕན་བདེ་སྒྲུབ་པས། ། གསང་ཆེན་རྣལ་འབྱོར་གྱི་དག་མཉམ་རྟོགས་ཤིང་། །རྫོགས་པ་ཆེན་པོ་ཉིད་སངས་རྒྱས་མཐར་ཕྱིན། ། གནས་སྐབས་ཕན་བདེ་ཡི་རྒྱལ་ཁམས་ཞི་བདེ། །མཐར་ཐུག་ཐེག་གཅིག་གི་དགོངས་པ་རྟོགས་ཏེ། ། འགྲོ་ཀུན་སྨིན་གྲོལ་གྱི་ལམ་བཟང་ཐོབ་ནས། །ཀུན་བཟང་ཞིང་ཁམས་ཀྱི་དགའ་སྟོན་སྨོན་ནོ། ། ཞེས་པ་འདི་ནི་རབ་རྒྱན་མགོ་ཟླའི་དབང་ཕྱོགས་རྒྱལ་བ་དང་པོའི་ཐོར་ཐུན་གྱི་ཆ་ལ་གངས་རི་མཐོ་པོ་བསམ་ཡུལ་ལས་འདས་པ་ཞིག་རྨིས་པའི་རྐྱེན་གྱིས་དགའ་སྣང་ལས་གང་དྲན་དུ་ཤྲྰི་ཨ་ནནྟ་བཛྲས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ་བི་ཛ་ཡནྟུ། །

0 comments:

ཟིན་བྲིས་འཚོལ་ཡུལ