དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 6 May 2012

༄༅། །སྐྱེས་བུ་རྣམ་འབྱེད།
༼ཚན་བཤུས༽


ས་པཎ་ཀུན་དགའ་རྒྱལ་མཚན།
གཅིག སྤྱིར་བསྟན་པ།
ཀུན་ལ་སྙོམས་པ་དམ་པ་སྟེ། །རང་དོན་སྒྲུབ་པ་ཕལ་པ་ཡིན། །མཁས་པའི་བྱ་བ་དགག་སྒྲུབ་སྟེ། །ཤེས་བཞིན་སྤོང་བ་དོན་མེད་ཡིན། །བཟང་ལ་ལན་ཡོད་བཟང་པོ་སྟེ། །དྲིན་གཟོ་མེད་པ་ངན་པ་ཡིན། །རྟོག་དཔྱོད་ལྡན་པ་སྤྱང་པོ་སྟེ། །གཏམ་འཆོལ་སྨྲ་བ་གླེན་པ་ཡིན། །ཁོང་དུ་སྦེད་པ་ཟབ་མོ་སྟེ། །ཁ་རུ་འདོན་པ་ཀླད་མེད་ཡིན། །ལེགས་ཉེས་ཤེས་པ་ཡངས་མོ་སྟེ། །རང་ཉིད་འཆིངས་བ་དོག་མོ་ཡིན། །རང་བཞིན་བརླིང་ལ་ཤེས་རྒྱ་ཆེ། །ཉེ་རིང་མེད་པར་འཁོར་འདབ་སྐྱོང། །རྟག་ཏུ་གཞན་ལ་སེམས་བརྩེ་བ། །དེ་ནི་སྐྱེས་བུ་ཆེན་པོ་ཡིན། །དྲང་པོར་མི་སྨྲ་འཛུམ་གྱིས་བསུ། སྨྲ་ན་ངག་འཇམ་ཕིགས་པར་སྨྲ།[1]  །རྟག་ཏུ་གཞན་གྱི་ཉམས་ཚོད་ལེན། །དེ་དག་སྐྱེས་བུ་གཡོ་ཅན་ཡིན། །བྱས་པ་ཤེས་ཤིང་དྲིན་དུ་གཟོ། ཕ་མ་ལ་གུས་རང་བཞིན་དྲང། །གཞན་ལ་མི་འཚེ་རང་ཚུགས་ཐུབ། །དེ་དག་སྐྱེས་བུ་བཟང་པོ་ཡིན། །ཕན་བཏགས་ལན་དུ་གནོད་པ་སྐྱེལ། །བྱས་པ་ཆུད་གཟོན[2]དམན་ལ་སྡང། །རང་བཞིན་ངན་པ་ཕག་ལྟ་བུ། །དེ་དག་སྐྱེས་བུ་ངན་པ་ཡིན། །བྱ་བ་མང་ལ་སྤྱོད་པ་དམན། །རང་བཞིན་དམན་ལ་དཔྱོད་པ་རྩིང།[3] །དགེ་ལ་དམན་ཞིང་སྡིག་པ་རྔམས། །དེ་དག་སྐྱེས་བུ་ཁྱི་ནག་ཡིན། །གང་གི་བྱ་བ་རྩོམས་པ་ན། །ཕྱིས་འབྱུང་སྐྱོན་དང་ཡོན་ཏན་ཅི། །ལེགས་པར་གཏན་ལ་ཕབ་ན་འཇུག ། །དེ་དག་སྐྱེས་བུ་ཞིབ་མོ་ཡིན། །བྱ་བ་མི་མཁས་སྤྱོད་པ་རྩིང། །ཤེས་རིག་མི་གསལ་ཆང་ལ་དགའ། །སང་གི་བྱ་བ་གནངས་སུ་སྐྱེལ། །ཞིབ་ཚགས་མེད་པ་གླ་པ་ཡིན། །བློ་གསལ་སྐྱེས་བུ་གཞན་ལ་ཕན། །བསིལ་དྲོད་སྨན་གྱིས་ཚ་གྲང་སེལ། །བློ་ངན་སྐྱེ་བོ་གཞན་ལ་གནོད། །སྡོང་རུལ་སྐམ་པོ་འཚིགས་པའི་རྒྱུ།།

གཉིས། བླང་བྱ་བསྟན་པ།
  བློ་གྲོས་གསལ་ཞིང་ཐབས་ལ་མཁས། །གཞན་ལ་གང་ཕན་འོད་ཟེར་འགྱེད། །ཉི་མ་ལྟ་བུའི་སྐྱེས་བུ་དེ། །བཏང་སྙོམས[4]མ་བཞག་དང་དུ་བླང། །དབྱེན་དང་ཕྲ་མས་མི་འགུལ་ཞིང། །ངོ་བསྟོད་རླུང་གིས་མི་བསྐྱོད་པའི། །ལྷུན་པོ་ལྟ་བུའི་སྐྱེས་བུ་དེ། །བཏང་སྙོམས་མ་བཞག་དང་དུ་བླང། །ཕན་ཡོན་འབྲས་བུའི་ཁུར་དང་ལྡན། །ཚ་གདུང་སེལ་བའི་བསིལ་གྲིབ་ཅན། །ལྗོན་ཤིང་ལྟ་བུའི་སྐྱེས་བུ་དེ། །བཏང་སྙོམས་མ་བཞག་དང་དུ་བླང། །ཉེས་སྤྱོད་འཇོམས་པའི་མཆེ་སྡེར་ཅན། །བག་ཡོད་གཡུ་ཡི་རལ་པ་ལྡན། །སེང་གེ་ལྟ་བུའི་སྐྱེས་བུ་དེ། །བཏང་སྙོམས་མ་བཞག་དང་དུ་བླང།

གསུམ། སྤང་བྱ་བསྟན་པ།
  རང་བཞིན་མི་བཟང་རྩུབ་གྱུར་ཆེ། །རྟག་ཏུ་གནོད་སེམས་འབའ་ཞིག་འཆང། །སྐབས་སུ་བབས་ན་རྡུལ་དུ་རློག ། །བཙན་དུག་ལྟ་བུའི་སྐྱེས་བུ་སྤང། །ཕྱི་ནང་མི་ཤེས་ཀུན་ལ་རྒོལ། །བཟའ་བཏུང་ཙམ་གྱིས་འཁྲིས་སར་སྣང[5]། །གཙང་བཙོག་མེད་པའི་བརྟུལ་ཞུགས་འཛིན། །ཁྱི་རྒན་ལྟ་བུའི་སྐྱེས་བུ་སྤང། །ལུས་སུ་སྡིག་སྤྱོད་གཞན་ལས་བརྐུ[6]། ། སེམས་ངན་སྤྱོད་ངན་རང་བཞིན་ངན། །རྣམ་ཐར་ངན་པ་གཞན་ལ་འགོ། །རིམས་ནད་ལྟ་བུའི་སྐྱེས་བུ་སྤང། །དོན་དག་བཟའ་བཏུང་འབའ་ཞིག་ཉིད། །གང་ལ་བརྟེན་པ་དེ་ལ་གནོད། །སྤྱོད་པ་མི་གཟབ་འགྲོ་ལ་དགའ། །ཁྱི་ཤི་ལྟ་བུའི་སྐྱེས་བུ་སྤང་། །
གནད་སྟོན།
སློབ་ཚན་འདི་ནི་ས་སྐྱ་པཎ་ཊི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི༼སྐྱེས་བུ་རྣམ་འབྱེད་གཞོན་ནུའི་མགུལ་རྒྱན༽ཞེས་པ་ལས་བཏུས་པ་ལགས་ཤིང། །འདིའི་ནང་དུ་མི་སོ་སོའི་ཀུན་སྤྱོད་ཀྱི་རྣམ་པ་འབྱེད་པ་དང། དེ་དག་གི་ལེགས་ཉེས་བླང་དོར་གྱི་གནས་ལེགས་པར་བསྟན་འདུག ། བསླབ་བྱ་འདི་ལ་རྩོམ་སྟངས་ཁྱད་ཆོས་རྨད་དུ་བྱུང་བ་ཞིག་གདའ་བ་ནི་ལེགས་ཉེས་གོ་བསྡུར་བའི་ཚུལ་གྱིས་བརྩམས་ཡོད་པས། དེ་དག་གི་སྐྱོན་དང་ཡོན་ཏན་རྟོགས་སླ་བ་དང། སོ་སོར་བཟང་ངན་ཤན་འབྱེད་སླ་ཞིང་བླང་དོར་ལ་སྤྲོ་བ་ཀུན་ནས་སྐྱེད་པའི་ནུས་པ་ཐོན་འདུག ། །


[1] ཕིགས་པ་སྨྲ་། གནད་དུ་འཁེལ་བའི་གཏམ་སྨྲ་བ།
[2] བྱས་པ་ཆུད་གཟོན་། རང་གི་བྱས་རྗེས་རང་གིས་མེད་པར་བཟོ་བ། རྐང་རྗེས་ལག་བསུབ་ལྟ་བུ།
[3] དཔྱོད་པ་རྩིང་། སེམས་ཀྱི་དཔྱད་པ་ཞིབ་ཚགས་མེད་པའི་ཧ་རེ་ཧུ་རེ་བྱེད་མཁན།
[4] བཏང་སྙོམས་། བདེ་སྡུག་བཟང་ངན་མི་འབྱེད་པར་རང་གར་བཞག་པ། འདིར་དོ་སྣང་མི་བྱེད་པར་རང་དགར་བཞག་མི་རུང་ཞེས་པར་གོ།
[5] འཁྲིས་སར་སྣང་།  སྦྲང་ནག་མི་གཙང་བར་འབབ་པ་ལྟ་བུ་བཟའ་བཏུང་ཙམ་སྟེར་མཁན་ལ་ཆགས་ནས་འཁོར་འགྲོ་བ།
[6] གཞན་ལས་བརྐུ་། གཞན་གྱི་ལས་བཟང་རང་གི་ཡིན་ཚུལ་བྱེད་པ། གཞན་གྱི་བྱས་རྗེས་བརྐུ་འཕྲོག་བྱེད་པ།

0 comments:

ཟིན་བྲིས་འཚོལ་ཡུལ