དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 21 April 2012
ཆོས་སྤྱོད་ཀྱི་འགྲོ་ལུགས།

 
 
༈ སྔོན་འགྲོ་ནི།


སྔོན་བྱོན་གྱི་དམ་པ་དག་གི་ཞལ་ནས། ཆོས་མགོ་ནས་ལེགས་པའི་རྟེན་འབྲེལ་དེ། །བུ་ལས་ཅན་སློབ་མའི་རྒྱུད་ན་ཡོད། །ཅེས་གསུངས་སྲོལ་ཡོད་པ་ལྟར། ཆོས་སྒོར་ཞུགས་པའི་གྲྭ་བཙུན་དང་གཞན་ནང་ཆོས་ལ་ཉམས་ལེན་བྱེད་འདོད་ཡོད་རིགས་སུ་ཡིན་ཀྱང་དང་ཐོག་ངེས་པར་དུ་སྔོན་འགྲོ་ནས་དབུ་བཟུང་དགོས་པ་ཞིག་ཡིན། དེ་ལ་ཆོས་རྒྱུད་སོ་སོའི་དབང་གིས་ཉམས་སུ་ལེན་ཚུལ་གྱི་རིམ་པ་མི་འདྲ་བ་དུ་མ་ཞིག་ཡོད་ཀྱང་། རྒྱལ་དབང་དཔལ་ཡུལ་བའི་ཕྱག་བཞེས་ལ་མཚོན་ན། ལོ་རེའི་བོད་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་ནས་ནང་ཆོས་ལ་གོ་མྱོང་རྟོགས་གསུམ་ལྡན་པའི་མཁན་པོ་ཞིག་གིས་འགྲེལ་བཤད་དང་ངོ་སྤྲོད་བྱས་ཏེ། ཟླ་གཅིག་གི་རིང་ལ་གྲྭ་བཙུན་གསར་ཞུགས་རྣམས་ཀྱིས་ངེས་པར་དུ། ཐོག་མར་དལ་འབྱོར་རྙེད་དཀའ་བའི་ཚུལ་ལ་བློ་སྦྱང་། དེ་ནས་རིམ་བཞིན་ཚེ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་སྟེ་བློ་ལྡོག་རྣམ་པ་བཞི་ལ་ཡང་ཡང་བློང་སྦྱང་ནས་འཁོར་བ་ལ་སྙིང་པོ་མེད་པའི་ངེས་ཤེས་སྐྱེ་བར་བྱས་རྗེས། ནང་པའི་ཆོས་ཀྱི་འཇུག་སྒོ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གཞི་བཟུང་། ཆོས་ཀྱི་རྩ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བྱང་ཆུབ་ཀྱི་སེམས་བསྐྱེད། རང་གི་སྡིག་སྒྲིབ་སྦྱང་བའི་ཐབས་སུ་དཔལ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱས་ནས་རང་གི་རྒྱུད་དག་པར་བྱས། རྒྱུད་ལ་བྱིན་རླབས་འཇུག་པའི་ཐབས་སུ་བླ་མའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་ཉམས་སུ་བླང་ནས་ཐུན་མཐར་བླ་མ་དང་རང་སེམས་དབྱེར་མེད་དུ་བསྲེ་བར་བྱ་བ་དང་། རང་ལུས་སྣང་སྲིད་ཀྱི་ལྷ་འདྲེ་རྣམས་ལ་འཕང་པ་མེད་པར་ལུས་སྦྱིན་གྱི་དམིགས་རིམ་ལ་འབད་པས་བདག་འཛིན་གྱི་ཁྲི་བ་ཆུང་བར་བྱ་བ་དང་། ཚེ་ལ་ངེས་པ་མེད་པས་གློ་བུར་དུ་ཆོས་ཉམས་སུ་ལེན་ལོང་མེད་པར་འཆི་བ་སླེབ་ན་མ་སྒོམ་སངས་རྒྱས་ཀྱི་གདམས་པ་ཁྱད་པར་ཅན་ཉེ་ལམ་ཕོ་བའི་ཉམ་ལེན་ལ་སྦྱང་བ་དང་། ཟླ་ཆོས་རྫོགས་མཚམས་སུ་སེམས་བྱུང་གནས་འགྲོ་གསུམ་བརྟགས་ཏེ་གཞི་མེད་རྩ་བ་དང་བྲལ་བའི་སེམས་ཉིད་གཉུག་མའི་རང་གཤིས་འཚོལ་བར་བྱས་ནས་རྩ་རླུང་དང་རྫོགས་ཆེན་ལ་རིམ་གྱིས་འཇུག་པར་བྱེད་པའོ། །སྔོན་འགྲོ་འདུག་རྗེས་གྲྭ་བཙུན་སུ་ཡིན་ཀྱང་སྐྱབས་འགྲོ་དང་། སེམས་བསྐྱེད། ཡི་གེ་བརྒྱ་བ། མནྡལ། བླ་མའི་རྣལ་འབྱོར་བཅས་ཐ་ན་གྲངས་འབུམ་ཕྲག་རེ་ངེས་པར་དུ་བསགས་ཏེ་ཚོགས་བསགས་སྒྲིབ་སྦྱང་བྱ་དགོས་པའོ། །
༈ རྩ་རླུང་ནི།

སྤྱིར་ནང་པ་སངས་རྒྱས་པའི་ཆོས་ལ་མདོ་སྔགས་གཉིས་ཡོད་པ་ལས་སྔགས་ཀྱི་ཁོངས་སུ་གཏོགས་པ་དང་། དེ་ལ་ཡང་ཆོས་བརྒྱུད་དང་གཏེར་ཁ་མི་འདྲ་བའི་དབང་གིས་སྦྱང་ཚུལ་མི་འདྲ་བ་དུ་མ་ཞིག་ཡོད་ཀྱང་། དགོན་འདིའི་རྩ་རླུང་ནི་གནམ་ཆོས་མི་འགྱུར་རྡོ་རྗེའི་དག་སྣང་ཟབ་གཏེར་ལས་བྱུང་བའི་རྩ་ཐིག་རླུང་གསུམ་གྱི་ཉམས་སུ་ལེན་ཚུལ་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་ཡིན། དེ་ཡང་དུས་ཚིགས་བོད་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ནས་ཟླ་གཅིག་གི་རིང་ཡིན། དགུན་གྱི་དུས་གནམ་གཤིས་གྲང་ངར་ཆེས་ཆེ་བའི་སྐབས། དྲོད་ཚད་ཀོར་ཐིག་འོག་གི་ ༢༥ ཡས་མས་སླེབ་སྐབས་སུ་ཨང་རག་ཙམ་གྱོན་ནས་ཐོག་འགེབ་མེད་པའི་ར་སྐོར་ནང་དུ་གཏུམ་མོའི་འཕྲུལ་འཁོར་གྱི་ཉམས་ལེན་བདེ་དྲོད་ཀྱི་རྟགས་མ་ཐོན་པར་དུ་བྱེད་པ་ཡིན། འདི་ལ་ཡང་ནང་གསེས་ཚ་གྲང་གི་ནད་ལ་སོགས་པ་སེལ་བར་བྱེད་པའི་གེགས་སེལ་གྱི་རིམ་པ་དང་། དངོས་གཞི་ཐིག་ལེ་བབ་བཟུང་ལྡོག་པའི་རིམ་པ་མང་པོ་ཉམས་སུ་ལེན་བཞིན་ཡོད་མོད་འདི་དག་ནི་རང་དགར་བརྗོད་མི་རུང་བའི་ཟབ་ཆོས་རྐྱང་རྐྱང་ཡིན་ཕྱིར་འདི་མི་སྤྲོའོ། །

༈ རྫོགས་ཆེན།

དེ་ཡང་སྔོན་འགྲོས་རང་གི་རྒྱུད་སྦྱང་། རྩ་རླུང་གིས་རང་ལུས་ཀྱི་རྩ་ཐིག་རླུང་གསུམ་ལས་སུ་རུང་བར་བྱས་རྗེས་གཟོད་ཚེ་གཅིག་གིས་གྲོལ་བ་ཐོབ་པའི་ཉེ་ལམ་ཁྱད་པར་ཅན་འདི་ལ་སྦྱང་དགོས་པ་ལས་རང་དགར་ཐོག་མར་ཐ་ན་འབུམ་ལྔ་བསགས་སྦྱང་ཙམ་ཡང་མེད་པར་རྡོ་རྗེ་སྐེད་བཟུང་བྱས་ན་ཕན་ལས་གནོད་པ་ཆེ་བ་ཡིན། དེར་བརྟེན་དགོན་འདིའི་ཕྱག་བཞེས་ཡང་གྲྭ་བཙུན་རྣམས་ལོ་དང་པོར་སྔོན་འགྲོར་ཞུགས་ནས་འབུམ་ལྔ་བསགས་སྦྱང་ལེགས་པར་བྱས། ལོ་གཉིས་པར་རྩ་རླུང་གི་ཉམས་ལེན་བདེ་དྲོད་ཀྱི་རྟགས་མ་ཐོན་པར་དུ་བྱས། ལོ་གསུམ་པར་རྫོགས་ཆེན་ལ་ཉམས་ལེན་བྱེད་པའི་མགོ་བཟུང་ནས་རིམ་པར་ཉམ་ལེན་མཐའ་མ་ཤི་བར་དུ་བསྐྱངས་དགོས་པ་ཡིན། རྫོགས་ཆེན་ལ་ཡང་ཀ་དག་ཁྲེག་ཆོད་དང་། ལྷུན་གྲུབ་ཐོད་བརྒལ་གྱི་ཉམ་ལེན་གཉིས་ལས་འདི་ནི་གཙོ་བོ་ལྷུན་གྲུབ་ཐོད་བརྒལ་གྱི་རིམ་པ་ལུས་ངག་ཡིད་གསུམ་གྱི་རུ་ཤན་སོགས་དང་། ལམ་སྣང་བ་བཞི་དང་སྒྲོན་མ་དྲུག་གི་ཉམས་ལེན་རྣམས་བཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ་གྱི་སྒོ་ནས་ལོ་ལྟར་བོད་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ནས་ཟླ་གཅིག་གི་རིང་བླ་མ་དམ་པའི་མན་ངག་བཞིན་ཉམས་སུ་བླང་ནས་དྲོད་རྟགས་ཐོབ་པར་བྱེད་པ་ཡིན། དེ་ལྟར་སྔོན་རྩ་རྫོགས་གསུམ་ལ་ཞུགས་ཟིན་རྗེས་གཟོད་དད་ལྡན་མང་ཚོགས་ཀྱི་རེ་བ་སྐོང་ཐུབ་པ་དང་དགོན་པའི་གྲྭ་པ་ཚད་ལྡན་ཞིག་དུ་གྱུར་པ་ཡིན།

0 comments:

ཟིན་བྲིས་འཚོལ་ཡུལ