དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 26 April 2012
རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ།


༈ རྫོགས་ཆེན་མཆོག་སྤྲུལ་བཞི་པ་འཇིགས་མེད་མཁྱེན་བརྩེའི་དབང་ཕྱུག་ཕྲིན་ལས་རྣམ་རྒྱལ་རྡོ་རྗེའམ་ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་ནི། སྤྱིར་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་ཡེ་ཤེས་རང་སྣང་གི་སྐུ་དང་ཞིང་ཁམས་ལས་ནམ་ཡང་གཡོ་བ་མེད་པ་ཞིག་སྤྲུལ་པ་གྲངས་མེད་སྟོན་པ་ལྟར།
བདག་ཉིད་ཆེན་པོ་འདི་རྒྱལ་བའི་དཀྱིལ་འཁོར་མ་ལུས་པའི་དབང་ཕྱུག་ཁྱབ་བདག་གདོད་མའི་མགོན་པོ་དང་ངོ་བོ་ཐ་དད་མེད་ཀྱང་། ཚུར་མཐོང་གི་འགྲོ་བ་ལ་ཐུགས་ལྷག་པར་བརྩེ་བ་དང་། རྒྱལ་བསྟན་སྤྱི་དང་བྱེ་བྲག་གསང་ཆེན་བླ་ན་མེད་པ་འོད་གསལ་རྫོགས་པ་ཆེན་པོའི་རིང་ལུགས་གོང་འཕེལ་དུ་རྒྱས་པའི་ཆེད། གདན་ས་ཆེན་པོ་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ནུབ་ཕྱོགས་ཉིན་ཞག་གསུམ་གྱི་ས་ཆ། དབང་བཅུ་མངའ་བའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པར་རོལ་བས་བོད་ཆེན་པོའི་ལྗོངས་ཀྱི་བྱེ་བྲག །སྔོན་ཡིག་མཁན་ལྡན་མ་རྩེ་མང་གིས་བདག་གིར་མཛད་ཅིང་། གཞན་ཡང་པཎ་ཆེན་སྨྲྀ་ཏི་ཛྙཱ་ན་དང་། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་སོགས་འཕགས་བོད་ཀྱི་དམ་པ་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་འདན་ཡུལ་ཞེས་ཡུལ་གྱི་དགེ་བཅུའི་དཔྱད་པ་ཡོངས་སུ་རྫོགས་པའི་ནོར་འཛིན་གྱི་ཐིག་ལེ། ས་གཞིའི་བདག་པོ་གངས་མཆེད་བརྒྱད་ཀྱིས་སྐྱོང་བ་གངས་རི་ཞེས་པའི་ས་མཚམས། གནས་ཆེན་སེང་གེ་གནམ་རྫོང་དང་། མཐའ་འདུལ་གྱི་གཙུག་ལག་ཁང་ཁམས་ཀྱི་གླིང་ཐང་སྒྲོལ་མ་ཞེས་གྲགས་པའི་ཕྱོགས། རི་བོ་དགེ་ལྡན་པའི་རང་ལུགས་འཛིན་པ་ཐུབ་བསྟན་ཆོས་འཁོར་གླིང་གི་ཉེ་འགྲམ། གསེར་ལྡན་འབྲི་ཆུ་དལ་གྱིས་འབབས་པའི་གཡས་ཟུར་ཡུལ་དེའི་མི་རྗེ་ར་ཁོ་དཔོན་ཚང་ཞེས་ཆེ་བཙན་གྱི་རིགས་རྒྱུད་མ་ཉམས་ཤིང་། དམ་པའི་སྐྱེས་བུ་བརྒྱུད་མར་བྱོན་པའི་གནས་ལྕང་མའི་ལྡོང་པོ་ཆེན་པོ་གདུགས་ལྟར་མཛེས་པའི་དཔལ་གྱི་ཁང་ཁྱིམ་དུ། གོང་དུ་ནམ་མཁའ་ཚེ་དབང་མཆོག་གྲུབ་པའི་རྣམ་ཐར་ལས་བྱུང་བ་བཞིན་ཀུན་མཁྱེན་འཇིགས་མེད་གླིང་པའི་རྡོ་རྗེའི་གསང་ལུང་དང་། གཞན་ཡང་ས་སྐྱ་གོང་མ་སོགས་ལྷ་བླ་ཚང་མ་ཞལ་མཐུན་པ་དང་། སྐུ་གོང་མ་ངེས་དོན་བསྟན་འཛིན་བཟང་པོའི་ཞལ་ནས་ཀྱང་། ཁོ་བོ་ཡུན་རིང་དུ་འཚོ་དཀའང་། སྤྲུལ་པ་གསུམ་འབྱུང་བའི་གཉིས་མངའ་རིས་དང་དབུས་ཕྱོགས། གཅིག་འདི་ཕྱོགས་དང་མི་རིང་བའི་ས། ཤིང་སྡོང་ཆེན་པོ་ཡོད་པ་ཞིག་གི་རྩར་འཁྲུངས། དེས་བསྟན་པ་ལ་ཕན་པར་འོང་ཞེས་ཞབས་གྲས་ནང་མ་རྣམས་ལ་གསུང་འཕྲོས་སུ་བསྩལ་བ་དང་། གཞན་ཡང་གྲུབ་དབང་ཆོས་ཀྱི་རྡོ་རྗེས་གཡུ་སྒྲ་སྙིང་པོའི་སྐྱེ་མཐའ་ཡིན་ཚུལ་དང་བཅས་ཀུན་མཁྱེན་རིན་པོ་ཆེའི་གསུང་དང་མཚུངས་པའི་གསང་ལུང་གསལ་པོ་དང་། ཕྱིས་སུ་ཆོས་གླིང་བཅུ་གསུམ་པ་སྤུ་བོ་གཏེར་ཆེན་འཆི་མེད་རྡོ་རྗེའམ་ཀུན་བཟང་འོད་ཟེར་གྱིས་བཻ་རོའི་སྤྲུལ་པར་ལུང་བསྟན་པ་དང་། ས་སྐྱ་པ་འགྲོ་མགོན་དབང་སྡུད་སྙིང་པོའི་གཟིགས་སྣང་དང་། གླིང་གཏེར་ཆེན་པདྨ་འགྲོ་འདུལ་རྩལ་གྱི་ལུང་བྱང་ལས་ཨོ་རྒྱན་ཉིད་ཀྱི་སྤྲུལ་པར་གསུངས་ཤིང་། ཟུར་མཁར་གཏེར་ཆེན་ཟླ་བའི་འོད་ཟེར་གྱི་གཏེར་ལུང་ལས་རྡོ་རྗེ་བདུད་འཇོམས། ནགས་ཤོད་གཏེར་ཆེན་ཀློང་ཆེན་རོལ་པ་རྩལ་དང་། སྤྲུལ་པའི་གཏེར་འབྱིན་ཡོངས་ཀྱི་འཁོར་ལོས་སྒྱུར་བ་མཆོག་གྱུར་བདེ་ཆེན་གླིང་པའི་གཏེར་ལུང་ལས་བི་མ་ལ་མི་ཏྲ། དྭགས་གཏེར་བདེ་ཆེན་རྡོ་རྗེའི་གཏེར་ལུང་ལས་གནུབས་སངས་རྒྱས་ཡེ་ཤེས་ཀྱི་སྤྲུལ་པར་བསྔགས་པ་སོགས་དངོས་གཅིག་དུ་མའི་ཚུལ་དུ་རྣམ་པར་འཕྲུལ་པ་འཕགས་པའི་ས་ཆེན་པོ་ལ་བཞུགས་པ་རྣམས་ཀྱི་ཆོས་ཉིད་ལྟར་འགལ་བར་མི་འདུ་ལ། དེ་ལྟ་བའི་རིག་འཛིན་རྒྱལ་བའི་སྤྱི་གཟུགས་དམ་པ་གང་ཉིད་ཡབ་བསོད་ནམས་རབ་བརྟན་དང་། ཡུམ་ནམ་མཁའ་ནོར་འཛིན་དབང་མོའི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ནང་ཚན་ཆུ་མོ་གླིང་གི་ལོ། སྤྱི་ལོ་ ༡༧༩༣ ལ་ཡབ་ཡུམ་ལ་མནལ་ལྟས་ངོ་མཚར་ཅན་དུ་མ་དང་བཅས་སྐུ་བལྟམས། སྐུ་འཁྲུངས་ནས་རིང་པོར་མ་ལོན་པར་ཞལ་ནས་རྫོགས་ཆེན་རྫོགས་ཆེན་ཞེས་ཡང་ཡང་གསུངས། རྔ་བོ་ཆེ་ཞིག་ཡོད་པ་བརྡུང་ཞིང་བཛྲ་གུ་རུའི་ཛབ་སྒྲ་སྒྲོགས་པ་དང་དབང་སྐུར་དང་ཆོས་འཆད་སོགས་དམ་པའི་བག་ཆགས་གསལ་བར་སད། དགུང་ལོ་ལྔའི་སྐབས། ཆེ་ཡོས་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་འདན་ལོ་ཆུང་ནང་དུ་སྡེ་དགེ་གཉེར་ཆེན་གཤེན་རབ་སྟག་རྒྱལ་གྱིས་གདན་དྲངས། ཉི་གྲགས་གཏེར་ཁ་ཚེ་སྒྲུབ་བདུད་བཞི་རྣམས་རྒྱལ་གྱི་སྒྲུབ་ཆེན་མཛད་སྐབས། རིག་འཛིན་ཆེན་པོས། ད་རེས་ར་ཁོ་དཔོན་ཚང་གི་བུ་ཆུང་དེ་འདིར་མ་བྱོན་ཀ་མེད་ཡོད་ཅེས་གསུང་ནན་གྱིས་ཕེབས་སྐབས་ཚེ་སྒྲུབ་ཀྱི་དབང་རྒྱས་པ་སྐུ་རྐྱང་ལ་བསྩལ། ཚེ་སྒྲུབ་ཀྱི་དཔེ་ཞིག་ཀྱང་གནང་ནས་ལྗགས་ཀློག་མཁྱེན་པ་དང་ཐུགས་འཛིན་གྱི་ཞལ་འདོན་གནང་དགོས་ཚུལ་སོགས་ཐུགས་ཤིན་ཏུ་དགྱེས་པས་དོན་གྱིས་ངོས་འཛིན་གསལ་བར་མཛད། དགུང་ལོ་བདུན་བཞེས་པ་ས་ལུག་གི་ལོར་རྫོགས་ཆེན་གདན་ཚབ་སྤྲུལ་སྐུ་ནམ་མཁའ་ཚེ་དབང་མཆོག་གྲུབ་དང་། སྡེ་དགེ་ཆོས་རྒྱལ་ཆེན་པོ་སོགས་མཆོད་ཡོན་རྣམས་ཀྱི་བཀའ་དགོངས་ལྟར། རྒྱལ་རོང་དབོན་སྤྲུལ་བསྟན་ཉི། དབོན་ཨོ་རྒྱན་བསམ་འགྲུབ། བླ་མ་རིག་འཛིན་བཟང་པོ་སོགས་དབུ་ཆེ་རགས་རིམ་དཔོན་སློབ་སུམ་ཅུ་སྐོར་ཡབ་གཞིས་སུ་བྱོན་པ་ན། སྤྲུལ་པའི་སྐུ་སྔོན་གནས་རྗེས་དྲན་དང་། དགྱེས་པའི་རྣམ་འགྱུར་དུ་མ་མཛད་པས་བླ་གྲྭ་ཀུན་ཡིད་ཆེས་དང་ངེས་ཤེས་ཐོབ། ཡབ་ཡུམ། སྐུ་རྒྱབ་མཁན་པོ། ས་དབང་སྡེ་དགེའི་ཆིབས་ཁ་བ་སོགས་དཔོན་འཁོར་རྣམས་འབྲི་ཆུ་གསེར་ལྡན་ལས་བརྒལ་ཏེ་དལ་འགྲོས་ཀྱིས་ཆུ་སྟོད་ཟླ་བའི་ཚེས་བཅུའི་སྔ་ཆར་ཆིབས་བསུ་རིང་ཐུང་དགོན་སྡེ་ཁག་བླ་ཆེན་དཔོན་རིགས་མི་འདྲ་བ་ཆིག་སྟོང་ལས་བརྒལ་བའི་སྐྱ་སེར་ས་གཞི་མི་མངོན་པ་ཙམ་གྱིས་སེར་ཕྲེང་བཀོད་བཤམས་རོལ་བསུ་སོགས་བློའི་ར་བ་ལས་འདས་པའི་ལྷ་མིའི་དཔལ་གྱིས་འབྱོར་བ་རྟགས་མཚན་བཟང་དགུ་ཕུན་ཚོགས་ལྔ་ལྡན་གྱི་ངོ་མཚར་འབྱམས་སུ་ཀླས་པས། གོང་མའི་གདན་ས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གཙུག་ལག་ཁང་ཆེན་པོར་འཇིགས་མེད་སེང་གེའི་ཁྲི་ལ་བཀོད་རྗེས། གཙང་ཁང་ཐུབ་ཆེན་གྱི་སྤྱན་སྔར་མཁས་གྲུབ་ཆེན་པོ་ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱིས་གཙུག་ཕུད་བཞེས་ཏེ། མཚན་འཇིགས་མེད་མཁྱེན་བརྩེའི་དབང་ཕྱུག་རྣམ་རྒྱལ་རྡོ་རྗེ་ཞེས་གསོལ།
སླར་གསེར་ཁྲིར་ཞབས་པད་བཀོད་པ་དང་ཆབས་ཅིག་ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་བརྟན་བཞུགས་དང་འབྲེལ་རྫོགས་ཆེན་གཞུང་གི་ཁྲི་འབུལ་དང་། སྡེ་དགེ་ཆོས་རྒྱལ་ཆེན་པོའི་སྐུ་ཚབ་ཤུག་རྩ་གཉེར་ཆེན་དངོས་གྲུབ་རྣམ་གཉིས་ཆེད་མངགས་ཀྱིས་ཁྲི་འབུལ། དེ་རྗེས་ཡིད་ལྷུང་ལྷ་རི་དགོན་སྡེ། རྒྱལ་རོང་། གཡག་ཟེ། ཨོ་གུར་ཡུལ་དགོན་ཐམས་ཅད་ནས་ཁྲི་འབུལ་དང་སྦྲགས། རྒྱལ་རོང་དཔོན་བསམ་འགྲུབ་ནས་གསུང་བཤད་ཁྲོམ་ཐོག་ཆོད་པར་མཛད། ཕྱི་ཉིན་ཞེ་ཆེན་རིག་འཛིན་དཔལ་འབྱོར་རྒྱ་མཚོ་དབུ་བཞུགས་ཀྱིས་ཚེ་ཆོག་དང་འབྲེལ་ཞབས་བརྟན་ལེགས་འབུལ་རྒྱ་ཆེར་སྤྲོས་པ་དང་། ཆབས་ཅིག་དབོན་སྤྲུལ་མཐུ་སྟོབས་རྣམས་རྒྱལ་དགུང་ལོ་བཅུ་གསུམ་དུ་སོན་པས་ཕུན་ཚོགས་ལྔ་ལྡན་གྱི་ལྗགས་བཤད་རྒྱ་ཆེར་སྤྲོས། རྒྱལ་ཚབ་པདྨ་གསང་སྔགས་བསྟན་འཛིན་གྱིས་སྔ་འགྱུར་བསྟན་པའི་བབས་ལུགས་སོགས་ཀྱིས་དབུ་དྲངས་ཏེ་སྐབས་སུ་བབས་པའི་འབེལ་གཏམ་འབྱམས་ཀླས་པ་གནང་། དེ་འབྲེལ་སྟག་དགོན་གདན་ས་ནས་དབོན་སྤྲུལ་ཨོ་རྒྱན་ཉི་མ་སོགས་དང་། ཁང་དམར་སྤྲུལ་སྐུ་སོགས་རྫོགས་ཆེན་ཕྱོགས་ཀྱི་ཡུལ་དགོན་དང་། གཞན་ཡང་གྲུབ་མཐའ་རིས་མེད་འབྲེལ་ཅན། གླིང་ཚང་རྒྱལ་པོ་སོགས་ལྷ་སྡེ་མི་སྡེ་ཀུན་གྱིས་ཁྲི་སྟོན་དཔང་བསྟོད་དེ་ཕུལ། ཉིན་གསུམ་པར་སུ་རུ་ཏོ་བཅུ་དྲུག་གི་མཆོད་གར་སོགས་དགའ་སྟོན་མཐའ་རྒྱས་མཛད། ཡབ་ཚང་ལ་བླུ་ཡོན་དངུལ་སྲང་ཉིས་བརྒྱས་གཙོས་རྣམ་གྲངས་སུམ་བརྒྱ་ལྷག་པ་དང་། སྟོན་ཆེན་གྱིས་གཙོས་ཕྱོགས་འབྱོར་ལྷ་མིའི་སྡེ་ཚོགས་ཀུན་ལ་གསོལ་སྟོན་འབུལ་གནང་རིགས་རྒྱ་ཆེན་བསྩལ། དེ་ནས་སློབ་དཔོན་དབོན་ཆོས་གྲགས་བཟང་པོས་མཛད་དེ་གྲངས་བྱ་བཞི་པར་ཡི་གེའི་ཕྱི་མོ་སོགས་ནས་བཟུང་བསླབ་སྦྱང་མཛད་པས་མཁས་པར་མཁྱེན། དབང་ལུང་གསན་བཞེས་དང་བསྙེན་སྒྲུབ་སོགས་ཀྱང་ཅི་རིགས་པར་མཛད།
དགུང་ལོ་བཅུ་གཅིག་པར་གོང་སློབ་ཞི་བར་གཤེགས་ནས་ཚབ་མཁས་དབང་ཐུགས་རྗེ་བཀྲ་ཤིས་བཞུགས། སོ་དེར་རྒྱལ་རོང་དུ་ཆིབས་བསྐྱོད་ནས་ཉི་སྤྲུལ་གསུམ་པ་མི་འགྱུར་ཕན་བདེ་རྒྱ་མཚོ་ལས། ལྷ་བཙུན་རིག་འཛིན་སྲོག་སྒྲུབ། ལྔ་པའི་རྒྱ་ཅན་ཉེར་ལྔ། གཏེར་ཆེན་བརྒྱ་རྩའི་ནང་ནས་ཉི་མ་ལྟ་བུ་ཉི་གྲགས་ཀྱི་གཏེར་ཆོས་ཡོངས་རྫོགས་པུ་སྟི་ཀཿ བཅུ་གསུམ། ཐུགས་མཆོག་རྡོ་རྗེའི་ནཱ་ག་རཀྴ། ཀུན་མཁྱེན་འཇིགས་མེད་གླིང་པའི་སྙིང་ཐིག་རྩ་པོད་གཉིས་སོགས་བཀའ་འབུམ་ཡོངས་རྫོགས་པོད་དགུ་སོགས་ཀྱི་དབང་ལུང་ཁྲིད་གསུམ་མ་ལུས་པར་གསན། གཡག་ཟེ་བླ་མ་སོག་རུ་ཀུན་བཟང་ལས་ཕྱག་བྲིས་བཞེས། དགུང་ལོ་བཅུ་གཉིས་པར་ལོ་གསར་ཆོ་འཕྲུལ་གྱི་ཟླ་བར་དཀོན་མཆོག་སྤྱི་འདུས་ཀྱི་བུམ་སྒྲུབ་ཚེས་བཅུའི་ཚོགས་དབུར་ཕེབས། ཕྱི་ནང་གི་ཞལ་བཀོད་སྟོང་ཐུན་ཐུགས་ཐོག་ནས་གནང་བར་བླ་གྲྭ་མཁན་སྤྲུལ་འདུས་སྡེ་ཚང་མས་བསྔགས་བརྗོད་ཀྱི་མེ་ཏོག་ཐོར།
དེ་ནས་སྐུ་ཚེའི་རིང་མཚམས་སྒྲུབ་བཅད་རྒྱ་སོགས་དམིགས་བསལ་སྐབས་མ་གཏོགས་ལོ་ལྟར་དུས་མཆོད་ཐམས་ཅད་ལ་བྱོན་ནས་བཅའ་སྒྲིགས་ཀུན་སྤྱོད་ཕྱག་བཞེས་འཁྲུལ་མེད་ཡིད་ཆེས་ཁུངས་བཙུན་ངོ་མཚར་གྱི་དཔལ་དུ་འབར་བས་བློ་ལྡན་ཐམས་ཅད་དད་པའི་པདྨོ་རྒྱ་པར་མཛད། གདོད་མིའི་མགོན་པོ་རྒྱ་རོང་ནམ་མཁའ་ཚེ་དབང་མཆོག་གྲུབ་ལས་མཁའ་འགྲོ་སྙིང་ཐིག གསང་བ་སྙིང་ཐིག །རྡོར་སེམས་སྙིང་ཐིག་རྣམས་ཀྱི་ཉམས་ཁྲིད་གསན་ནས་སྔོན་འགྲོའི་ཐུགས་སྦྱོང་མཛད་པས་དད་པ་དང་ངེས་འབྱུང་བྱང་སེམས་རྣམས་བཅོས་མིན་ཐུགས་སུ་འཁྲུངས། ཁྱད་པར་གྱི་སྔོན་འགྲོ་འཁོར་འདས་རུ་ཤན་དབྱེ་བ་དང་སྒོ་གསུམ་སྦྱོང་བ་སོགས་རྡོ་རུས་འཕྲོད་པ་སྔོན་དུ་འགྲོ་བས་སེམས་རིག་ལ་ཤན་དབྱེ་བས་རིག་སྟོང་རྗེན་པ་རང་ངོ་འཕྲོད་པར་དྲན་པ་བརྟེན་ཚུལ་སོགས་ཞལ་ཁྲིད་གནད་སྨིན་མཛད་པས་ཀུན་བཟང་གདོད་མའི་རྒྱལ་ཐབས་སུ་དབང་བསྒྱུར་ནས་མདོ་ཁམས་རྫོགས་ཆེན་པ་ཞེས་མཚན་དོན་དང་ལྡན་པར་མཛད། གཞན་ཡང་གོང་གསལ་སྙིང་ཐིག་རྣམས་གསུམ་གྱི་དབང་ལུང་ཡོངས་རྫོགས་དང་། ཉང་གཏེར་རྟ་ནག །མགོན་པོ་ཕྱག་བཞི་སོགས་ཉང་གཏེར་དང་། རྡོར་གླིང་རྫོགས་ཆེན་ལྟ་བ་ཀློང་ཡངས། ཀར་གླིང་ཞི་ཁྲོ། ཞང་ཁྲོམ་གྱི་གཤིན་རྗེ་ཁྲོ་ཆུ། སངས་གླིང་བླ་མ་དགོངས་འདུས། རཏྣའི་ཕུར་པ། ཉི་གྲགས་ཟབ་ཆོས་ཕལ་ཆེར། དཔའ་བོ་ལས་རབ་རྩལ་གྱི་ཐུགས་གཏེར། གར་དབང་འཆི་མེད་གླིང་པའི་འཆི་མེད་ཐུག་ཏིག །ཐེག་གླིང་དང་། གླིང་གཏེར་ཆེན་པདྨ་འགྲོ་འདུལ་རྩལ་གྱི་ཟབ་གཏེར་ཕལ་ཆེར་སོགས་རྒྱུན་དཀོན་རིགས་རྣམས་དང་། མཁན་རིག་འཛིན་བཟང་པོའི་མདུན་ནས་ཉང་གཏེར་བཀའ་བརྒྱད། དགེ་རྩེ་བླ་མ་བསོད་ནམས་བསྟན་འཛིན་ལས་འདུས་མདོའི་དབང་དང་། སྙིང་ཐིག་བཀའ་གཏེར་སྐོར། གཡག་ཟེ་པ་གཤིན་རྗེ་ཚེ་བདག་གྲུབ་བརྙེས་སྐྱ་ཡས་སྒྱུ་འཕྲུལ་རྡོ་རྗེ་ལས་གཤིན་སྐོར། ཞེ་ཆེན་རབ་འབྱམས་དང་རྒྱལ་ཚབ་མཁན་སློབ་ལས་བཀའ་གཏེར་གྱི་དབང་ལུང་རྒྱ་ཆེར་གསན་བཞེས་དང་། ཤིང་བྱི་ནས་བཟུང་ལྕགས་རྟའི་བར་ལོ་བདུན་གྱི་རིང་རྣམ་གཡེང་རིགས་ཀྱིས་མ་གོས་པར། ལོ་རེ་བཞིན་ཟླ་བ་དྲུག་ཉུང་མཐར་བྱས་ཏེ་སྐུ་མཚམས་གང་དམ་གྱིས་གོང་མའི་ཐུགས་དམ་ལྷ་ཡི་གཙོས་རྩ་གསུམ་རབ་འབྱམས་ཀྱི་བསྙེན་སྒྲུབ་ཤིན་ཏུ་གནད་སྨིན་དང་། བར་སྐབས་རྣམས་སུ་ཕྱོགས་ཕྱོགས་ནས་སྔ་འགྱུར་གྱི་རིག་འཛིན་ཆེན་པོ་རྣམས་ཆེད་དུ་གདན་དྲངས་ནས་དབང་ལུང་སྨིན་ཁྲིད་གསན་པའི་མཚན་གྲངས་ཙམ་བརྗོད་དཀའ་བའི་གནས་བསམ་མཆོག་ཏུ་གྱུར་པ་སོགས་གསན་ཡིག་ཆེན་མོ་ཞེས་པའི་པོད་ཆེན་རྣམས་ལས་ཤེས། འདི་དག་གི་ཞབས་བསྐུལ་དང་དོ་དམ་རྗེ་བླ་མ་ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱིས་མཛད། བྱ་བ་ལས་ཀྱི་འཁོར་ལོ་ཡང་རྗེ་བླ་མ་དང་དབོན་སྤྲུལ་སྐུ་མཆེད་ནས་ཐུགས་གཉེར་མཛད་དེ་ལོ་ལྟར་དུས་མཆོད་བུམ་སྒྲུབ་ཆེན་མོ་དང་། བླ་མ་གསང་བ་འདུས་པའི་སྒོ་ནས་གུ་རུ་ཆོས་དབང་གི་དག་སྣང་ཚེས་བཅུ་གར་འཆམ་དང་བཅས་པ་རྒྱུན་འཛུགས་གནང་། གངས་ར་ཉེར་ལྔའི་ནང་ཚན་ཡོན་ཏན་གནས་ཀྱི་གཙོ་བོ་རུ་དམ་གངས་ཀྱི་ར་བའི་གནས་སྒོ་ཕྱེས། འདུ་ཁང་མ་གཏོགས་བླ་བྲང་ཉམས་གསོ་གསར་བསྐྲུན་ཡིད་ཅན་མིག་གི་བདུ་རྩིར་སྤེལ། དགུང་གྲངས་བཅོ་ལྔ་པར་མཁས་གྲུབ་མཚུངས་མེད་དཔོན་གུར་བླ་མ་ངག་དབང་བློ་གྲོས་གདན་དྲངས་ནས་བཀའ་བརྒྱད་གསང་རྫོགས། ཚེ་བདག་ལྕགས་འདྲ་ལྕགས་སྡིག །རྫོགས་ཆེན་སྙན་བརྒྱུད། པད་གླིང་བླ་མ་པདྨ་ནོར་རྒྱམ། དྲི་མེད་ལྷུན་པོའི་དོན་ཏིག་སོགས་དབང་ལུང་རྒྱུན་དཀོན་རིགས་མང་བར་གསན། ལོ་དེར་ཞེ་ཆེན་རབ་འབྱམས་གསུམ་པ་རིག་འཛིན་དཔལ་འབྱོར་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། རིག་འཛིན་འགྱུར་མེད་ཀུན་བཟང་ཐེག་མཆོག་བསྟན་འཛིན་དཔལ་བཟང་པོ་ཞེས་མཚན་འབུལ་སྦྲགས་སྟོན་མཆོག་ཤཱཀྱ་སེངྒེའི་རྒྱལ་ཚབ་ཏུ་མངའ་གསོལ། གུང་ཚིགས་སོགས་འདུལ་བའི་ཕྱག་ལེན་སོར་བཞག་མཛད། མེ་ཡོས་ལོར་བྱང་འབྲོག་རྫ་ཆུ་ཁར་གདུལ་བྱར་ཕེབས། བསྙེན་བཀུར་ཕུལ་ནོད་རྒྱ་ཆེ་རྟེན་བཞེངས་གྲུབ་མཆོད་སོགས་ཀྱི་རྩ་བར་ཆུད་མི་ཟ་བར་མཛད།
དགུང་གྲངས་ཉེར་གཅིག་ཆུ་བྱ་ལོར་སྔར་ནས་དབང་ལུང་ཁྲིད་གསུམ་རྒྱ་ཆེར་གསན་པ་ལྟར། གྲུབ་དབང་འཇིགས་མེད་འཕྲིན་ལས་འོད་ཟེར་གྱི་མདུན་ཆེད་ཕེབས་ཀྱིས་ཀུན་མཁྱེན་ཡབ་སྲས་ཀྱི་བཀའ་གཏེར་དག་སྣང་བསྟན་བཅོས་སྐོར་དང་། སྙན་བརྒྱུད་རྡོ་རྗེ་ཟམ་པ་སོགས་ཀྱི་དབང་ལུང་ཁྲིད་གསུམ་རྒྱ་ཆེར་གསན། ཁྱད་པར་རྫོགས་ཆེན་མན་ངག་སྙིང་ཐིག་གི་དགོངས་པ་ཐུན་མིན་དོན་བརྒྱུད་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ཆོས་ཉིད་རིག་སྟོང་རྗེན་པ་ས་དང་པོ་མཐོང་ལམ་གྱི་རྟོགས་པ་མངོན་དུ་མཛད་དེ། རྗེ་ནམ་མཁའ་ཚེ་དབང་མཆོག་གྲུབ་དང་རྡོ་གྲུབ་ཆེན་གཉིས་བཀའ་དྲིན་ཁྱད་པར་མེད་ཅིང་རྩ་བའི་བླ་མ་ཐུན་མིན་གྱི་དད་གུས་དམ་པར་མཛད། ཤིང་ཁྱི་དགུང་གྲངས་ཉེར་གཉིས་པར་དབུས་ཕྱོགས་སུ་ཆིབས་བསྐྱོད་གནང་། རྩེ་ཤོད་ཆོས་འཁོར་གསུམ་དང་རྡོ་སྨིན་སོགས་སུ་མཆོད་སྤྲིན་རྒྱས་སྤྲོས་དང་། རྒྱལ་དབང་དགུ་པ་ལུང་རྟོགས་རྒྱ་མཚོ་ལྡན་ཡུལ་དུ་འཁྲུངས། ར་ཁོ་ཚང་སྐུ་རིགས་གཅིག་པའི་དབོན་དུ་སོང་བས་རྒྱལ་བས་ནང་བརྩེས་གཟིགས་གསོས་ཚད་མེད་དང་། བོད་སྐྱོང་རྒྱལ་ཚབ་དེ་མོ་ནས་ཀྱང་མཐོང་བཀུར་ཚད་མེད་མཛད། གཏེར་ཆེན་ཀློང་ཆེན་རོལ་པ་རྩལ་གྱིས་རང་གཏེར་པདྨ་རྒྱལ་པོའི་ཆོས་སྐོར་ཤིན་ཏུ་ཟབ་པ་གཙོ་བོར་གྱུར་པའི་སྨིན་གྲོལ་གྱི་གདམས་པ་བསྩལ་ཞིང་། ལྷག་པར་རྫོགས་ཆེན་སྙིང་ཐིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཐོད་རྒལ་གྱི་ཉམས་ཁྲིད་བསྩལ་བ་ཐུགས་ཉམས་སུ་བཞེས་པས། རིག་པ་ཚད་ཕེབས་ཀྱི་རྟགས་སྣང་མངོན་དུ་གྱུར། ཟུར་ཕུ་ལྷ་ལྡིང་གཏེར་ཆེན་ཟླ་བའི་འོད་ཟེར་ལས་རང་གཏེར་རིག་འཛིན་བདེ་འདུས་ཀྱི་སྨིན་གྲོལ་རྫོགས་པར་གསན་ཞིང་ཆོས་ཀྱི་བདག་པོར་དབུགས་དབྱུང་། མཁར་རྡོ་གྲུབ་དབང་ཆོས་ཀྱི་རྡོ་རྗེ་ལས་ཀྱང་ཆོས་འབྲེལ་གསན་ཅིང་ཆོས་བདག་ཏུ་ངོས་འཛིན་མཛད། རྡོ་རྗེ་བྲག་ཏུ་རིག་འཛིན་ཀུན་བཟང་ཞིང་གཟིགས་པས་མི་བཞུགས་ཀྱང་། རྒྱལ་ཚབ་ལྕགས་ལའི་ཐུགས་སྲས་མཇལ་ཞིང་ཚེ་དབང་གསན། འབུལ་ནོད་རྒྱ་ཆེར་མཛད། ཨོ་རྒྱན་སྨིན་གྲོལ་གླིང་དུ་ཟླ་འཁོར་ལྷག་ཙམ་དུ། ཁྲི་ཆེན་པདྨ་རྣམ་རྒྱལ་ལས། བཀའ་མའི་དབང་ལུང་དང་གཏེར་བདག་གླིང་པའི་ཟབ་གཏེར་གྱི་སྨིན་གྲོལ་རྒྱ་ཆེར་གསན་བཞེས་དང་། ཐུགས་ཡིད་གཅིག་འདྲེས་ཀྱིས་མཐོང་བཀུར་ཚད་མེད་གནང་། འབུལ་ནོད་དང་འདུས་སྡེར་བསྙེན་བཀུར་ཤིན་ཏུ་ཟབ་རྒྱས་སྤྲོས། ལྕགས་ཟམ་མཆོག་སྤྲུལ་ལས་བཀའ་ཁྲིད་ཙམ་གསན། སླར་ལྷ་ལྡན་དུ་ཕེབས། མཁན་ཆེན་ཞི་བ་མཚོའི་རྣམ་སྤྲུལ་རྒྱལ་ཚབ་དེ་མོ་ཧོ་ཐོག་ཐུ་བློ་བཟང་ཐུབ་བསྟན་རྒྱལ་མཚན་སོགས་དད་པའི་དགེ་འདུན་གྲངས་ཚང་བས་བསྙེན་པར་རྫོགས་ཏེ་མཁན་ཆེན་ནས་ཀྱང་བཀུར་གཟོ་གཟེངས་བསྟོད་དཔེ་དང་བྲལ་བ་གནང་། སྨོན་ལམ་ཚོགས་དབུས་སུ་རྒྱལ་དབང་དགུ་པ་ཡས་སྲས་ལྷན་རྒྱས་སྤྱན་དྲངས་ནས་མཆོད་སྤྲིན་ཤིན་ཏུ་རྒྱས་པར་སྤྲོས། མཎྜལ་གྱི་བཤད་པ་རྗེ་ཉིད་ཀྱིས་མཛད་པས་ངུར་སྨིག་འཛིན་པའི་འདུས་པ་ཐམས་ཅད་ཐུགས་ཡིད་འཕྲོག །ཚོགས་ཆེན་ལ་ཚོགས་འགྱེད་མང་ཇ་སོགས་ཁྱད་དུ་འཕགས་པ་གནང་བས་གྲགས་པའི་རྔ་ཆེན་གྱིས་ཕྱོགས་ཀུན་ཏུ་ཁྱབ། དེ་ནས་ཁམས་ཕྱོགས་སུ་ཞལ་ཕྱོགས་ནས་རང་དགོན་དུ་གེགས་མེད་ཀྱི་ཕེབས་བསུའི་བཀོད་བཤམས་རྒྱ་ཆེ་དང་བཅས་ཏེ་ཕེབས། ལུགས་གཉིས་དགའ་སྟོན་གྱིས་ཕུན་སུམ་ཚོགས་ཅིང་ཀུན་ཀྱང་རྗེས་སུ་ཡི་རངས། གླིང་གཏེར་པདྨ་འགྲོ་འདུལ་རྩལ་ཡང་ཕེབས་ནས་ཐུགས་ཡིད་གཅིག་ཏུ་འདྲེས་ཤིང་རྟེན་འབྲེལ་གྱི་ལེགས་ཚོགས་རྒྱས། མེ་གླང་ལོར་སྡེ་དགེ་ལྕང་རའི་བུམ་སྒྲུབ་ཆེན་མོར་སྔར་སྲོལ་ལྟར་གདན་དྲངས་ཤིང་འགྲོ་ཕན་རྒྱ་ཆེར་སྤེལ། དེ་ནས་བཟུང་ལོ་གསུམ་རེ་ཙམ་གྱི་མཚམས་སུ་བུམ་སྒྲུབ་ལ་བསྟར་ཆགས་སུ་ཕེབས་པས་མཚོན་ཆོས་རྒྱལ་ཆེན་པོས་དད་གུས་ཚད་མེད་པས་མཆོད་ཅིང་དབུའི་ཅོད་པཎ་གཅིག་པུར་གྱུར། དེ་ལྟ་བུའི་མཛད་པས་མཚོན་ལོ་ལྟར་རྫ་རྒྱུད་ཡིད་ལྷུང་ལྷ་རི་སོགས་ལ་རེས་མོས་ཀྱིས་འགྲོ་དོན་དང་། བར་སྐབས་སུ་ཐུགས་དམ་གྱི་གཙོ་བོ་བཀའ་བརྒྱད་དྲག་པོ་དཔལ་ཆེན་འདུས་པ། རྗེ་དྲུང་དགོངས་གཏེར་པདྨ་རྒྱལ་པོ། ཟུར་ཕུ་གཏེར་ཆེན་ཟླ་བའི་འོད་ཟེར་དང་ཀློང་ཆེན་རོལ་པ་རྩལ་གྱི་གཏེར་གསར་རྣམས་ཀྱིས་གཙོས་བཀའ་གཏེར་ཚད་ལྡན་བླ་མ་ཡི་དམ་གྱི་བསྙེན་སྒྲུབ་དཔག་ཏུ་མེད་པ་མཛད། སྐུ་གེགས་འཚུབ་འགྱུར་གྱི་རིགས་ཀྱང་དགོངས་པའི་རྩལ་དང་ཞབས་བརྟན་རྒྱ་ཆེར་བསྒྲུབས་པས་ཅུང་ཟད་ཀྱང་མ་གོས་པར་སྐུ་ཚེ་དང་འཕྲིན་ལས་མཐར་ཕྱིན་པ་སྙིགས་མིའི་དུས་ཀྱི་བསྟན་འཛིན་ཆེན་པོ་ཞིག་ལ་འགྲན་ཟླ་དང་བྲལ་ཞིང་། སྐུ་ཚེ་རིལ་པོར་ཐུགས་དམ་སྐབས་སུ་ཞུ་མཁན་སུ་ཡོད་ལ་སྔ་འགྱུར་བཀའ་གཏེར་གྱི་དབང་ལུང་ཁྲིད་གསུམ་རྒྱ་ཆེར་ཆད་མེད་དུ་དགྱེས་བཞིན་གནང་བས་བསྟན་པའི་སྲོག་མཐུད། བྱ་བ་ལས་ཀྱི་འཁོར་ལོ་ཡང་སྐུ་ན་ཕྲ་མོའི་དུས་སུ་མཁན་སློབ་ཆོས་གསུམ་གྱི་སྣང་བརྙན་གསེར་ཟངས་ལས་ཐོག་ཚད་བཞེངས་པ་ནས་བཟུང་རྟེན་བཞེངས་དང་། སྒྲུབ་ཁག་རྣམས་ཀྱི་ཞལ་ཐང་དང་ཡོ་བྱད་སོགས་བར་མ་ཆད་པར་བཞེངས་ཤིང་། ལྷག་པར་དུ་དགུང་གྲངས་ལྔ་བཅུར་ཕེབས་པ་ཆུ་སྟག་དབྱུག་ཟླའི་ཚེས་དྲུག་གི་ནམ་ལངས་སྐབས་བསྟན་པའི་གེགས་ཆག་སྟོབས་སུ་བདོ་བས་ཧོར་ཁོག་ནས་བརྩམས་ཏེ་ས་གཡོས་ཀྱི་འཇིགས་པ་ཆེན་པོས་དགོན་གནས་ཀྱང་རྨེག་མེད་དུ་གྱུར་པ་རྗེ་ཉིད་སྡེ་དགེའི་རྒྱལ་ཁབ་ཏུ་བཞུགས་སྐབས་ཇི་བཞིན་གཟིགས་ཏེ། སྔོན་ནས་དེ་ལྟར་འབྱུང་བའི་ལུང་བསྟན་པ་མངོན་དུ་གྱུར་པས་ཐུགས་དབྱུང་སྟེ་བྱ་བཏང་སྤོང་བ་པའི་བརྟུལ་ཞུགས་ལ་ཐུགས་གཏད་སྐབས་སྡེ་དགེ་ཆོས་རྒྱལ་དམ་ཚིག་རྡོ་རྗེས་ཐུགས་གསོ་རྒྱ་ཆེར་སྤྲོ་བ་དང་སྦྲགས་དེ་འདྲའི་དགོངས་པ་མི་བཞེས་པར་ཉམས་གསོ་གསར་བཞེངས་སྔར་ལྟར་སོར་ཆུད་མ་མཛད་ཐབས་མེད་ཀྱི་ཞུ་བ་ནན་དུ་ཕུལ། དེའི་ཞབས་འདེགས་གང་དགོས་ཆོས་རྒྱལ་རང་གིས་རྩེ་གཅིག་ཏུ་སྒྲུབ་པར་ཞལ་གྱིས་བཞེས་ཤིང་། རྩ་བདག་ཞལ་ཙམ་མིན་པར་ལས་འགོ་ཚུགས་པ་ནས་མཐར་མ་མཕྱིན་བར་རྒྱལ་ཚབ་དད་ལྡན་པ་མཁྱེན་ཡངས་ཤར་སྐལ་བཟང་རྣམ་རྒྱལ་རིང་བསྐོས་པ་དང་། ཤིང་བཟོ་རུ་བ་ཡུལ་དགོན་སྡེ་ཤོག་རེ་མོས་དང་། ཤིང་ཆ་སོགས་དགོས་འདོད་ལྷུག་པར་བསྩལ་ཞིང་། གཙོ་ཆེར་རྗེ་ཉིད་ཀྱི་ཐུགས་བཞེད་ལྟར་ཆེས་རྨད་དུ་བྱུང་བ་དང་། གཞན་དགོན་སྡེ་དང་འབྱོར་ལྡན་རྣམས་ཀྱིས་ཞལ་འདེབས་ཀྱི་གཏོང་སྒོ་རྒྱ་ཆེས་མཚམས་སྦྱར། བསྟན་པ་རིན་པོ་ཆེ་རྫོགས་ལྡན་གསར་དུ་འཆར་བའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་གྲུབ་པས་རྗེ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ཀྱིས་ཞིབ་པར་གཟིགས་པ་དང་། རྗེས་སུ་ལྟོ་རི་བླ་མ་འགྱུར་མེད་བསྟན་འཕེལ་གྱིས་ཞབས་འདེགས་འཕྲོ་མཐུད་བཅས་རྟེན་བརྟེན་པར་བཅས་པའི་ཐུབ་བསྟན་སོངས་འདུས་དགའ་ཚལ་གྱི་གཙུག་ལག་ཁང་ཆེན་བླ་བྲང་དང་བཅས་སྔར་ལས་ཆེས་ཆེར་ལྷག་པའི་བཞེངས་བཀོད་དང་། ཉམས་གསོ་འགྲན་བྲལ་དུ་བཀའ་དྲིན་བསྐྱངས་པས་མཚོན་བསམ་གྱིས་མི་ཁྱབ་པའི་འཕྲིན་ལས་རྒྱས། ལྷག་པར་ཀློག་པ་ཐོས་བསམ་གྱི་འཁོར་ལོ་ཀུན་མཁྱེན་བླ་མ་གཞན་ཕན་མཐའ་ཡས་དང་བཀའ་བགྲོས་ཏེ། གངས་ལྗོངས་མཁས་གྲུབ་བྱེད་བའི་བསྟི་གནས། དཔལ་སེང་གེ་རིའི་ལྔ་རིག་ཆོས་གྲྭ་ཆེན་མོའི་གཙུག་ལག་ཁང་། གྲྭ་ཁང་བརྒྱ། རྒྱལ་སྲས་གཞན་ཕན་མཐའ་ཡས་པའི་གཟིམས་ཁང་བླ་བྲང་དང་བཅས་པ་གསར་བསྐྲུན་དང་།
མདོ་སྨད་འདིར་མཉམ་མེད་ཤཱཀྱ་སེངྒེའི་རིང་ལུགས་རྨད་དུ་བྱུང་བ་དམ་ཆོས་འདུལ་བའི་ཕྱག་བཞེས་ཕྲ་ཞིབ་ཏུ་གཏན་ལ་ཕབ་ནས་ལས་བརྒྱ་རྩ་གཅིག་ལས་ཕྲན་དང་བཅས་པ་གཞི་གསུམ་གྱི་ཕྱག་བཞེས་གསར་དུ་སྒོ་ཕྱེས་ཤིང་མིང་ཙམ་དུ་མ་སོང་བ་འཕགས་ཡུལ་གཉིས་པ་ཇི་བཞིན་གསར་འཛུགས་འགྲན་ཟླ་དང་བྲལ་བར་མཛད། སོར་མདོ། མདོ་རྩ། ཀཱ་རི་ཀ །ཀུན་མཁྱེན་པྲ་ཛྙཱ་རསྨྲིའི་གསུང་རབ་མདོ་སྔགས་སྨོན་ལམ། སུམ་རྟགས་སོགས་འཆད་པས་བློ་གྲོས་ཀྱི་སྒོ་ཕྱེས། སྤོབས་པའི་གཏེར་བརྒྱད་གྲོལ་ཏེ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་། རིག་འཛིན་འཇིགས་མེད་གླིང་པ་ཡབ་སྲས་གཉིས་ཀྱི་གསུང་རབ་མཛོད་བདུན། ཡ་བཞི། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ། ཡོན་ཏན་མཛོད་རྩ་འགྲེལ། མངའ་རིས་པའི་སྡོམ་གསུམ་རྣམ་ངེས་རྩ་འགྲེལ་སོགས་ཉེར་མཁོའི་གཞུང་སྙིང་པོར་དྲིལ་བ་དང་། དཔལ་སྒྱུ་འཕྲུལ་གསང་བ་སྙིང་པོ་སོགས་མདོ་སྔགས་ཀྱི་འཆད་ཉན་རྒྱ་ཆེན་པོ་དར་ཞིང་། དེ་དག་གི་གསུང་རྒྱུན་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། མཁན་ཆེན་པདྨ་རྡོ་རྗེ་སོགས་ལ་གཉེར་དུ་བསྩལ་ནས། དེ་གཉིས་ཀས་འཇམ་མགོན་མི་ཕམ་རྒྱ་མཚོའི། དབོན་ཨོ་རྒྱན་བསྟན་འཛིན་ནོར་བུ་སོགས་ལ་ཞལ་ནས་སྙན་དུ་བརྒྱུད་དེ་གདམས་པ་མ་ལུས་པ་གནང་ཞིང་། ད་ལྟའི་བར་དུ་མི་ཉམས་གོང་འཕེལ་དུ་གནས་པ་འདི་ཉིད་རྒྱལ་སྲས་གཞན་ཕན་མཐའ་ཡས་དང་། སྤྲུལ་པའི་སྐྱེས་ཆེན་འདི་རྣམ་གཉིས་ཀྱི་ཐུགས་བསྐྱེད་དང་མཛད་པ་རླབས་པོ་ཆེ་དུས་སུ་སྨིན་པ་ལས་བྱུང་བའི་སྙན་གྲགས་ཀྱིས་ས་སྟེང་མ་ལུས་པ་ཁྱབ་པར་མཛད་དོ། དེ་ལྟ་བུའི་གསན་བསམ་སྒོམ་བྱུང་གིས་དཔྱད་གསུམ་དག་པ་མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་གསུམ་གྱི་དྲི་མ་ཕྲ་མོས་ཀྱང་མ་གོས་པ་གཙོ་གྱུར་འཁོར་ལོ་གསུམ་གྱི་མཛད་པ་མཐའ་ཡས་པའི་ཐོག་མར་ཟབ་རྒྱས་དམ་ཆོས་རྒྱ་ཆེར་གསན་པའི་ཡོངས་འཛིན་གྱི་གཙོ་བོ་ནི། གོངས་སྨོས་ལྟར་མཁས་གྲུབ་ནམ་མཁའ་ཚེ་དབང་མཆོག་གྲུབ་དང་། ལྷ་སྲས་མཆོག་གྲུབ་རྒྱལ་པོའི་རྣམ་སྤྲུལ་གྲུབ་དབང་འཇིགས་མེད་འཕྲིན་ལས་འོད་ཟེར་ཏེ། བཀའ་དྲིན་འགྲན་ཟླ་དང་བྲལ་བའི་རྩ་བའི་བླ་མ་མཆོག་གི་རྡོ་རྗེ་སློབ་དཔོན་རྣམས་ཉིས་ཀྱིས་གཙོས། རྗེ་རྒྱལ་སྲས་ཀུན་མཁྱེན་བླ་མ་ལོ་ཆེན་བཻ་རོ་ཙ་ནའི་རྣམ་རོལ་ཁྱབ་བདག་བཀའ་འགྱུར་པ་ཆེན་པོ་གཞན་ཕན་མཐའ་ཡས་ལས་བཀའ་འགྱུར་བསྟན་འགྱུར་ལུང་རྒྱུན་གང་ཡོད་དང་། ཁྱད་པར་དུ་སྔ་འགྱུར་རྙིང་མའི་གཞུང་ལུགས་གསུང་བཤད། འཕགས་བོད་ལོ་པཎ་རྣམས་ཀྱི་ཞལ་ཁྲིད་འཁྲུལ་མེད་ཀྱི་དབང་ལུང་གི་རྒྱུན་དང་བཤད་རྒྱུན་རྒྱ་ཆེར་གསན་ཅིང་། གྲུབ་དབང་དཔོན་སློབ་རིན་པོ་ཆེ་པདྨ་མདོ་སྔགས་བསྟན་འཛིན་དང་ཞལ་མཇལ་བྱིན་གྱིས་བརླབས། བླ་མ་ཚེ་དབང་ལས་བཀའ་བརྒྱད་དབང་ཆེན། དགེ་རྩེ་བླ་མ་འཇིགས་མེད་ངོ་མཚར་ལས་འདུས་པ་མདོ་དབང་ཆེན་མོ། ཞེ་ཆེན་རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ་ལས་བཀའ་གཏེར་གྱི་དབང་ལུང་། རབ་འབྱམས་པ་གསུམ་པ་རིག་འཛིན་དཔལ་འབྱོར་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་དབང་ཆོས་ཆེ་རིགས། ཉི་སྤྲུལ་གསུམ་པ་མི་འགྱུར་ཕན་བདེ་རྒྱ་མཚོ། གླིང་གཏེར་པདྨ་འགྲོ་འདུལ། གཡག་ཟེ་སྐྱ་ཡས་སྒྱུ་འཕྲུལ་རྡོ་རྗེ། འབོ་རོ་དབོན་ཨོ་རྒྱན་རྒྱ་མཚོ། བདུད་འདུལ་གདུང་རྒྱལ་སྲས་པདྨ་རྣམ་རྒྱལ། སྤྲུལ་པའི་གཏེར་ཆེན་གྲུབ་པའི་ཁྱུ་མཆོག་དཔའ་བོ་ལས་རབ་རྩལ་ལམ་ཆོས་དབྱིངས་དྲི་མེད་རྩལ། ཕྱག་ན་པདྨོ་འཇིགས་མེད་རྒྱལ་བའི་མྱུ་གུ །ཇིང་གིར་གནམ་གྱི་གདུང་ལས་ཨ་རིང་རྫོང་ཆེན་བཅོ་བརྒྱད་ཀྱི་བདག་པོ་ཀུན་དགའ་རྡོ་རྗེ་ཞེས་བྱ་བའི་བུ་ཆུང་བ། ཁ་འབར་བས་འབར་ཆུང་དུ་ཐོགས་པ་དེའི་མི་བརྒྱུད་ལས་སྨན་བླ་མགོན། དེའི་བུ་ལ་སྲོག་ཕྲུག་ཐར་པ་དང་། གསེར་རྣ་གཉིས་བྱུང་བའི་ཕྱི་མའི་རྒྱུད་ལས། ཡབ་དཔོན་ཚང་གནམ་ལྷ་ཡག་དང་། ཡུམ་སྒ་ཟ་བདེ་འཛོམས་གཉིས་ཀྱིས་སྲས་སུ་རྨ་ཆུ་རྒྱུད་དང་ཉེ་བ་དར་གྱི་ལྕགས་ཕྲེང་བྱ་བར་ཤིང་རྟ་ལོའི་རྒྱལ་ཟླའི་ཚེས་བཅོ་ལྔར་སྐུ་འཁྲུངས་པ་རིག་འཛིན་གཏེར་བདག་གླིང་པའི་སྐུ་སྐྱེ་འགྱུར་མེད་བཀྲ་ཤིས་རྒྱ་མཚོ་ཞེས་རྫོགས་ཆེན་གཉིས་པའི་ཐུགས་སྲས་ཀྱི་ཐུ་བོ་དེའི་སྐྱེ་སྲིད་གོང་གསལ་རྒྱལ་སྲས་གཞན་ཕན་མཐའ་ཡས། གྲུབ་མཆོག་འཇིགས་མེད་གོ་ཆའི་དབོན་མཁས་གྲུབ་འཕྲིན་ལས་དར་རྒྱས་སོགས་ལས་གསར་རྙིང་བཀའ་གཏེར་དག་སྣང་གི་སྨིན་གྲོལ་ཁྲིད་ལུང་རྒྱ་མཚོ་ལྟ་བུ་གསན། གཞན་ཡང་ཀཿ ཐོག་ཞིང་སྐྱོང་མཆོག་སྤྲུལ་རིག་འཛིན་འཇིགས་མེད་མགོན་པོ། རྨོག་སྟོན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ། རྒྱ་རོང་དབོན་སྤྲུལ་བསྟན་པའི་ཉི་མ་གོང་འོག །ནམ་སྤྲུལ་གཉིས་པ་ཀུན་བཟང་ཐེག་མཆོག་རྡོ་རྗེ། ཞེ་ཆེན་རབ་འབྱམས་མི་འཇེད་ཞིང་གི་མགོན་པོ། རྒྱལ་ཚབ་ཨོ་རྒྱན་རང་བྱུང་རྡོ་རྗེ་གྲུབ་མཆོག་སོགས་སྔ་འགྱུར་འཛིན་པ་རྣམས་དང་། གསར་མ་གངས་ཅན་གྱི་མགོན་པོ་རྒྱལ་བ་ལུང་རྟོགས་རྒྱ་མཚོ། དེ་མོ་ཧུ་ཐོག་ཐུ་ཡབ་སྲས། མདོ་ཁམས་ལྔ་པ་སྒྲུབ་བརྒྱུད་ཉི་མ། ངོར་ཐར་རྩེ་མཁན་ཆེན་བྱམས་པ་རྣམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། རྣལ་འབྱོར་འཇམ་དཔལ་བཟང་པོ། ཕན་ཁང་མཁན་ཀུན་དགའ་བསྟན་པའི་བློ་གྲོས། ཞབས་དྲུང་ཁག །ནཱ་ལེནྡྲའི་གཟིམས་འོག་མཆོག་སྤྲུལ་བྱམས་པ་བསྟན་འཛིན་སྙན་གྲགས་སོགས་ས་དགེའི་ཕྱོགས་དང་། ལྷ་འབྲང་རིག་འཛིན་དཔལ་ལྡན་ཆོས་རྒྱལ། ཁྱད་པར་ཀུན་མཁྱེན་འཇིགས་མེད་གླིང་པའི་རྣམ་སྤྲུལ་འཇིགས་མེད་ཡེ་ཤེས་རྡོ་རྗེ། འཇིགས་མེད་སྐལ་བཟང་། ཕྱིས་སུ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་བར་རིས་སུ་མེད་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ལས་ཆོས་འབྲེལ་ཅི་རིགས་པར་གསན་པས་གསན་རྒྱ་ཤིན་ཏུ་ཆེ་བ་གསན་ཡིག་པོད་ཆེན་རྣམས་སུ་གསལ་བ་དང་། དེ་ལྟར་གསན་པ་རྣམས་ཀྱང་ཕལ་ཆེར་ལན་མང་དུ་འཆད་སྤེལ་དང་། ཐ་ན་ཡང་ཚར་ཁ་ཤས་མ་འཆད་པ་མེད་པ་ལྟ་བུ་སྐུ་ཚེ་རིལ་པོར་འཆད་ཉན་སྒོམ་སྒྲུབ་རླབས་པོ་ཆེ་གནང་བའི་གྲུབ་འབྲས་བརྒྱུད་འཛིན་གྱི་ཞལ་སློབ་ནམ་མཁའི་སྐར་ཚོགས་ལྟར་ཚད་བཟུང་མད་པ་ལས་རགས་རིམ་ཙམ་ཞིག་སྨོས་ན།
དཔོན་སློབ་སྐུ་ཕྲེང་གསུམ་པ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ། བཞི་པ་འཇིགས་མེད་ཆོས་དབྱིངས་འོད་གསལ། སྔ་འགྱུར་བཤད་སྒྲུབ་ཀྱི་བསྟན་པའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་ཏེ་རྒྱལ་ཚབ་ཆེན་པོའི་ས་བརྙེས་པ་གསུམ། གཏེར་ཆེན་ཉི་མ་གྲགས་པའི་སྐུ་རབས་བཞི་པ་དཀོན་མཆོག་འཇིགས་མེད་རྒྱལ་མཚན། རབ་འབྱམས་བཞི་པ་མི་མཇེད་ཞིང་མགོན། རྒྱལ་ཚབ་མི་བསྐྱོད་མཁས་གྲུབ། རྗེ་དབོན་གསུམ་པ་གར་དབང་ཐུགས་མཆོག་རྡོ་རྗེ། ནམ་སྤྲུལ་གཉིས་པ་ཀུན་བཟང་ཐེག་མཆོག་རྡོ་རྗེ་སྟེ་བརྒྱུད་འཛིན་གདམས་པའི་གཏེར་མཛོད་འཛིན་པ་ལྔ། རིག་འཛིན་འཇིགས་མེད་གླིང་པའི་ཐུགས་སྤྲུལ། ཡབ་གཉན་ཆེན་ཐང་ལྷ་དང་ཡུམ་ཤ་ཟ་ཁ་མོ་ཆེའི་སྤྲུལ་པ་ཐབས་ཤེས་རོལ་པར་སྐུ་བལྟམས་པ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། གླིང་ཚ་གཏེར་སྟོན་པདྨ་འགྲོ་འདུལ། མཆོག་གྱུར་བདེ་ཆེན་གླིང་པ་སྟེ། སྤྲུལ་པའི་གཏེར་སྟོན་རྣམ་གསུམ། འཇིག་རྟེན་དབང་ཕྱུག་མིའི་གཟུགས་སུ་བྱོན་པ་འཇིགས་མེད་རྒྱལ་བའི་མྱུ་གུ་ཞེས་འགྲོ་དོན་འཕྲིན་ལས་མཐའ་ཡས་པའི་ས་ཐོབ་སེམས་དཔའ་ཆེན་པོ་གཅིག །རྡོ་གྲུབ་ཆེན་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན། རིག་རྩལ་ཐོགས་མེད་གླིང་པའམ་ཨོ་རྒྱན་འཇིགས་མེད་འཕྲིན་ལས་འགྲོ་འདུལ། མཆོག་སྤྲུལ་པདྨ་བདེ་ཆེན་བཟང་པོ་སྟེ་མཁྱེན་བརྩེ་ནུས་ལྡན་གྱི་བརྒྱུད་འཛིན་གསུམ། མཁས་གྲུབ་འཇིགས་མེད་སྐལ་བཟང་། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་སྟེ་མཁྱེན་རབ་ཟླ་མེད་རྟོགས་པའི་དབང་ཕྱུག་ཀུན་སྤང་ཆེན་པོ་གཉིས། མཁན་ཆེན་སེང་ཕྲུག་པདྨ་འོད་ཟེར་དང་། གླིང་སྤྲུལ་ཐུབ་བསྟན་རྒྱལ་མཚན་གཉིས་ནང་གི་ཐུགས་སྲས་ཐུ་བོ་གཉིས། ཀཿ ཐོག་ཞིང་སྐྱོང་། རྨོག་སྤྲུལ་གོང་འོག་སྟེ་བཀའ་གཏེར་གྱི་བསྟན་འཛིན་ཆེན་པོ་བཞི། རིགས་དབོན་འཇིགས་མེད་སོགས་ཕྱག་བཞེས་ཕྲིན་སྒྲུབ་གྱི་རྒྱལ་ཚབ་རྩེ་མོ་དགུ །ཁམས་སྤྲུལ་སྒྲུབ་བརྒྱུད་ཉི་མ་གོང་འོག་སྟེ་སྒྲུབ་བརྒྱུད་བསྟན་འཛིན་མཆོག་ཟུང་། ཞེ་ཆེན་མ་ཧཱ་པཎ་ཆེན་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་སོགས་བཤེས་གཉེན་ཆེན་པོ་བཅུ། སོག་བླ་མ་ཀུན་བཟང་བསྟན་དར་སོགས་མདོ་སྔགས་འཆད་པའི་བཀའ་བབ་ཆེན་པོ་ཉེར་བདུན། མང་ཟ་བླ་མ་དཔལ་གྱི་སེང་གེ །རོག་ཟ་དཔལ་དགེ་སོགས་སྒྲུབ་པའི་བསྟན་འཛིན་ཀ་དག་ལྷུན་གྲུབ་གྱི་དགོངས་པ་མངོན་གྱུར་སྤོང་བ་པ་ཆེན་པོ་ཉེར་བདུན། མ་གཅིག་མཁའ་འགྲོས་བྱིན་བརླབས་ཤེས་རབ་ཕར་ཕྱིན་ཕྱག་རྒྱ་ཆེན་པོའི་གྲུབ་ཐོབ་གཅོད་པ་པདྨ་ཚེ་རིང་། གཡག་ཟེ་བ་དགོངས་གཅོད་བསོད་ནམས་ནོར་བུ་སོགས་གཅོད་ཡུལ་བཀའ་བབས་ཀྱི་སྐྱེས་བུ་ལུང་ཟིན་བཞི། དགེ་རྒྱས་གཅོད་པ་རྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བརྒྱད། རས་སྤྲུལ་འཁྲུལ་སྣང་རང་གྲོལ། ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེ་སོགས་ཕྱོགས་མེད་འགྲོ་དོན་མཛད་པའི་རྣལ་འབྱོར་པ་དགུ །དཔལ་ནཱ་ལེནྡྲའི་གཟིམས་འོག་ཐམས་ཅད་མཁྱེན་པ་ངག་དབང་བསྟན་འཛིན་སྙན་གྲགས་དང་། འཇིགས་མེད་གླིང་པའི་སྐུ་ཡི་སྤྲུལ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་གཉིས་ལ་དགོངས་བརྒྱུད་བྱིན་རླབས་འཕོས་པའི་ཐུགས་སྲས་ཟླ་མེད་ཉི་ཟླ་ཟུང་གཉིས། རྒྱལ་དབང་པདྨ་ཀཱ་རའི་རྒྱལ་ཚབ་ཆེན་པོ་གཡུ་ཁོག་རྒྱ་སྤྲུལ་རིག་འཛིན་ལུང་རིགས་གླིང་པ། མཐའ་བྲལ་དབུ་མའི་ཤིང་རྟ་ལི་ཐང་དགེ་བཤེས་བྱམས་པ་ཕུན་ཚོགས། མཁས་གྲུབ་ཆེན་པོ་ཀྱི་ལང་ཐུགས་མཆོག་རྡོ་རྗེ། མཛོད་ལྔའི་ཤིང་རྟ་པ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་ཕྱོགས་མེད་ཀྱི་བསྟན་འཛིན་ཆེན་པོ་བཅུ། ཉི་གྲགས་དབོན་སྤྲུལ། ཞེ་ཆེན་དབོན་སྤྲུལ། དཔལ་སྤུངས་དབོན་སྤྲུལ། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་དབོན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུ་སོགས་ས་ཐོབ་ཀྱི་སེམས་དཔའ་ཆེན་པོ་བཅུ། བདུད་འདུལ་གདུང་འཛིན་རྒྱལ་སྲས་སྙན་གྲགས་གྲུབ་མཆོག་རྣམ་བཞི། ཁྲོ་ཟུར་གཏེར་སྟོན་སྐྱེ་ཆེན་རང་གྲོལ། རིག་འཛིན་ཚེ་དབང་ནོར་བུ་མ་ཧཱ་གཏེར་སྟོན། འོད་ལུས་གྲུབ་པ་སྟག་བླ་པདྨ་བདུད་འདུལ་ཏེ་ཟབ་གཏེར་བཀའ་བབས་ལྔ། གྲུབ་ཆེན་རྣམ་སྤྲུལ་དྲི་མེད་གྲགས་པ་དང་། ཀློང་ཆེན་རོལ་པ་རྩལ་གྱི་རྣམ་སྤྲུལ་ཏེ་སྙིང་པོའི་བསྟན་འཛིན་ཟུང་གཅིག །རྒྱལ་སྲས་གཞན་ཕན་མཐའ་ཡས་སྤྲུལ་སྐུ། རབ་འབྱམས་ལྔ་པ། རྒྱལ་རོང་དབོན་སྤྲུལ་ལྔ་པ་སྟེ་རྡོ་རྗེའི་ལུང་གིས་དབུགས་འབྱིན་ཐོབ་པའི་རྣམ་འདྲེན་གསུམ། ཉི་གྲགས་ཡང་སྲིད་དྲུག་པ་ལྷ་རིགས་དམ་པ་དང་། གྲུབ་ཆེན་ཡང་སྲིད་གསུམ་པ། ནོར་གླིང་མཆོག་སྤྲུལ། གླིང་གཏེར་གསུམ་པ། ཨ་འཛོམས་འབྲུག་པ་སྣ་ཚོགས་རང་གྲོལ་ཏེ་ལུང་གིས་ཟིན་ཅིང་བསྔགས་འོས་བསྟན་འཛིན་བཞི། རང་དགོན་འབྲུག་སྤྲུལ་ཅེ་ཆུང་རྣམ་གཉིས་དང་། ཀུན་བཟང་སྤྲུལ་པའི་སྐུ་སྟེ་རྒྱལ་བསྟན་འཛིན་སྤེལ་ལ་བསྔགས་པ་མཆོག་སྤྲུལ་གསུམ། གྲུབ་བརྙེས་རིག་འཛིན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་སྐུ་ཕྲེང་དང་པོ་དང་གཉིས་པ་ཨ་ལག་ནམ་མཁའ་རྒྱ་མཚོ་སྟེ་རྡོ་རྗེ་འཛིན་པ་དྲག་སྔགས་བཀའ་བབས་ཆེན་པོ་གསུམ། ཡང་སློབ་སྔགས་ནག་ཕུར་ཐོག་སྟོང་དང་དགུ་བརྒྱ། རིག་འཛིན་ཉི་གྲགས་སྤྲུལ་པར་བསྔགས་པ་ས་སྐྱོང་སྡེ་དགེའི་རྒྱལ་སྲས་བླ་མ། ཡིད་ལྷུང་གཡག་ཟེ་མཆོག་སྤྲུལ་རྣམ་གཉིས། ཨ་གྲོ་བླ་མ། འཇུ་སྤྲུལ་པདྨ་བསྟན་འཛིན། ལེབ་དགོན་སྤྲུལ་སྐུ་སོགས་སྨིན་གྲོལ་ཕྱོགས་བརྒྱར་སྤེལ་བའི་སྤྲུལ་དབོན་ལྔ་བཅུ། དཔལ་ཡུལ་དབོན་སྤྲུལ། ཞེ་ཆེན་སྤྲུལ་སྐུ། མི་ཉག་ཀུན་བསོད། ཛར་ཀ་དབོན་པོ་སོགས་ཕྱོགས་མཐའི་གསར་རྙིང་གི་བཤེས་གཉེན་བཅུ་དྲུག གསེར་ཏོག་དབོན་པོ་ཁུ་དབོན་སྟོང་དཔོན་རྡོ་ལྷུན། ཆོས་སྐོར་ཀློང་གསལ་སོགས་རང་དགོན་མ་ལག་དང་། ཕྱོགས་བྲལ་དུ་བཞུགས་པའི་བླ་མ་བསྟན་འགྲོའི་དགེ་ལེགས་སྤེལ་བ་རྣམ་ཐར་ཆེན་མོར་མཚན་གསོལ་བ་བརྒྱ་རྩ་ལྷག་པ་སོགས་བགྲང་གིས་མི་ལང་པ་མདོར་ན་དུས་དེར་བོད་ཆེན་པའི་སྡེ་དགེ་གཙོར་གྱུར་སྔ་འགྱུར་རིང་ལུགས་འཛིན་པ་དགོན་ཆེན་བརྒྱ་རྩ། དགོན་ཕྲན་སྟོང་རྩ་སོགས་དང་། གསར་རྙིང་བན་དེ་བོན་པོ་རྟིང་ཆེན་སྦྲ་སྤྲུལ། བོན་གཏེར་ཚེ་དབང་གྲགས་པ་སོགས་རིས་བྲལ་གྱི་སྐྱེས་ཆེན་མཆོག་གཟིགས་ཕལ་མོ་ཆེ་ཐམས་ཅད་རྗེ་འདིའི་ཞལ་མཇལ་ཆོས་འབྲེལ་མ་ནོད་པ་འགའ་ཡང་མེད་པ་ལྟ་བུར་གྱུར་པས་འགྲོ་བ་བཞི་ལྡན་གྱི་འཕྲིན་ལས་སྡེ་དགོན་ཡུལ་གྲུབ་རྒྱལ་ཁམས་ཐམས་ཅད་ལ་འཕྲལ་ཡུན་ཀུན་ཏུ་བདེ་སྐྱིད་དཔལ་ཡོན་གྱི་འབྱུང་གནས་བསམ་གྱིས་མི་ཁྱབ་ཅིང་བརྗོད་པའི་ཡུལ་ལས་འདས་པ་དང་།
བསྟན་པ་སྟོབས་ཀྱིས་འདེགས་པའི་སྦྱིན་བདག་ཀྱང་། དཔལ་ཚངས་སྲས་མི་ཡི་དབང་པོ་སྡེ་དགེ་ཆོས་རྒྱལ་ཡབ་སྲས་དབོན་བཅས། ལྕགས་ལ་མི་ཆེན་རྒྱལ་པོ། ཡིད་ལྷུང་ལྷ་རིགས་ཆོས་རྒྱལ། གླིང་ཚང་རྒྱལ་པོ་ཡབ་སྲས་གཙོར་གྱུར་ཐུ་མི་ཁག་སོ་གཉིས། དེམ་ཕྱི་ཉེར་ལྔར་གྲགས་པ་ཕལ་ཆེར་དང་། གཞུང་ས་དགའ་ལྡན་ཕོ་བྲང་པའི་བཀའི་བློན་པོ་ཞབས་པད་ས་དབང་ཕུ་ལུང་པ་སོགས་མི་ཆེན་བཀའ་བློན་ཐམས་ཅད་ཀྱིས་ཀྱང་གུས་པའི་སྤྱི་བོས་བཏུད་ཅིང་མི་ཕྱེད་པའི་དད་པས་བཀུར་མཆོད་སོགས་མདོར་ན་ལུགས་གཉིས་ཀྱི་སྒོ་ནས་ཕྱི་མའི་དུས་འདིར་རྗེ་འདི་ཁོ་ན་འཕྲིན་ལས་རླབས་ཆེ་བའི་མཛད་པ་བསམ་གྱིས་མི་ཁྱབ་པ་འགྲན་ཟླ་དང་བྲལ། ཕྱི་ཚུལ་ལ་སྟོན་པས་ལེགས་པར་གསུངས་པའི་ཆོས་འདུལ་བ་ནས་ཇི་སྐད་བཤད་པའི་བླང་དོར་གྱི་གནས་ཕྲ་མོ་ཙམ་ཡང་བག་ཡངས་སུ་མི་གཏོང་བ་སྡོམ་བརྩོན་སྡེ་སྣོད་འཛིན་པའི་རྒྱལ་པོར་གྱུར་པ་ནི་འཕགས་ཡུལ་གྱི་འདུལ་འཛིན་ཆེན་པོ་ཡོན་ཤཱཀ་གཉིས་དང་མཁན་ཆེན་ཞི་བ་མཚོ་སོགས་ཀྱི་རྣམ་ཐར་ལ་འགྲན་བཟོད། ནང་དུ་སྐྱེ་བ་དུ་མར་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་ཡོངས་སུ་དུལ་བ་ལ་གོམས་པས་གཞན་གྱིས་ལོག་སྒྲུབ་བཟོད་པའི་གོ་ཆ་མཆོག་ཏུ་བརྟན་ཞིང་ཐུགས་ནམ་དུ་ཡང་འཁྲུགས་པ་མི་མངའ་བ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་རྣམ་ཐར་དང་ཚུལ་མཚུངས། གསང་བ་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ལམ་ལས་གྲུབ་པའི་ས་མཐོར་གཤེགས་ཤིང་སྣང་སྤྱོད་ཡེ་ཤེས་ཀྱི་རོལ་པ་ཤར་བས་བླ་མ་དང་ལྷག་པའི་ལྷ་དུ་མའི་ཞལ་གཟིགས་ལུང་བསྟན་གྱིས་རྗེས་སུ་བཟུང་ཞིང་ཟབ་ཆོས་གདམ་པའང་དུ་མ་བསྩལ།
བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པས་གྲུབ་མཐའི་ཁ་འཛིན་དང་ཕྱོགས་ལྷུང་གི་ཆགས་སྡང་གཏན་ནས་མི་མངའ། འཇིག་རྟེན་ཆོས་བརྒྱད་ཀྱི་འཛིན་པ་ཞིག་ལས་ཆེ་ཐབས་དང་མི་ཆེན་གྱི་ལད་མོ་མི་མཛད། དུས་གསུམ་ས་ལེར་གཟིགས་པས་ལྐོག་གྱུར་གྱི་ཆོས་རྣམས་ནོར་འཁྲུལ་མེད་པར་གཏན་ལ་དབབ་ནུས། དད་ལྡན་ཉམས་ཆུང་རེ་རའི་ཕྱིར་ཡང་ཆོས་བཀའ་གང་འདོད་དུ་བསྩལ་བ་སོགས་ངོ་མཚར་བའི་རྣམ་ཐར་བགྲང་གིས་མི་ལང་། གཞན་ཡང་དེ་དུས་དམ་པ་སུ་གང་གིས་ཀྱང་མ་ཐུལ་བའི་བདུད་རྒྱལ་ཉག་རོང་བུ་ལོང་མ་ཡང་ལྟ་དགོངས་བྱང་ཆུབ་སེམས་ཀྱི་ཟིལ་གྱིས་སྤ་བཀོང་བར་བྱས་ཏེ། དམ་འོག་ཏུ་བཅུག་ནས་སྐྱེ་བ་གཅིག་ལ་ངན་སོང་དུ་མི་གཏོང་བར་གསོལ་བ་བཏབ་པ་བཞིན་ཞལ་བཞེས་གནང་བའང་དེ་ལྟར་གྱུར་པའི་ལོ་རྒྱུས་ཡོད། མཐར་རྫོགས་པ་ཆེན་པོའི་རིག་འཛིན་རྣམ་པ་བཞིའི་གསང་ལམ་མཐར་ཕྱིན་ནས་ཆོས་ཉིད་ཟད་སར་གཤེགས་ཏེ་གདོད་མའི་སངས་རྒྱས་དཔལ་ཀུན་ཏུ་བཟང་པོ་དང་དགོངས་ཀློང་དབྱེར་མེད་པར་མངོན་པར་བྱང་ཆུབ། སྐུ་ཚེ་དང་འགྲོ་དོན་མཐར་ཕྱིན་པའི་སྒོ་ནས་རེ་ཞིག་གདོད་མའི་དབྱིངས་སུ་ཞི་བར་གཟིམས་པའི་ཚུལ་བསྟན་ཏོ། ། །།

0 comments:

ཟིན་བྲིས་འཚོལ་ཡུལ