དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Friday, 4 May 2012
གངས་ཅན་བོད་པའི་གླུ་རྒྱལ་བདུད་བྷེའི་ཞབས་བརྟན་བདེན་ཚིག་སྨོན་ལམ་གྱི་ཁ་བཏགས་དཀར་པོ།
།
ཨོཾ་སྭ་སྟི། །
གདོད་མའི་མགོན་པོ་ཆོས་སྐུ་ཚེ་དཔག་མེད།
།
ལོངས་སྤྱོད་རྫོགས་སྐུ་ཚེ་ལྷ་སྤྱན་བདུན་མ།
།
འཇའ་ལུས་པད་འབྱུང་མནྡ་ར་ཝ་སོགས། །
རིག་འཛིན་ཚེ་ཡི་ལྷ་ཚོགས་དགོངས་སུ་གསོལ།
།
ཀ་ལ་མ་ལྟར་དཀར་བའི་ལྷག་བསམ་ཅན། །
ཁ་བའི་ཟློས་གར་མཁན་པོ་ཚངས་དབྱངས་སྲས།
།
ག་ས་གང་དུ་སྙན་པའི་དཔལ་འབར་བའི། །
ང་ཡི་ཁུ་བྱུག་སྔོན་མོ་སྐུ་ཚེ་བརྟན།
ཅ་དག་སྒྲ་སྙན་ཕྱག་རྒྱའི་རྟུལ་ཞུགས་ཅན།
ཆ་ལུགས་ཆོས་མཐུན་བོད་པའི་རྒྱན་ཆས་གསོལ།
།
ཇ་རྩམ་རོལ་མཛད་བོད་རིགས་ལ་རྒྱ་ཅན། །
ཉ་གང་ཟླ་ལྟར་བདུད་བྷེ་སྐུ་ཚེ་བརྟན། །
ཏ་ཐྰ་ག་ཏའི་བསྟན་ལ་དད་གུས་ཆེ། །
ཐ་ཤལ་དམར་ཕྱོགས་གདོང་ལ་སྨ་འབེབས་ནུས།
།
ད་ལྟའི་བོད་ཡུལ་ཞིང་ན་སྒྱུ་རྩལ་པ། །
ན་གཞོན་བདུད་བྷེ་རིན་ཆེན་སྐུ་ཚེ་བརྟན།
།
པ་ལོ་མ་བྲེགས་རབ་བྱུང་ངེས་འབྱུང་ཅན།
།
ཕ་མེས་རིག་གཞུང་སྤེལ་བའི་སྙིང་སྟོབས་ཅན།
།
བ་གླང་རྒྱ་དམར་གཡོ་རྫུན་བསལ་ནུས་ཅན།
།
མ་སྨད་གླུ་རྒྱལ་བདུད་བྷེ་སྐུ་ཚེ་བརྟན།
།
ཙ་རི་དབུས་ནས་ཨ་མདོ་མགོ་ལོག་དང་། །
ཚ་བ་རོང་དང་མདོ་ཁམས་སྟོད་སྨད་ཀུན། །
ཛ་ཡའི་བསྟན་པའི་རྗེས་འཇུག་གངས་ཅན་དུ། །
ཝ་ལེར་སྙན་པའི་བདུད་བྷེ་སྐུ་ཚེ་བརྟན།
།
ཞྭ་ལ་རིས་མེད་བླ་མའི་མགུར་དབྱངས་བླངས།
།
ཟ་འཐུང་ཙམ་མིན་སྐད་རིགས་རྒྱུད་འཛིན་གནང་།
།
འ་ཅག་གངས་ཅན་བོད་པའི་གླུ་རྒྱལ་མཆོག
།
ཡ་རབས་འབྲོག་རྒོད་བདུད་བྷེ་སྐུ་ཚེ་བརྟན།
།
ར་བ་གངས་དཀར་མཛེས་པའི་ཕ་ཁྱིམ་ནས། །
ལ་རྒྱའི་གླུ་དབྱངས་ལེན་མཁས་སྤྲུལ་པའི་སྐུ།
།
ཤ་ཞེན་བདེན་པའི་རང་ཚུགས་མ་ཤོར་བར། །
ས་སྐྱོང་བསྟན་སྲིད་སྤེལ་མཛད་སྐུ་ཚེ་བརྟན།
།
ཧ་ལམ་འཛམ་གླིང་ཁྱོན་འདིར་བོད་རིགས་ཀྱི།
།
ཨ་མའི་བུ་ཁྱོད་མི་ཤེས་སུ་ཡང་དབེན། །
ཧ་ཅང་བློ་ཕམ་ཁྱེད་ཉིད་ན་བར་ཐོས། །
ཨ་ལགས་ང་ཡིས་རིང་འཚོས་སྨོན་ལམ་འདེབས།
།
ཨ་ཏིའི་ཟབ་དོན་བརྒྱུད་པའི་བླ་མ་དང་།
།
ཧ་ཤང་རྒན་པོ་དགྱེས་རྡོར་བདེན་ཚིག་གིས།
།
ས་ཆེན་འཛིན་མའི་རྒྱན་གཅིག་གླུ་རྒྱལ་ཁྱོད།
།
ཤ་ཁྲག་རུས་རྒྱུན་མ་ཆད་སྐུ་ཚེ་བརྟན།
།
ལ་ལུང་སྟོང་ཕྲག་མང་པོས་བརྒལ་ན་ཡང་།
།
ར་རུ་བསམ་པ་ཀུན་བྲལ་ཤྲྰིཿ་སྨྱོན་ངས།
།
ཡ་མཚན་ལྡན་པའི་སྐྱེས་བུ་བདུད་བྷེ་ཁྱེད།
།
འ་ཅག་གངས་ཅན་རྒྱན་དུ་བཞུགས་པར་བསྐུལ།
།
ཟ་ཧོར་མཁན་སློབ་ཆོས་རྒྱལ་བཀའ་དྲིན་དང་གྱིས།
།
ཞ་ལོང་མིན་པར་རིག་དང་ཞབས་སུ་ལྡན། །
ཝ་ལེར་མཁྱེན་པའི་ཤེས་རིག་དགའ་ཚལ་དུ།
།
ཛ་ཡའི་བསྟན་པ་འཛིན་སྐྱོང་སྤེལ་བར་སྐུལ།
།
ཚ་གྲང་ནད་ལས་མྱུར་དུ་ཐར་པའི་ཕྱིར། །
ཙ་ར་གནད་སྨིན་འབྱུང་བཞིའི་གནོད་པ་བྲལ།
།
མ་ལུས་སྒོ་གསུམ་བདེ་ཐང་ལོངས་སྤྱོད་ཀུན།
།
བ་གླང་འཇིག་རྟེན་ཁམས་བཞིན་ཡུན་འཚོ་ཤོག
།
ཕ་མེས་རིག་གཞུང་དགའ་བའི་ཕོ་རྒོད་ཁྱོད།
།
པ་ལོ་དུང་གི་མདོག་ཏུ་མ་སོང་བས། །
ན་གཞོན་སྙིང་ཁམས་ཆང་གིས་མ་བཟི་བར། །
ད་དུང་སྐུ་གཟུགས་འཕྲོད་རྟེན་ལེགས་གནང་མཛོད།
།
ཐ་སྙད་ཚན་རྩལ་འདི་དག་དར་ཆེ་ནས། །
ཏ་ཐྰ་ག་ཏའི་བསྟན་པ་ཇེ་རྒྱས་རེད། །
ཉ་ཉོག་བསམ་མེད་ཡིན་ན་མ་གཏོགས་པར། །
ཇ་ཆང་ཁོ་ནས་འཚོ་བས་ཅི་ཞིག་བྱེད། །
ཆ་ལུགས་ཆོས་མཐུན་ཆིག་སྒྲིལ་མདུན་ལམ་དེ།
།
ཅ་ཅོའི་ཚིག་ཙམ་མིན་པར་ལག་ལེན་མཁན། །
ང་ཡི་སྙིང་གྲོགས་གླུ་རྒྱལ་བདུད་བྷེ་ཁྱེད།
།
ག་དུས་ཡིན་ཡང་རྣམ་པར་རྒྱལ་གྱུར་ཅིག །
ཁ་ཙམ་མིན་པར་སྙིང་གི་སྨོན་ལམ་འདིས།
།
ཀ་དག་ཆོས་ཉིད་དགོངས་པ་མངོན་གྱུར་ནས།
།
བསྟན་འགྲོའི་དོན་ཆེན་འབད་མེད་ལྷུན་གྲུབ་ཅིང་།
།
འདི་ཕྱིའི་དོན་ཀུན་བཀྲ་ཤིས་བདེ་ལེགས་ཤོག
།
ཅེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་ནག་ཟླའི་སྲིད་གསུམ་རྣམ་པར་རྒྱལ་བའི་དུས་ཚེས་ལ་ཉེ་བའི་སྐབས་སུ་གངས་ལྗོངས་ཁུ་བྱུག་སྔོན་མོ་ལ་འབྱུང་འདུས་འཁྲུག་པའི་གསར་འགྱུར་མཐོང་མ་ཐག་རྒྱལ་ཁམས་པ་ཤྲྰི་སྨྱོན་པས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་གསོལ་བ་འདེབས་པ་དགེའོ།
། ཤྲྰིཿསརྦ་ལོ་ཀ་བི་ཛ་ཡནྟུ། །
Subscribe to:
Post Comments (Atom)
0 comments:
Post a Comment