དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 26 April 2012
རྫོགས་ཆེན་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
༈ རྫོགས་ཆེན་མཆོག་སྤྲུལ་སྐུ་ཕྲེང་ལྔ་པ་རིགས་བདག་པདྨ་ཐེག་མཆོག་བསྟན་འཛིན་ནམ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་བསྟན་འཛིན་འཇིགས་མེད་དབང་པོ་ནི། ཨོ་རྒྱན་དུས་གསུམ་མཁྱེན་པའི་བསླུ་མེད་རྡོ་རྗེའི་བཀའ་ལུང་གིས་ཇི་ལྟར་སྐབས་དབྱེ་བ།
རིས་མེད་བསྟན་པ་རྒྱ་མཚོའི་མངའ་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཟབ་གཏེར་རྩ་གསུམ་བདེ་གཤེགས་འདུས་པའི་གཏེར་ལུང་ལས། བི་མ་མི་ཏྲ་ཁམས་ཀྱི་ལྷོ་ཕྱོགས་སུ༔ སྤྲེལ་ལོ་དྷརྨ་བཛྲ་མིང་ཅན་འབྱུང་༔ བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་གྱུར་ན༔ སྙིང་པོའི་བསྟན་ལ་བྱ་བ་མཆོག་ཏུ་བྱེད༔ ཅེས་དང་། གཞན་ཡང་སྒྲིབ་བྲལ་ཡེ་ཤེས་ཀྱི་གཟིགས་པས་དུས་གསུམ་ས་ལེར་མཁྱེན་པའི་ལྷ་བླའི་བརྟག་ལུང་ཕྱོགས་གཅིག་ཏུ་མཐུན་པར། རབ་བྱུང་བཅོ་ལྔ་པའི་ནང་ཚན་ཆུ་སྤྲེལ། སྤྱི་ལོ་ ༡༨༧༢ ལོར་བོད་ཆེན་པོའི་ལྗོངས་ཀྱི་བྱེ་བྲག་ཆབ་མདོ་རི་བོ་ཆེའི་ཕྱོགས་སུ་ངོ་མཚར་བའི་ལྟས་བཟང་པོ་དང་བཅས་མཐོང་ན་མི་མཐུན་པ་མེད་པའི་མཚན་དཔེའི་མཛེས་སྐུ་གསར་དུ་བལྟམས་པ་ཉིད། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ཆབ་མདོ་འཕགས་པ་ལྷའི་ཐུགས་བསྐྱེད་དང་འཕྲིན་ལས་ཀྱི་མཐུ་བཟང་པོ་ལ་བརྟེན་ནས་འཛིན་བྱེད་ན་ཙོད་ལྡན་ཞེས་འབོད་པ་ཤིང་ཕག་ལོ་ཆུ་ཤེལ་དབང་པོིའི་དཀྱིལ་འཁོར་སྒྱུ་སྐར་ལྷ་མོ་མཆུས་ཉ་བའི་དཀར་ཕྱོགས། ཨོ་རྒྱན་དུས་གསུམ་མཁྱེན་པས་བྱིན་གྱིས་བརླབས་པའི་ཡར་ཚེས་བཅུ་བཀྲ་ཤིས་དགེ་བའི་ཉིན། གོང་མའི་གདན་ས་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་ཀྱི་གླིང་དུ་མི་འཇིགས་སེང་གེའི་ཁྲི་ལ་ཞབས་སོར་བཀོད་པར། དག་ཆེན་སྤྲུལ་པའི་རོལ་པ་རྫོགས་ཆེན་དཔོན་སློབ་སྐུ་རབས་བཞི་པ་འཇིགས་མེད་ཆོས་དབྱིངས་འོས་གསལ། མཁན་ཆེན་པདྨ་རྡོ་རྗེ། ཞེ་ཆེན་པདྨ་འགྱུར་མེད་རྒྱ་མཚོ། རྒྱལ་རོང་མཆོག་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ་སོགས་སྐྱེས་ཆེན་དམ་པ་རྣམས་དང་། བསྟན་པའི་སྦྱིན་བདག་ཆེན་པོ་སྡེ་དགེ་ཆོས་རྒྱལ་མཆོག་གི་གཉེར་ཆེན་དཔོན་སྟོབས། ཅབ་མདོ་རྒྱལ་བ་མཆོག་གི་ཞལ་སྔ་ནས་དྲུང་སྐོར་ལྷན་རྒྱས། དད་འབྱོར་གཏོང་སྤོབས་ཀྱིས་བརྒྱན་པའི་སྦྱིན་བདག་སོགས་ལྷ་མིའི་སྡེ་ཚོགས་བསམ་པའི་ར་བ་ལས་འདས་པ་རྣམས་ཀྱིས། རྟེན་འབྲེལ་ལ་ཉེ་ཕུན་སུམ་ཚོགས་པའི་སྒོ་ནས་གསེར་གྱི་ཁྲི་འཕང་མཐོན་པོར་འགྲོ་བ་ལྷ་དང་བཅས་པའི་སྐྱབས་དང་མགོན་དུ་མངའ་གསོལ། སྐུའི་ཡོངས་འཛིན་མཆོག་དང་། རིགས་ཀྱི་བདག་པོ་མཚུངས་མེད་བཀའ་བབ་བདུན་ལྡན་གྱི་བདག་ཉིད་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དུས་གསུམ་ན་འབྱོན་པར་དཀའ་བའི་རྣམ་འདྲེན་མཛོད་ཆེན་ལྔའི་སྲོལ་འབྱེད་བཻ་རོ་དངོས་བྱོན་གར་དབང་བློ་གྲོས་མཐའ་ཡས། ངོ་མཚར་བའི་གཏམ་བདུན་གྱི་རྣམ་ཐར་མངའ་བ་རྒྱལ་སྲས་ཞི་བ་ལྷའི་ཟློས་གར་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། དཔལ་ཆེན་དངོས་བྱོན་ཟུར་བོ་ཆེའི་རྣམ་འཕྲུལ་མཁས་དང་གྲུབ་པའི་དབང་ཕྱུག་མཁན་ཆེན་པདྨ་བཛྲ་སོགས་གསར་རྙིང་གི་མཁས་གྲུབ་རྡོ་རྗེ་འཛིན་པ་དུ་མ་ལས་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ཐོས་བསམ་སྒོམ་སྒྲུབ་མཐར་ཕྱིན་པར་མཛད་དེ་ཐུགས་ཀྱི་བུམ་བཟང་ཆོས་ཀྱི་བདུད་རྩིས་ཡོངས་སུ་འགེངས་པར་མཛད།
དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལ་མངའ་དབང་བསྒྱུར་བས་དགོངས་པའི་ཀློང་བརྡོལ། ཡིད་དཔྱོད་རྩོལ་ཞེན་གྱི་འཕྲང་ལ་མི་ལྟོས་པར་ས་ལམ་གདན་ཐོག་གཅིག་ཏུ་གཅོད་པའི་གྲུབ་བརྙེས་ཡིད་བཞིན་གྱི་རྒྱལ་སར་ཕེབས་པས་ནམ་མཁའ་ལ་བྱ་བཞིན་འཕུར་བ། སྒྲུབ་དང་མཆོད་པའི་གཏོར་མ་འོད་དུ་ཞུ་ནས་བདུད་རྩིར་གྱུར་པ། ཉི་མ་རྟོད་ལ་མནན་པ། སྐུ་གཟན་ཉི་ཟེར་ལ་འགེལ་བ། བུམ་པ་བར་སྣང་དུ་བཞག་པ། བུམ་ཆུ་ཟད་མེད་དུ་བསྒྱུར་བ། ཞབས་རྗེས་རྡོ་ལ་མངོན་པ། མྱ་ངམ་གྱི་ཐང་ནས་ཆུ་གཏེར་འདོད་པ། ཤངས་ཁྲག་རས་དཀར་དུ་བྱུགས་ནས་དྲིལ་ཏེ་གནང་བ་ཕྱིས་མཇལ་ཚེ་ཚེ་དཔག་མེད་ཀྱི་ཐང་སྐུར་གྱུར་ཅིང་རིང་བསྲེལ་གྱིས་གང་བ་སོགས་གྲུབ་རྟགས་ཀྱི་མཛད་པ་ཀུན་གྱིས་མཐོང་ཆོས་སུ་གྱུར་པ་དང་། རང་དགོན་གྱི་གཙོས་སྔ་འགྱུར་བསྟན་པའི་སྲོག་མཐུད། ལྷག་པའི་ལྷ་རབ་འབྱམས་ཀྱི་བསྙེན་སྒྲུབ་ལ་གཞོལ་བས་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ལྟ་དགོངས་ཉམས་འོག་ཏུ་ཆུད་དེ་གྲུབ་པའི་གོ་འཕང་མཐོན་པོ་མངོན་དུ་མཛད།
ཁྱད་པར་དུ་སྔོན་གྱི་ཐུགས་བསྐྱེད་དུས་སུ་སྨིན་པས་དཀར་ནག་རྒྱ་ཡི་ཡུལ་གྲུ་ཚུན་ཆད་འཕྲིན་ལས་ཀྱི་གདུགས་དཀར་གཅིག་གིས་ཁྱབ་པ་དང་། གདུལ་བྱ་དུས་བབས་ཀྱིས་མདོ་སྨད་མི་ཉག་གི་བར་བསྟན་འགྲོའི་དཔལ་དུ་ཞབས་ཀྱིས་གཅགས་ཤིང་། གཡུ་མཁར་ཐེག་ཆེན་ཆོས་འཁོར་གླིང་གི་གཙོས་སྨད་གྱི་དགོན་སྡེ་བཅུ་གསུམ། ཟླ་རྒྱུད་ཕྱག་ཚ་དགོན་གྱི་གཙོས་བར་གྱི་དགོན་ལག་ཉེར་ལྔ་སོགས་སུ་སྨིན་གྲོལ་རྒྱབ་རྟེན་དང་བཅས་པའི་སྒོ་འཕར་གསར་དུ་ཕྱེས་ཏེ་འབྲེལ་ཚད་ཡང་དག་པའི་ལམ་དུ་བཀོད། དུས་གསུམ་སྒྲིབ་མེད་དུ་གཟིགས་པས་དམ་པ་འདི་མ་གཤེགས་གོང་། རབ་བྱུང་བཅུ་དྲུག་པ་ཤིང་ཕག་གི་ལོར་གློ་བུར་ཞིག་ལ་སྡེ་དགེ་ནས་གནས་ར་དགེ་བཤེས་བཀའ་འགུག་གིས། ཉིན་གཅིག་ཁྱེད་སང་ཉིང་དགོན་གྱི་ཕུ་ནགས་ཚལ་དུ་གཙུག་ལག་ཁང་གསར་བཞེངས་ཀྱི་ཤིང་ཆ་ཐོན་མི་ཞིབ་ལྟ་ལ་འགྲོ་དགོས་ཅེས་བཀའ་ཕེབས་སྐབས་དགེ་བཤེས་ནས་ལགས་སོ་ཞུས་ཀྱང་སེམས་ལ་བླ་མ་རྟོགས་ལྡན་འདི་ཚོས་ཅི་གསུང་འདི་གསུང་མི་འདུག་དགོན་གྱི་ཤིང་ཆ་དགོས་མཁོ་མེད་སྙམ་ནས་དཔོན་གཡོག་ཉུང་ཤས་ཕེབས་ནས་བལྟ་རྟོགས་ཆེར་མ་བྱས་ཏེ་ཕྱིར་ལོག་དུས། སྐུ་མདུན་དུ་བཅར་སྐབས་ཤིང་གང་འདྲ་འདུག་གསུངས་པར། ཤིང་ཅི་དགོས་ཐོན་ངེས་འདུག་ཞུས་པས། འོ། བཟང་འདུག རྗེས་མ་ཁྱེད་ནས་དགོན་པ་རྒྱ་རོགས་ཅིས་ཀྱང་མཛད་དགོས་ཞེས་གནང་སྦྱིན་བཅས་ཕྱིར་བརྫིངས། ལོ་དེའི་ཟླ་བ་བཅུ་པའི་ནང་བསྟན་འགྲོ་བསོད་ནམས་ཞན་པས་དགུང་ལོ་དྲུག་ཅུ་རེ་བཞི་ལ་དགོངས་པ་གཞན་དོན་ལ་གཤེགས། ལོ་རྗེས་མ་མེ་བྱི་ཟླ་བ་གཉིས་པའི་ནང་བསྟན་པའི་རྐྱེན་ཆག་གིས་དགོནཔ་བླ་བྲང་བཅས་ཤུལ་མེད་དུ་མེས་ཚིག་པ་ནི་འབྱུང་འགྱུར་སྒྲིབ་མེད་དུ་གཟིགས་པ་ཡིན་འདུག དེ་རྗེས་དགོན་པ་སླར་གསོ་བཞེངས་དུས་དགེ་བཤེས་ནས་མ་བསྐུལ་དང་ལེན་གྱིས་སྔར་ལོ་ནས་རིན་པོ་ཆེ་ནས་ཁོ་བོ་ལ་བཀའ་མངགས་མཛད་གྲུབ་པ་ཡིན་ཞེས་ཆེད་ཕེབས་ཀྱིས་དགོན་པ་མགོ་འཇུག་གཙང་མ་གྲུབ་པར་རོགས་རམ་མཛད་ཅིང་བླ་མ་སངས་རྒྱས་དངོས་མཐོང་གི་དད་གུས་ཡིད་ཆེས་བླ་ལྷག་ཏུ་འཕེལ་བར་གྱུར་ཏོ། །
གཞན་ཡང་སྐྱེས་ཆེན་འདི་ཉིད་མཉམ་རྗེས་རིས་མེད་ཀྱི་ཏིང་འཛིན་ལས་མ་གཡོས་བཞིན། རྔ་ཡབ་དཔལ་གྱི་རི་བོར་སྔ་ཕྱི་ལན་གསུམ་བྱོན་པའི་གཟིགས་སྣང་རྫོགས་ཆེན་དགོན་པའི་གཙུག་ལག་ཁང་གི་ལོག་རིས་སུ་གསལ་ཞིང་། སྔར་དབུས་སུ་བསྐྱོད་སྐབས་བསམ་ཡས་སུ་ཆོས་རྒྱལ་ཆེན་པོ་ཐོག་བབ་ཀྱིས་འཕྲིན་ལས་གང་དགོས་སྒྲུབ་པའི་གཡར་དམ་ཁས་བླངས་ཏེ་རོལ་མོ་ཁྱད་ནོར་ཅན་ཞིག་ཕུལ་བ་ལ། པེ་ཧར་དགྱེས་རོལ་ཞེས་སྔར་རྟེན་གྲལ་དུ་བཞུགས། རྗེ་ཉིད་ཀྱི་སྐུ་ཞང་བླ་རྒན་བགྲེས་པོ་ཞིག་ཡོད་པས་སྒར་གྱི་རྗེས་མ་སླེབ་པ་ལ། ཞིང་སྐྱོང་དུར་ཁྲོད་ལྷ་མོ་དངོས་སུ་བསུ་བར་བཏང་བ་སོགས་དམ་ཅན་རྣམས་བྲན་བཞིན་བཀོལ། སྲུང་མའི་སྤྱན་གཟིགས་སུ་ལྕགས་དྲྭ་བར་བཅུག་པའི་གཅན་གཟན་གཏུམ་པོ་དོམ་དྲེད་སོགས་ཀྱང་རྗེ་འདི་ཉིད་ཀྱིས་དགོངས་པ་གཏད་ཅིང་ཕྱག་ནས་འཐོར་བའི་མོད་གདུག་རྩུབ་ཞི་བ་སྟེ། ཟླ་བ་བཅུ་གཉིས་པའི་གནམ་སྟོང་ཉིན་ཁྱམས་ར་ཆེན་མོའི་གསང་སྐོར་དུ་ཁྱི་ཁྲིད་ཁྲིད་བྱས་ནས་སླར་རང་གནས་ལ་བཅུག་ཀྱང་། ཚུར་གནོད་པ་མི་བྱེད་པ་སོགས་གྲུབ་རྟགས་ཕྲན་བུའི་རིགས་སྨོས་ཀྱིས་མི་ལང་། ལྷག་པར་བཻ་རོ་དངོས་བྱོན་མཁན་ཆེན་རྡོ་རྗེ་འཆང་གཞན་ཕན་ཆོས་ཀྱི་སྣང་བའམ་གཞན་དགའ་རིན་པོ་ཆེ་དང་བཀའ་བགྲོས་ཀྱིས་རྫོགས་ཆེན་བཤད་གྲྭ་དཔལ་སེང་གེ་རི་རྟེན་དང་བརྟེན་པ་གསར་བསྐྲུན་དང་། སྒྲུབ་སྡེ་སྔར་ཡོད་གོང་འཕེལ་ཡར་རྒྱས་སོགས་མཛད།
རྗེ་འདི་ཉིད་ཀྱི་རིང་ལ་བུ་དགོན་ཉིས་བརྒྱ་ལྷག་ཏུ་འཕེལ་ཞིང་རྫོགས་ཆེན་དུ་གཉུག་མར་གནས་པའི་དགེ་འདུན་པའི་ཞལ་གྲངས་སྟོང་ལས་ལྷག་པར་གྱུར། གཞན་ཡང་སྟོང་མཆོད་ཀུན་བཟང་མཆོད་སྤྲིན་དང་། མགོན་ཁང་དབང་དྲག་རོལ་བ། ལྷ་སར་ཐོག་བརྩེགས་ལྔ་པ་སོགས་རྟེན་བརྟེན་པར་བཅས་པ་གསར་དུ་བཞེངས། ལོ་ལྟར་གྱི་དུས་མཆོད་བཀའ་གཏེར་ཆུ་བོ་ཟུང་འབྲེལ་གྱི་མཆོད་ཁག་བརྒྱད་ཅུ་ཐམ་པ་དང་། ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ་ཚེ་གཡང་ཁ་སྤྲོད་དུ་སྒྲུབ་པ་ལས་ཀྱི་ཁ་ཚར་དང་བཅས་པ། ཕུར་ཆེན་དགྲ་བགེགས་ཀུན་སྒྲོལ་སྨད་ལས་གར་འཆམ་དང་བཅས་པ། མཐའ་དམག་འདུལ་བའི་གཉེན་པོར་འཛམ་གླིང་གེ་སར་རྒྱལ་པོ་བཀའ་སྡོད་ཕུ་ནུའི་འཁོར་ཚོགས་དགྲ་ལྷ་རླུང་རྟ་ལྷ་ཚོགས་དང་བཅས་པའི་གར་འཆམ་གསར་འཛུགས། ལོ་རེར་ཚེ་འབར་མར་མེ་སུམ་ཅུ། གཞན་མར་མེ་འབུམ་ཁ་སྐོང་དང་བཅས་པ་རྒྱུན་འཛུགས་མཛད་པ་སོགས་རྣམ་དཀར་གྱི་བཞེངས་པ་རླབས་ཆེན་པོས་ཁྱབ་པ་དེ་དུས་ཀྱི་སྐྱེ་བོ་ཀུན་གྱི་བསྟོད་ཅིང་བསྔགས་པའི་གནས་སུ་གྱུར། རྗེ་འདིའི་ཞལ་སློབ་ཀྱི་གཙོ་བོ་ཙམ་སྨོས་ན། ཀཿ ཐོག་སི་ཏུ་རིན་པོ་ཆེ་དང་། ཀཿ ཐོག་རྨོག་ཚ། ཕྱག་ཚ་སྤྲུལ་སྐུ་སོགས་དང་། དཔལ་སྤྲུལ་གྲུབ་དབང་སྤྲུལ་སྐུ། རིག་འཛིན་ཉི་མ་གྲགས་པ། རྡོ་གྲུབ་སྐུ་ཕྲེང་བཞི་པ། རྫོང་གསར་མཁྱེན་སྤྲུལ་ཆོས་ཀྱི་བློ་གྲོས། དོན་མགོ་མཁྱེན་སྤྲུལ་རབ་གསལ་ཟླ་བ་སོགས་དང་། རང་དགོན་གྱི་རྫོགས་ཆེན་དཔོན་བློབ་སྤྲུལ་སྐུ། དགེ་མང་མཆོག་སྤྲུལ། མཁན་ཆེན་པདྨ་བཛྲའི་ཡང་སྲིད་མཆོག་སྤྲུལ་བདེ་དགའ་རིན་པོ་ཆེ། ཀོང་སྤྲུལ། གླིང་སྤྲུལ། འབྲུག་པ་སྤྲུལ་སྐུ། ཕུར་ཚ་སྤྲུལ་སྐུ། རྟོགས་ལྡན་སྤྲུལ་སྐུ། ཀུན་བཟང་སྤྲུལ་སྐུ། རྫོགས་ཆེན་མཁྱེན་བརྩེ་སྤྲུལ་སྐུ། བོད་པ་སྤྲུལ་སྐུ། སྤྲུལ་སྐུ་དྲི་མེད། མི་ཉག་ར་ཤར་གར་དབང་སྤྲུལ་སྐུ། ཨ་སྨོན་སྤྲུལ་སྐུ། རྡོ་རིང་སྤྲུལ་སྐུ་བགྲེས་གཞོན། རྒྱལ་འཕགས་སྤྲུལ་སྐུ་གོང་འོག །སྐུ་ནང་མཆོག་སྤྲུལ། བ་གནས་སྤྲུལ་སྐུ་སོགས་སྐྱེས་ཆེན་དུ་མ་དང་། གཞན་ཡང་ཨ་ཕྲོ་མཁན་ཆེན་བསོད་ནམས་ཆོས་འཕེལ། མཁན་ཆེན་ཐུབ་བསྟན་སྙན་གྲགས། པདྨ་ཐེག་མཆོག་བློ་ལྡན། མཛོ་བ་མཁན་པོ་དགེ་ལེགས་རྣམ་རྒྱལ། རྟ་བ་མཁན་པོ་དཀོན་མཆོག་བཟང་པོ། མཁན་ཆེན་རྟ་མགྲིན་ཡོན་ཏན་མགོན་པོ། མཁན་ཆེན་འཆི་མེད། ཨ་བོ་མཁན་ཆེན་འཇིགས་མེད་དཀོན་མཆོག །ཚོང་དཔོན་མཁན་པོ་ནོར་བུ་ཡོན་ཏན། མཁན་ཆེན་བསྟན་འཛིན་ཆོས་བཟང་སོགས་མཁས་བཙུན་བཟང་པོའི་དཔལ་དང་ལྡན་པ་ཁམས་བོད་གསར་རྙིང་གང་ན་ཡང་དཔག་ཏུ་མེད་པ་བཞུགས་པ་ཚང་མ་ཇི་བཞིན་བརྗོད་པར་རྔོ་མི་ཐོག་གོ །གཞན་ཡང་དུས་དེ་སྐབས་སུ་དཔལ་ཡུལ་པད་ནོར་རིན་པོ་ཆེ། རྡོ་གྲུབ་གསུམ་པའི་ཡང་སྲིད། ཀཿ ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་ཡང་སྲིད། ཞེ་ཆེན་རབ་འབྱམས་སྤྲུལ་སྐུ་སོགས་སྐབས་དེར་མདོ་ཁམས་སྨད་ཕྱོགས་ཡོངས་ཀྱི་དགོན་སྡེ་ཕལ་མོ་ཆེའི་སྤྲུལ་སྐུའི་ཡང་སྲིད་རྣམས་ལ་ཡུལ་དང་དུས་ཚོད། ཡབ་ཡུམ་གྱི་མིང་། ལོ་རྟགས་ལ་སོགས་པ་གསལ་པོར་གསུངས་པས་ནོར་འཁྲུལ་དང་ཐེ་ཚོམ་མི་དགོས་པར་ངོས་འཛིན་པ་དང་། འབྱུང་འགྱུར་ལེགས་ཉེས་ཀྱི་ལུང་སྟོན་པ་ལ་ཁྱད་པར་འཕགས་པས་ཐམས་ཅད་ཡིད་ཆེས་ཀྱི་གནས་གཅིག་པུར་གྱུར་པས་བསྟན་འགྲོའི་མཛད་འཕྲིན་ལེགས་པར་བསྐྱངས་ཏེ་དགུང་གྲངས་དྲུག་ཅུ་རེ་བཞི་བཞེས་པ་རབ་བྱུང་བཅུ་དྲུག་པའི་ནང་ཚན་རབ་རྒྱན་ཤིང་ཕག །སྤྱི་ལོ་ ༡༩༣༥ ལོར་རེ་ཞིག་འགྲོ་དོན་བསྡུ་བའི་ཚུལ་བསྟན་པ་ཡིན་ནོ། ། །།

0 comments:

ཟིན་བྲིས་འཚོལ་ཡུལ