དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 14 May 2012
“ཆོས་བཤད་མཁན”གྱི་གྲྭ་མ་གྲོང་།
 



ཆོས་བཤད་མཁནགྱི་གྲྭ་མ་གྲོང་།གཞན་རྩོམ་འོས་སྦྱོར།
­ -----སློབ་གསོ་ངན་པས་འཇིགས་སྐུལ་བ།
གཅིག མགོ་བརྗོད།
སྐྱ་མིན་སེར་མིན་ཞེས་པ་དེ་སྐྱ་བོ་མིན་ལ་སེར་མོ་བ་ཡང་མིན་པ་ཞིག་ལ་ལོས་ཟེར།དེ་ནི་གོས་མདོག་གིས་ཕྱེས་པ་ཞིག་མིན་པར་བྱ་སྤྱོད་དང་ཡོན་ཏན་གྱི་ཚད་གཞི་ཞིག་གཞིར་བཞག་ནས་བཤད་པ་ཡིན།བོད་ཀྱི་སེར་མོ་བའམ་གྲྭ་བ་ཞེས་པ་དེ་ཕྲན་རང་གིས་བལྟས་ན་ཡོན་ཏན་གྱི་ཚད་གཞི་མཐོ་བའི་ཤེས་ཡོན་པའི་སྡེ་ཞིག་ལ་ངོས་འཛིན་དགོས་སྙམ་ཡོད་པས།གོས་མདོག་དམར་བོ་ཅན་ཡིན་ཚད་སེར་མོ་བ་ཚད་ལྡན་ཞིག་ཏུ་བརྩི་མི་འོས་ཏེ།བོད་ཀྱི་སེར་མོ་བ་ཚད་དང་ལྡན་པ་ཞིག་ཡིན་ན་ངོ་མ་དེ་ནི་མི་ཡི་ནང་ནས་མཆོག་ཏུ་གྱུར་བ་ཞིག་ཡིན་ངེས་ལ་ཆོས་ཀྱི་བཤད་སྟངས་ན་ཡང་དགེ་འདུན་པ་ཞེས་མཆོག་ཏུ་བསྔགས་ཡོད།མིང་དོན་མཚུངས་པའི་སེར་མོ་བ་འདིའི་རིག་གནས་ཀྱི་ཚད་གཞི་དང་མི་གཞི་བསམ་བློའི་སྤུས་ཚད་བཅས་ཕྱོགས་མང་བོ་ཞིག་ནས་ངས་ད་སྔོན་ག་ས་གར་བཤད་ཟིན་པས་འདིར་བརྗོད་དགོས་དོན་མེད།ཚད་ལྡན་གྱི་བོད་ཀྱི་སེར་མོ་བ་ཚོས་རང་རང་གིས་སྒྲུབ་དགོས་པའི་བྱ་བ་ཞིག་དང་རང་རང་གིས་སྒྲུབ་ཐུབ་པའི་བྱ་བ་རེ་བསྒྲུབས་ནས་སོ་སོའི་ས་ནས་གོ་མེད་ཚོར་མེད་དུ་གཤེགས་བཞིན་ཡོད།དེ་དང་མཉམ་དུ་མི་ཡུལ་ལ་བྱས་རྗེས་གང་ནུས་ཤིག་ཕུལ་ནས་བཞུད་དང་བཞུད་བཞིན་ཡོད་པ་ཁོ་ཐག་རེད།དུས་མཚུངས་སུ་ཅ་ལག་དག་མ་བྱུང་བའི་ཞོར་ནས་ཅ་ལག་རྫུན་མ་རེ་ཡང་རང་ཤུགས་ཀྱིས་འབྱུང་སྲིད་པ་ནང་བཞིན།བོད་ཀྱི་སེར་མོ་བ་ཚད་དང་ལྡན་པ་མང་བོ་བྱུང་བའི་ཞོར་ནས་རྫུན་ཆས་སྤྲས་པའི་སྐྱ་མིན་སེར་མིན་འབོར་ཆེན་ཞིག་ཀྱང་ག་ས་གར་བྱུང་སོང༌།དེ་བྱུང་བས་མི་ཡུལ་འདིར་ཆེས་རིན་ཐང་ལྡན་པའི་རིག་གནས་ཤིག་ཏུ་བརྩི་འོས་པའི་ཐུབ་བསྟན་རིག་གནས་ཞེས་པ་དེ་ཡང་ཉོག་ཉོག་པོ་ཞིག་ཏུ་བཏང་སོང་ལ།དེ་དར་སའི་བོད་ཀྱི་ཡུལ་དང་བོད་ཀྱི་མི་རིགས་འདི་ཡང་ནམ་ཡང་ཡར་ཐོན་འབྱུང་དཀའ་བའི་གནས་ཤིག་ཏུ་བཟོས་སོང༌།རྫུན་ཆས་སྤྲས་པའི་སྐྱ་མིན་སེར་མིན་འདི་ཚོའི་བྱ་སྤྱོད་མང་བོ་ཞིག་ད་སྔོན་ཡང་བཤད་ཡོད་ཀྱང་འདིར་གཙོ་བོ་བརྗོད་དགོས་པ་ཞིག་ལ་སྐྱ་མིན་སེར་མིན་གྱི་ཆོས་བཤད་མཁན་ཚོའི་བྱ་སྤྱོད་དང་རྗེས་འབྲས་གང་ཡིན་རང་གིས་མཐོང་ཐོས་ལྟར་ཅུང་ཞིབ་གསལ་འགོད་རྒྱུར།ཆོས་ཁ་ལ་འཁྱེར་ཞིང་མང་ཚོགས་ལ་ཆོས་བཤད་མཁན་གྱི་སྐྱ་མིན་སེར་མིན་འདི་ཚོ་ལ་ཚིག་སྦྱོར་གྱི་དབང་གིས་སྐབས་འདིར་གྲྭ་མ་གྲོང་ཞེས་མིང་གསལ་བོ་ཞིག་བཏགས་ཡོད།གྲྭ་མ་གྲོང་འདིའི་འཚོ་བ་སྐྱེལ་སྟངས་དང་རྒྱུན་སྤྱོད་རིག་གནས་ཀྱི་སྣང་ཚུལ་གང་ལ་བལྟས་ཀྱང༌།བོད་ཀྱི་གྲྭ་བ་ལས་སོ་སོ་ཐ་དད་ཡིན་པ་མ་ཟད་གྲོང་བ་ལས་ཀྱང་ལོགས་སུ་གར་ཡོད།ཁྱད་པར་བོད་སྤྱི་ཚོགས་ཀྱི་བསམ་བློའི་ངོས་ན་འཆར་བའི་ཁོའི་སྣང་བརྙན་དེ་ཡང་དམིགས་བསལ་བ་ལས་ཀྱང་དམིགས་བསལ་བ་ཞིག་ཏུ་གྱུར་ཡོད་དེ།དེ་ནི་མི་མ་ཡིན་དང་ལྷ་མ་ཡིན།ཉིན་མོ་མི་ཡི་གྲལ་དུ་ཡོད་ཀྱང་མཚན་མོ་འདྲེ་དང་སྡེ་བརྒྱད་སོགས་ཀྱི་ཁྲོད་དུ་མངོན་སུམ་དུ་རྒྱུག་གི་ཡོད་པའི་སྣང་བ་ཤར།བོད་མི་དམངས་ཀྱི་བསམ་བློའི་ངོས་ན་འཆར་བཞིན་པའི་གྲྭ་མ་གྲོང་གི་སྣང་བརྙན་དེ་ནི་འདི་ན་མངོན་སུམ་དུ་མིག་ལ་སྣང་བཞིན་པའི་གྲྭ་མ་གྲོང་འདི་མ་ཡིན་པར།དེའི་ཕར་ངོས་ཞིག་ན་ནུས་མཐུ་ཅན་དང་རྫུ་འཕྲུལ་ཅན།སྡེ་བརྒྱད་མི་མ་ཡིན་ལ་ཕར་ཁ་བརྡ་བྱེད་ཅིང་འདྲེ་དང་ཡི་དྭགས་སོགས་ཀྱི་ཚུར་ངོས་དགའ་ལྟ་བ།བླ་མ་གོང་མ་རྣམས་ལ་དུས་རྒྱུན་དངོས་སུ་མཇལ་ཞིང་ཞིང་ཁམས་འགའ་རེར་གང་འདོད་དུ་ཕེབས་ཆོག་པ་ལྟ་བུའི་ཁྱད་པར་བ་ལས་ཀྱང་ཁྱད་པར་ཞིག་རེད།དེ་ལྟར་ཀུན་ནུས་གྲྭ་མ་གྲོང་འདི་ཚོ་མེད་ན་རྨོངས་དད་ཅན་གྱི་བོད་མི་མང་ཚོགས་འཚོ་ཐབས་བྲལ་ལ།བོད་མི་དམངས་མང་ཚོགས་ཀྱི་སེམས་ཀྱི་རྨོངས་དད་དྲག་པོ་འདི་ལྟ་བུ་མེད་ཚེ་གྲྭ་མ་གྲོང་འདི་ཚོ་འདི་ལྟར་ཀུན་ནུས་ཤིག་ག་ལ་ཡིན།གྲྭ་མ་གྲོང་གི་ཁ་རྒྱུན་ནདད་པའི་ཨ་ལུང་ལྡན་ན་འདྲེན་པའི་ལྕགས་ཀྱུ་ལོས་ཡོདཟེར་བའི་སྐད་ཆ་ཞིག་ཡོད་པ་ནང་བཞིན།ཁོང་ཚོའི་རྒྱུད་ན་གཞན་གྱི་དད་པའི་ཨ་ལུང་འགུག་བྱེད་ཀྱི་ལྕགས་ཀྱུ་རྣོ་ངར་ཅན་རེ་དུས་རྒྱུན་ཐོགས་ཡོད་པ་དེ་ནི།བཤད་རྒྱུན་ནས་བཤད་རྒྱུན།དེ་ནས་བཤད་རྒྱུན།བཤད་རྒྱུན་ནར་མར་མཐུད་པའི་ཆོས་བཤད་དེ་རེད།ཆོས་བཤད་དེ་ལྟ་བུ་ངམ་ངམ་ཤུགས་ཀྱིས་སྤེལ་བཞིན་ཡོད་ལ།ཆོས་བཤད་དེ་ལྟ་བུ་ངམ་ངམ་ཤུགས་ཀྱིས་ཞུ་བཞིན་ཡང་ཡོད།འདི་ཡི་ནང་དོན་དང༌།འདི་ཡི་གོ་བ།འདི་ཡི་ཟབ་ཚད་སོགས་ལ་བལྟས་ན།འདི་ནི་བྱིས་པའི་སྤྱོད་པ་ཞིག་ལས་མ་འདས་ལ།ཡང་གཅིག་བཤད་ན་འདི་ནི་ཐབས་མཁས་ཀྱི་སྒྱུ་འཕྲུལ་ཞིག་ཡིན་ཡང་སྲིད།སྒྱུ་འཕྲུལ་འདི་ལྟ་བུ་ག་ས་གར་དར་བཞིན་ཡོད་ལ།འདི་དར་བས་ལོ་ངོ་མང་མང་བོ་ཞིག་འགོར་ཡོད་ཟེར།ད་ལྟ་མིའི་རིགས་ཀྱི་བསམ་བློའི་སློབ་གསོ་ལ་སུས་ཀྱང་མཐོང་ཆེན་དང་གཙིགས་ཆེར་འཛིན་བཞིན་པའི་སྐབས་འདིར།གྲྭ་མ་གྲོང་གི་ཆོས་བཤད་འདི་ལ་ཡང་མཐོང་ཆེན་དང་གཙིགས་ཆེན།ཡང་ན་ཟུར་ཟ་དང༌།དགག་རྒྱགཐ་ན་ཡང་དོ་སྣང་ཞིག་དགོས་ངེས་རེད། ཡང་གཅིག་བཤད་ན།གྲྭ་སའི་གྲྭ་བ་ཚོས་ཆོས་གཞུང་སྤེལ་བར་དོན་སྙིང་ག་འདྲ་ལྡན་ཞེས་དཔྱད་པ་རྒྱག་མཁན་ཡོད་ལ།སློབ་གྲྭའི་དགེ་རྒན་ཚོས་སློབ་གསོ་སྤེལ་བར་འགྲིག་མིན་གྱི་བརྡར་ཤ་ཡང་ཡང་གཅོད་བཞིན་ཡོད་ན།དམངས་ཁྲོད་དུ་དེ་ལས་ལྡོག་པར།དེ་ལས་ཐུ་བ།དེ་དང་རྒྱབ་འགལ།དེ་ཚོར་ཁ་གཏད་ཀྱི་ལས་མང་བོ་མང་བོ་སྤེལ་བཞིན་ཡོད་པ་འདི་ལ་ཅིས་ཀྱང་དགོས་ངེས་ཀྱི་སྐད་ཆ་ཞིག་བཤད་ཚོད་རེད་འདུག་སྙམ།བསམ་བློ་རྒྱ་ཆེར་བསྐྱེད་པ།མི་ཡི་བསམ་བློ་ལྷོད་དུ་འཇུགམི་ཡི་བསམ་བློ་དོགས་པའི་སྦུབས་ལས་གྲོལ་ཞིང༌།ཐེ་ཚོམ་གྱི་རྒྱ་ལས་དགྲོལ་བར་བྱེད་པ།འདི་ནི་སློབ་གསོ་རྣལ་མའི་ལས་དོན་རེད།དེ་ལས་ལྡོག་པར།མི་སེམས་དོགས་པ་དང་ཐེ་ཚོམ་གྱི་འོབས་སུ་འདེད་ཅིང༌།འཇིགས་སྐྲག་སྔངས་གསུམ་གྱི་གཡེང་ལ་སྐྱུར་བར་བྱེད་པ་ནི་སློབ་གསོ་ངན་པའམ།ལོག་པའི་སློབ་གསོ་སྟེ།གྲྭ་མ་གྲོང་གི་ལས་ཀ་ནི་དེ་ལས་མ་འདས་སོ།དེའི་ཕྱིར།འདི་ལ་སློབ་གསོ་ངན་པས་འཇིགས་སྐུལ་བ་ཞེས་ཀྱང་བརྗོད་དུ་རུང་སྙམ།
གཉིས།ཆོས་བཤད་མཁནགྱི་གྲྭ་མ་གྲོང་གི་ཕྱིའི་རྣམ་པ།
དེའི་ཕྱིའི་རྣམ་པ་ནི་སྐུ་ལ་ཕུ་རུང་མེད་པའི་ལྭ་བ་དང་སྨད་ལ་ཤམ་ཐབས་གཡོགས་པ་ནི་སེར་མོ་བའི་ཆ་ལུགས་ཤིག་སྟེ།དེ་ནི་མི་གྲལ་ནས་ཐོན་ཏེ་ལྷ་གྲལ་ལ་སླེབས་ཟིན་པའི་རྟགས་སུ་འདོད།དེའི་ཤུགས་ནས་མི་སྐྱ་ཕོ་མོ་ཚོས་ངོ་མདོག་འགྱུར་ནས་ཁོང་ལ་གུས་པ་བྱེད་དགོས་པ་དེ་བསྟན་ཡོད་ལ།དུས་མཚུངས་སུ་ཁ་མར་འཁོར་ནས་འདུག་མཁན་དེས་མི་སྐྱ་ཕོ་མོ་ཚོའི་ངོ་གདོང་ལ་ཐལ་བ་སྤར་གང་བཏབ་ཡོད་པ་དེ་ཡང་ཤེས་ཆོགམ་ཟད་ཁ་མར་འཁོར་ནས་བཞུགས་མཁན་དེ་དག་ནི་མི་སྐྱ་ཕོ་མོ་ཚོའི་རེ་ས་དང་སྐྱབས་གནས་ཡིན་པའི་ཚོར་སྣང་ཞིག་ཀྱང་སྟེར་ཐུབ།འགའ་རེས་དབུ་ལ་རལ་བ་དང་རྣ་བར་རྣ་རྒྱན་འདོགས་པ་དེ་ཡང་གསང་སྔགས་ཟེར་བའི་ཁ་གཡར་ས་རྫུན་ཤོང་ཆེན་པོ་ཞིག་ཡོད་པ་དེ་ཤེས་སོང་བའི་རྟགས་སུ་འདོད། མང་ཚོགས་ཀྱི་སྔུན་སོ་ན་གྲུབ་ཐོབ་ཅིག་དང་རྣལ་འབྱོར་བ་ཞིག་གི་ཚུགས་ཀ་སྟོན་མཁན་ཡོད་ན་མང་ཚོགས་ཚོས་དེའི་སྐབས་སྐད་འདོན་མི་ཕོད་ལ།དབུགས་ཀྱང་གཏོང་དཀའ་བའི་ཚོད་རེད།ཁོང་ཚོས་ཀྱང་མི་ཆེན་དབང་ཤེད་ཅན་གྱི་སྔུན་སོ་ན་གུས་གུས་ཞུམ་ཞུམ་བྱེད་པ་དེ་ནི་ཡ་རབས་ཀྱི་གུས་ལུགས་ཤིག་ཏུ་སུས་ཀྱང་འདོད་ལ།མ་རབས་ཐ་ཤལ་བའི་ཀླད་ན་ཁོང་ནི་སྐུ་བརྗིད་ཆེ་ལ་ཐུགས་དྲག་ཚ་བ་རེད་ཅེས་བརྗོད་ན་ཁོང་རང་ཉིད་ཀྱང་དགྱེས་པ་བསྐྱེད་པའི་རྒྱུ་རུ་ཅིས་མི་འགྱུར།ཁྱིམ་མི་ཉེ་འབྲེལ་ནང་སྤོ་ཁ་ཐུང་ན་ཡང༌། ཕྱི་མི་ལ་ཐུག་དུས་ངག་སྒོ་འཇམ་ལ་བྱམས་བརྩེའི་མདངས་ཤིག་ཀྱང་ངོ་ལ་རང་བཞིན་གྱིས་ཤར་འདུག བླ་མ་མཁྱེནཞེས་ཁ་སྤུ་འགུལ་ཙམ་འགུལ་ཙམ་བྱེད་ཅིང་མིག་ཀྱང་ཀླད་སྐོང་དུ་འཐེན་འགྲོ་བའི་རྒྱུན་སྤྱོད་ཁ་བརྡའི་ཁྲོད་ཀྱི་ཉམས་འགྱུར་འདིས་ཀྱང་མི་གཞན་ལ་དད་པ་ཡོད་དགོས་པའི་རེ་འདུན་འདོན་བཞིན་ཡོད་པ་དང་གཉིས་སུ་མ་མཆིས།མང་ཚོགས་ཀྱིས་མཇལ་དར་བསྣམས་ནས་ཡོང་དུས།གལ་ཏེ་གདོང་མགོའི་མིག་ཤེལ་མར་ཅུང་ཙམ་ཕབ་ནས་མིག་སྡང་གིས་གཅིག་བལྟས་ཚེ་དེ་ནི་ལྟ་སའི་མི་དེའི་རྒྱབ་ཕྱོགས་དང་གྲིབ་མའི་བར་གྱི་གསང་བ་ཞིག་ན་འདྲེ་དང་གཤེད་འཁྱམས་གབ་ནས་ཡོད་པ་མཐོང་སོང་བའི་རྟགས་ཡིན་ནམ། ཡང་ན་མི་དེའི་བྱ་བ་ལམ་འགྲོ་མི་ཡོང་རྟགས་ཡིན་ནམ།ངོ་མ་གང་ཡིན་ཆ་མི་འཚལ།མང་ཚོགས་ཀྱིས་འབུལ་བ་ཁྱེར་ནས་ཡོང་དུས།ཕྱག་འཚལ་དུ་ཡོང་དུས།སྐྱབས་འཇུག་ཞུ་རུ་ཡོང་དུས།ཕྱག་མོ་ལུང་བསྟན་ཞུ་རུ་ཡོང་དུས་སོགས་ལ།ཞལ་ངོ་ནག་རོག་གེར་བཞུགས་དུས་དང༌།འཛུམ་དམུལ་ལེར་ཡོད་དུས།དགྱེས་པའི་ཉམས་སྟོན་དུས་དང༌།གཏུམ་ཉམས་མངོན་དུས་སོགས་གང་ལ་གང་འཚམ་གྱི་ཉམས་འགྱུར་འདྲ་མིན་སྣ་ཚོགས་ཀྱི་ཕྱག་བཞེས་ཡོད་པ་རེད།མ་ཟད།སྨན་ཤར་སྐྱེ་ཡག་དང༌།བུད་མེད་འཕྱོར་རྩོགསྦྱིན་བདག་རྒྱུ་ཆེན་དང་དབུལ་བོ་ཟས་མེད་སོགས་ཀྱི་མི་ཡི་ཁྱད་པར་ཕྱེས་ཏེ་རྣམ་འགྱུར་སྟོན་ལུགས་འདྲ་མིན་ཡང་ཡོད་པ་རེད།
གསུམ།གྲྭ་མ་གྲོང་གིཆོས་བཤདསྟེགས་བུ།
ཆོས་བཤད་སྟེགས་བུ་འདི་སུས་ཀྱང་བསྒྲུན་ཐབས་མེད་པའི་གོ་ས་ཞིག་རེད།མི་ལོ་མང་བོའི་སྔ་རོལ་ནས་སྟེགས་བུ་འདིའི་སྟེང་ནས་ཁ་མར་འཁོར་ནས་བཞུགས་མཁན་གྲངས་མེད་ཅིག་བྱུང་ན་ཡང༌།དེའི་ནང་དུ་རིག་གནས་ཡོད་མེད་ཅི་རིགས་བྱུང་ཡོད་ཀྱང༌།བསམ་བློ་ཡག་རྩོག་གང་དག་བྱུང་ཡོད་ཀྱང༌།ཁོང་ཚོའི་གྲལ་གྱི་རིམ་པ་ནི་འདི་ལྟར་ཐག་གཅོད་བྱས་ཡོད་དེ།བླ་སྤྲུལ་དང་དེ་ནས་སེར་མོ་བ།དེ་ནས་སྐྱེས་པ།དེ་ནས་སྐྱེས་དམན་དེ་བུད་མེད།ཞེས་དེ་ལྟར་རིམ་པར་འཁོད་ཡོད། གྲལ་གྱི་རིམ་པ་དེ་ཆོས་ཚོགས་ཀྱི་ཉིན་མོའི་གྲལ་གྱི་མཐོ་དམན་ཁོ་ན་ཙམ་མིན་པར།དེས་མི་ཡི་མི་གཞི་དང་བསམ་བློ།ནུས་པ།འཇོན་ཐང་བྱས་རྗེས་གང་ལ་ཡང་མི་ལྟ་བར་རྨོངས་དད་ཀྱིས་ཐག་བཅད་པའི་གྲལ་རིམ་ཞིག་མཚོན་བཞིན་ཡོད།གྲལ་རིམ་འདིས་ཆོས་སྲིད་ཀྱི་བྱ་གཞག་གང་དང་གང༌།འགྲོ་འདུག་སྤྱོད་ལམ་གྱི་བྱ་བ་གང་དང་གང་ལ་ཡང་གཅིག་གྱུར་གྱིས་གྲལ་རིམ་ཞིག་གཏན་ཁེལ་བྱས་ཟིན་ཡོད་པ་རེད།གྲལ་རིམ་དེས་གནའ་ནས་ད་བར་མི་ཡི་འདྲ་མཉམ་ཐོབ་ཐང་ལ་ཡིད་ཆད་ཅིག་སྦྱིན་ཡོད་པ་ཁོ་ཐག་རེད།དེ་ལྟ་བུའི་གྲལ་གྱི་རིམ་པ་ལེགས་པར་གྲུབ་པ་ན། མང་ཚོགས་ཁྲི་སྟོང་མང་བོའི་ཡིད་ཆེས་དང་རེ་བའི་ཁ་དོག་རྣམ་པར་བཀྲ་ཞིང་གུས་པ་བླ་མེད་ཀྱི་དཔངས་མཐོའི་ཁྲི་འཕངས་སུ།དུས་གསུམ་སངས་རྒྱས་ཀྱི་ངོ་བོ་གཅིག་དུ་བསྡུས་པའིཆོས་བཤད་མཁནདེ་སྐུ་ཕུང་བརྗིད་ཅིང་ལྷམ་མེར་བཞུགས་སོ།ཆོས་བཤད་སྟེགས་བུ་འདི་ནི་གོ་ས་བླ་མེད་ཅིག་སྟེ། འདི་དང་བསྡུར་ན་རྒྱལ་བློན་ཆེ་དགུ་གང་ཡོད་མི་སྐྱ་ཕོ་མོའི་གྲས་སུ་གཏོགས་ལ།མཁས་ཆེན་བསམ་བཟང་གང་ཡིན་སོ་སོའི་སྐྱེ་བོ་ཕལ་བ་ཞིག་ལས་མ་འདས།ད་དུང་མཁན་པོ་དགེ་བཤེས་དག་ཀྱང་སྦྱངས་བ་སྔོན་སོང་ཙམ།འདི་ལ་དཔྱད་པ་རྒྱག་མི་ཆོག་ལ།ཐེ་ཚོམ་ཟ་མི་རུང༌།འདི་ཡི་ཕྱོགས་ཀྱི་སྐད་ཆ་ཚང་མར་ཡང༌།སྐུ་དང་གསུང་དང་ན་བཟའ་དང༌།དབུ་དང་ཕྱག་གི་རིགས་ཀྱི་ཞེ་ཚིག་ཁོ་ན་ལས་གྲོང་ཚིག་བསྲེ་བསླད་གཏན་ནས་མི་ཆོགའདིའི་སྟེང་དུ་བྱ་སྤྱོད་ཡག་རྩོག་ཅི་ཞིག་རིག་ཀྱང༌།དབང་མེད་མིག་ཆུ་འཐོར་ཡོང་ལ།གུས་པས་སྤུ་ལུང་གཡོས་ཡོང༌།མགོ་ཡི་ཞྭ་མོ་ནི་མཐོང་སར་འཁྱེར་མི་རུང་བའི་གདོན་རྫས་ཤིག་དང་གཉིས་སུ་མེད།འདི་དག་ཚང་མ་ཆོས་ཀྱི་ཆེ་བ་ཡིན་ལས་ཆེ།ད་དུང་ཆོས་བཤད་སྟེགས་བུ་འདིའི་དྲུང་ན།ཐམས་ཅད་སྔངས་སྐྲག་དང་བཅས།སེམས་ཕམ་ཡིད་ཆད་དང་བཅས།ཁྱད་པར་མི་སྐྱ་ཕོ་མོའི་ལས་དབང་འདི་ལ་ཡིད་ཆད་འགྱོད་སེམས་དང་བཅས།འདི་སྣང་འཁྲུལ་བའི་རྨི་ལམ་འདི་ལ་ངོ་ཤེས་ངོས་ཟིན་དང་བཅས།ཐམས་ཅད་མགོ་བོ་སྨད་ནས་པུས་བཙུགས་ཐལ་སྦྱར་གྱིས་འདུག་གོ།འདི་ཡི་དུས་ན།གོན་པ་ཡག་རྩོག་ཅི་ཞིག་གོན་ཡོད་ཀྱང༌།ས་རྡུལ་མི་གཙང་ཅི་ཞིག་འགོས་ཡོང་ཡང༌།སེམས་ལ་རྟོག་འཆར་སྣ་ཚོགས་ཅི་ཞིག་ཤར་ཡོང་ཡང༌།ཐམས་ཅད་མཐོང་ཨེ་འགྲོ་དང་མཁྱེན་ལོས་འགྲོ་སྙམས་ནས་འགུལ་ཙམ་ཡང་ཕོད་པ་དཀའ་བའི་ཚོད་རེད།
བཞི། གྲྭ་མ་གྲོང་གིཆོས་བཤདནང་དོན།
གྲྭ་མ་གྲོང་གི་ཆོས་བཤད་ནི་ཆོས་བཤད་ཁོ་ན་ཞིག་མིན་པར།དེ་ཆོས་དང་འབྲེལ་བ་ཡོད་ལ་སྲིད་དང་ཡང་འབྲེལ་བ་ཡོད།དེ་ཚོ་བའི་སྤྱི་ཆས་དང་ཁྱིམ་ཚང་གི་འཚོ་ཆས།རང་ཉིད་ཀྱི་ལྟོ་ཆས།གང་དང་ཡང་འབྲེལ་བ་ཡོད་པ་རེད།རྩ་དོན་ལྟར་བཀོད་ན།
དད་པ་ཡོད་དགོས་པ་ལས་དད་ལོག་བྱེད་མི་རུང༌།དད་པ་བྱེད་ཡུལ་ནི།བླ་མ་དང༌།སྤྲུལ་སྐུ།སེར་མོ་བ་ཕལ་ཆེར།སྐུ་གསུང་ཐུགས་རྟེན།འདི་དག་རེད། དག་སྣང་དགོས་པ་ལས་ལོག་ལྟ་མི་རུང༌།དག་སྣང་བྱེད་ཡུལ་ནི།བླ་མ་དང༌།སྤྲུལ་སྐུ།སེར་མོ་བ་ཕལ་ཆེར། སྐུ་གསུང་ཐུགས་རྟེན།འདི་དག་རེད།
ཡིད་ཆེས་དགོས་པ་ལས་ཐེ་ཚོམ་མི་རུང༌།ཡིད་ཆེས་བྱེད་ཡུལ་ནི།བླ་མ་དང༌།སྤྲུལ་སྐུ།སེར་མོ་བ་ཕལ་ཆེར། སྐུ་གསུང་ཐུགས་རྟེན།འདི་དག་རེད།ཚོགས་གསོག་དགོས་པ་ལས་སེར་སྣ་མི་རུང༌།ཚོགས་གསོག་བྱེད་ཡུལ་ནི།བླ་མ་དང༌།སྤྲུལ་སྐུ།སེར་མོ་བ་ཕལ་ཆེར།སྐུ་གསུང་ཐུགས་རྟེན།འདི་དག་རེད།དད་པ་དང་དག་སྣང༌།ཡིད་ཆེས་དང་ཚོགས་གསོགའདི་བཞི་བོ་ནི་ཁོ་ཚོས་བཤད་པའི་ཆོས་བཤད་ཀྱི་ནང་དོན་མ་ལུས་ཡོངས་སུ་རྫོགས་པའི་རྩ་བ་རེད་ལ།ཡང་སྐོར་བསྐྱར་སྐོར་དུ་བཤད་པའི་མཐར་ཐུག་གི་ལག་ལེན་ངོ་མ་ཡང་དེ་རེད།དེའི་རྩ་བ་ཡང་དད་པ་རེད་ལ།དད་པའི་རྩ་བ་ཡང་བླ་མ་ལ་དད་པ་བྱེད་རྒྱུ་དེ་ལས་མ་འདས།འདིར་ལུང་འདྲེན་ཞིག་འདོན་རྒྱུ་ཡོད་དེ།བླ་མ་མེད་པའི་གོང་རོལ་ན།།ངས་རྒྱས་བྱ་བའི་མིང་ཡང་མེད།།ཅེས་པ་དེ་རེད།དེ་ནི་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་བླ་མ་དང༌།དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ།ད་དུང་རིགས་གསུམ་ཀུན་འདུས།ཆོས་སྐྱོང་ཀུན་འདུས་བཅས་ཀུན་འདུས་མང་བོའི་རྣམ་གྲངས་འདྲེན་རྒྱུ་ཡོད་པ་རེད།དེའི་ཕྱིར༌།ཀུས་བཀུར་ཞུ་ཡུལ་ནི་བླ་མ་རེད་ལ། མཆོད་པ་འབུལ་ཡུལ་ནི་བླ་མ་རེད།སྐྱིད་སྡུག་ཞུ་ཡུལ་དང་རེ་ས་སྐྱབས་གནས་མཐར་ཐུག་ནི་བླ་མ་ཡིན་པས།བླ་མའི་བཀའ་མི་བརྩི་བ་དང༌།བླ་མའི་གསུང་ལ་མི་ཉན་པ་ཞིག་ཡོད་ན་དེ་ནི་དམ་ཉམས་རེད།དམ་ཉམས་དེ་ཚོ་ནི་ཚེ་ཐུང་ལ་ནད་མང་བ།ཕྱི་མ་དམྱལ་བ་རྡོ་རྗེ་གདན་དུ་ཤར་མར་ལྷུང་འགྲོ་རྒྱུ་ཡིན་པ་མ་ཟད། དེའི་སྐབས་ཀྱང་བླ་མ་འདི་ཚོ་ལས་སྐྱབས་གནས་རེ་ས་གཞན་ཞིག་ནམ་ཡང་ཡོད་པ་མིན།བླ་མ་དང་འགལ་བས་དམྱལ་བ་ལ་ལྷུང་བ་དང་དེ་ལས་མ་ཐར་ཚུལ་གྱི་ལོ་རྒྱུས་དང་གཏམ་རྒྱུད་མང་བོ་ཞིག་དངོས་སུ་མཐོང་བ་ལྟར་འཆད་རྒྱུ་ཡོད་ཚོད་རེད།བླ་མ་དག་ནི་གནའ་ནས་སྐྱབས་གནས་རེད་ལ།ད་ལྟ་ཡང་དེ་བཞིན་རེད།མ་འོངས་པ་ན་ཡང་དེ་བཞིན་རེད།བླ་མ་དག་ནི་ཞིང་ཁམས་སུ་བཞུགས་འདུག་ལ།དེའི་འགྲོ་དོན་ནི་བླ་ན་མེད་པས།མི་ཡུལ་འདིར་བསམ་བཞིན་འདི་ལྟར་བྱོན་ཡོད་ལ།དམྱལ་བ་ན་ཡང་དེ་བཞིན་སེམས་ཅན་མང་བོ་འདྲེན་བཞིན་ཡོད།ཁོང་ཚོའི་ལུས་ནི་འདི་ལྟར་མི་ལྟར་གྲུབ་ཡོད་ན་ཡང༌།གོན་པ་ནི་ལྷ་དང་བླ་མས་གནང་བ་ཡིན་པས་སངས་རྒྱས་ཀྱི་ན་བཟའ་རེད།ཞིང་ཁམས་སུ་བཞུགས་པའི་ལས་དག་པ་རྣམས་ཀྱིས་སངས་རྒྱས་ཀྱི་ན་བཟའ་འདི་འདི་ལྟར་གྱོན་ཡོད་ལ།མ་དག་པའི་ངན་སོང་གནས་གསུམ་ན་འགྲོ་དོན་ལ་བྱོན་མཁན་རྣམས་ཀྱིས་ཀྱང་འདི་བཞིན་གྱོན་ཡོད།དག་པའི་ཞིང་སོ་སོ་ན་འདི་ལྟ་བུའི་ཆོས་བཤད་བྱེད་བཞིན་ཡོད་ལ།སངས་རྒྱས་བྱང་སེམས་རྣམས་འདི་ལྟ་བུའི་ཁྲི་ལ་བཞུགས་ཡོད།མ་ཟད་འདི་ལྟ་བུའི་ཆོས་འདོན་གྱི་སྒྲ་ལྷང་ལྷང་བྱེད་བཞིན་ཡོད།ཞིང་ཁམས་ན་བཞུགས་པའི་སངས་རྒྱས་བྱང་སེམས་རྣམས་དང་ང་ཚོ་མི་ཡུལ་འདིར་བཞུགས་པའི་བླ་མ་རྣམས་ཀྱི་མཛད་སྤྱོད་འདྲ་ལ།སེམས་ཁམས་འདྲ།གོམ་པའི་འདེགས་འཇོག་བསྒྱུར་སྟངས་ཀྱང་ཅུང་ཟད་འདྲ་བར་བཤད།མི་སྐྱ་ཕོ་མོ་ཚོ་སྙིང་མ་རྗེ།འཁོར་བ་ལས་ཐར་བའི་དུས་ཤིག་ཡོད་རེ་སྐན།དེ་ཚོ་ལས་ངན་པའི་རྣམ་སྨིན་རེད།ད་ལྟ་ལས་བཟང་བ་རེ་བྱས་ན་ཕྱི་མ་བླ་སེར་གྱི་ལས་ལེན་རྒྱུ་ཡོད་སྲིད།ཁྱོད་ཚོ་དམྱལ་བའི་གཏིང་རྡོ་ཡིན་པས།ནམ་ཡང་སེམས་པ་སྡུག་གིས་ཁེངས་ནས་སྡོད་དང༌།ང་ཚོ་བླ་སེར་རྣམས་ལྷ་མི་སྒོ་དྲུང་དུ་སླེབས་ཟིན་པ་དང༌།ཁྱད་པར་བླ་མ་དང་སྤྲུལ་སྐུ་རྣམས་ནི་ལྷ་ཡི་གྲལ་ལ་ཐོན་ཟིན་པས་ཁྱེད་ཚོ་ནམ་ཡང་ག་ལ་བརྗེད།འོན་ཀྱང་རྒྱུ་རྫས་ཀྱི་འབྲེལ་བ་ཅི་ཡང་མེད་ན་སངས་རྒྱས་ཡིན་ཡང་སྐྱོབས་ཐབས་བྲལ།སེམས་ཅན་ལས་ངན་པའི་དབང་གིས་བསྐལ་བ་སྙིགས་མའི་དུས་ལ་སླེབས་ཟིན་པས་མི་རྣམས་ལ་དད་པ་ཆུང༌།བླ་མ་ལ་ཡང་སྐྱོན་དུ་མཐོང་སྲིད།བསྐལ་བ་སྙིགས་མའི་དུས།སངས་རྒྱས་ཀྱི་བསྟན་པ་མར་འགྲིབ་ཀྱི་དུས།བླ་སེར་རྣམས་ཞལ་འཇལ་དཀའ་ཡང་བསོད་ནམས་ཅུང་ཟད་རེའི་མཐུས་བླ་སེར་རྣམས་དང་མཇལ་རྒྱུའི་སྐལ་བ་རྙེད།བླ་སེར་རྣམས་ཀྱིས་ལྷ་དང་འདྲེ་དང་སྡེ་བརྒྱད་དང་དམ་སྲི་སོགས་དབང་དུ་བསྡུས་ནས་གྲོགས་སུ་འགུག་པར་ནུས།དེ་དག་གི་མགོན་སྐྱབས་ལ་རེ་བ་ཡོད་ན་ཐོག་མར་བླ་སེར་རྣམས་བརྒྱུད་ནས་འབྲེལ་བ་བྱེད་དགོས།དུས་ངན་སྙིགས་མའི་དུས།འདྲེ་དང་དམ་སྲི་ཁ་དར་བའི་དུས།སློབ་དཔོན་པད་མས་སྲིན་པོ་འདུལ་དཀའ་བའི་དུས།སངས་རྒྱས་ཀྱི་ཞལ་རི་རབ་ཀྱི་ཟོམ་ལ་ཕྱོགས་སོང་བའི་དུས།ལག་ཆ་གསར་བ་དར་བའི་དུས།ཁ་གྲགས་རྒྱུ་མེད་པའི་བོས་དར་བའི་དུས།དམྱལ་བའི་སྒྱེད་པུ་ལྕགས་སྒྱེད་དར་བའི་དུས།བདུད་ཀྱི་རྟ་འཕྲུལ་རྟ་དར་བའི་དུས།འཕྲུལ་རྟ་རེ་རེའི་འཕོངས་ན་གཤེད་འཁྱམས་རེ་རེ་ཡོད་པ།རྟ་རྟགས་ཅན་སྐྱེས་པ།བྱིས་པ་སོ་ཅན་སྐྱེས་པ་སོགས་ཧ་ལས་ཤིང་ཧང་སང་བའི་དོན་གསར་བ་མང་བོ་ཞིག་གིས་འཇིག་རྟེན་ཁམས་འདིར་ཡོངས་སུ་ཁེངས་ཡོད་པར་བཤད།ད་དུང༌།རྣམ་རྟོག་མེད་ན་དད་པ་ལོག་འགྲོ་ཚུལ་དང༌།འདི་སྣང་བསྒྲུབས་ན་ཕྱི་མ་འཆོར་འགྲོ་ཚུལ།རིག་གནས་སྦྱངས་ན་ལྟ་བ་འགྱུར་འགྲོ་ཚུལ་སོགས་མང་བོ་མང་བོ་ཞིག་བཤད་རྒྱུ་ཡོད་པས།དེ་ནི་མི་སེམས་ལ་དོན་མེད་རྣམ་རྟོག་སྐྱེད་བྱེད་ཅིག་དང༌།མི་སེམས་ལ་འཇིགས་སྣང་སྐུལ་བྱེད་ཅིགམི་སེམས་གུ་དོག་ཏུ་གཏོང་བྱེད་ཅིགམི་སེམས་གཉོམ་དུ་འཇུག་བྱེད་བཅས་ཡིན་པ་གདོན་མི་ཟ།
ལྔ།གྲྭ་མ་གྲོང་གིཆོས་བཤདགདུལ་བྱ།
འདིའི་ཡུལ་དང་དུས་ཀྱི་འཁོར་ཡུག་ངོས་ནས་བརྗོད་ན།ཡུལ་ནི་ས་ཁུག་དང་ལུང་ཀྱོག གྲོང་གསེབ་དང་རིག་གནས་མི་དར་ས་དང༌།བསམ་བློ་སྔོན་ཐོན་མ་ཡིན་པ་བཅས་རེད། དུས་ཚོད་ཀྱང་མི་ཡི་བསམ་བློ་ཡར་རྒྱས་སུ་མ་སོང་བའི་དུས་དང༌།ཧ་ཅང་རྨོངས་པ་ཤུགས་ཆེ་བའི་དུས།སློབ་གསོའི་མ་ལག་ཆ་མི་ཚང་བ་དང་སློབ་གསོའི་འདུ་ཤེས་ཞན་པ།སློབ་གསོའི་ནང་དོན་ལ་གོ་བ་མེད་པའི་དུས་ཤིག་ལ་འདི་བྱུང་བ་རེད་ལ།འདི་འདྲ་འབྱུང་སྲིད་པ་ཞིག་ཀྱང་རེད། འདི་ལྟ་བུའི་ཡུལ་དུས་སུ་མི་སེམས་ལ་ལྷ་འདྲེ་དང་ལྐོག་གྱུར་གྱིས་དབང་བསྒྱུར་བ་ཆེས་སླ་བས་སོ།གྲྭ་མ་གྲོང་གིས་ཆོས་བཤད་དུས།མི་མང་པོ་འདུ་ལོང་རིབ་རིབ་བྱས་ནས་ཕྱོགས་ཕྱོགས་ནས་ཡོང་གི་ཡོད།འདུ་ལོང་འདིའི་སྟེང་དུ་ལྟོས་དང༌།ཚོང་དང་ལྟད་མོ་ལ་ཡོང་བ་ཚང་མ་ཕུད།དེ་ལས་བློ་གཅིག་སེམས་གཅིག་གིས་དད་པའི་སྒོ་ནས་ཡོང་བ་རྣམས་ནི།ཕལ་ཆེར་ནད་པ་དང་རྒན་འཁོགས།དེ་དང་འབྲེལ་བའི་བྱིས་པ་བསམ་མེད་དང་བོད་མི་ཡིག་རྨོངས་བ་བཅས་རེད།ཆོས་བཤད་སྟེགས་བུའི་དྲུང་ན་འདུར་ཞིང༌།འདུད་ཅིང་གུས་པས་འགྲོ་བ་དག་ནི་གྲྭ་མ་གྲོང་ཁོའི་དངོས་སུ་གྱུར་བའི་གདུལ་བྱ་ཡང་དག་ཡིན་པས།དེ་དག་གི་ཁྲོད་ན་ཆོས་ལུགས་ལ་ཆ་མེད་ཅིང་རིགས་གཞུང་ལ་རྒྱུས་མེད་པའི་རིགས་ཁོ་ན་མ་གཏོགས།བསམ་ཤེས་དང་ཡ་རབས།རིག་གནས་ཀྱིས་རྒན་པ་དང།ཡང་ན་ཆོས་པ་རྣལ་མའི་རིགས་ཤིག་གཏན་ནས་ཡོད་པ་མ་རེད།དེའི་གདུལ་བྱར་གྱུར་བའི་མི་ནི་རྨོངས་དད་དང༌།འུར་ཞོགགོ་ཐོས་ཀྱིས་དབེན་པ་རྐྱང་རྐྱང་རེད་ཅེས་བརྗོད་ཆོགརྒྱུ་མཚན་ནི།ཆོས་བཤད་དེ་ལྟ་བུའི་སྒོ་ནས་སློབ་གསོ་ཇི་ལྟར་བྱས་ཀྱང༌།འཇིགས་སྐུལ་ཅི་འདྲ་བྱས་རུང་དཔྱོད་ཤེས་དང་གཟུར་གནས།རིག་པ་སྨྲ་བ་ཞིག་གིས་དང་ལེན་བྱེད་ཐབས་གཏན་ནས་མེད་པས་སོ།གྲྭ་མ་གྲོང་དེ་ནམ་ཡང་གྲོང་ནང་ན་འདུར་བཞིན་ཡོད་པ་ལས།ཁོས་སློབ་གྲྭ་ཡང་དག་ཅིག་ལ་ཆོས་མི་བཤད་ལ།ཁོས་དགོན་པ་ཚད་ལྡན་ཞིག་ལ་ལུང་མི་འདོན།གལ་ཏེ་དེ་ལྟར་བྱེད་ན།ཡང་ན་སློབ་གྲྭ་དེ་དང་དགོན་པ་དེ་ཡང་དག་དང་ཚད་ལྡན་མིན་པའི་རྟགས་རེད་ལ།ཡང་ན་དེ་ངས་བཤད་པའི་གྲྭ་མ་གྲོང་དེ་གཏན་ནས་མིན།ཁོ་ནི་ནམ་ཡང་བས་མཐའ་དང་ལུང་ཀྱོག་འགྲིམས་ནས་འགྲོ་བཞིན་ཡོད།ཁོ་ནི་གཅན་གཟན་ཞིག་ལ་དཔེ་བཞག་ན།སེང་གེ་དང་སྟག་གཟིག་སྟེ་སྲོག་ཆགས་ཆེ་གྲས་སྟོབས་དང་ནུས་པས་གསོད་མཁན་དེ་མིན་པར།དེ་ནི་འཕར་བ་དང་ཝ་མོ་ལྟར་སྲོག་ཆགས་ཆུང་གྲས་གྱི་སྟེང་ལ་གཡོ་དང་ཐབས་ལ་བརྟེན་ནས་འཇབ་མཁན་དེ་རེད།འཕར་བའི་རིགས་འདི་སྟོབས་ཆུང་བས།གླང་ཆེན་དང་བསེ་རུ།ཤྭ་བ་སོགས་གསོད་པའི་ནུས་པ་མེད་ན་ཡང༌། དེས་གླང་གི་ཕྲུ་གུ་དང་ཤེའུ་ལྟ་བུའི་སྲོག་ཆགས་ཉམས་ཆུང་ཚོ་གཅིག་པུར་སྡོད་པའི་སྐབས་དང་བསྟུན་ནས་གསོད་བཞིན་ཡོད།དེ་དང་འདྲ་བར་གྲྭ་མ་གྲོང་གི་ཆོས་བཤད་མཁན་ཚོས་ཀྱང་རིག་གནས་པ་དང༌།ཤེས་ཡོན་ཅན།སློབ་གསོ་བ།ཡང་ན་ཆོས་པ་རྣལ་མ།ད་དུང་གཞུང་ལུགས་ཅུང་ཟད་རེ་སྦྱང་ཡོད་པ་བཅས་ལ་རྩ་བ་ནས་ཆོས་སྟོན་ཀྱིན་མེད།རྒྱུ་མཚན་ནི།དེ་དག་ལ་དད་པ་མེད་པས་བཤད་ཀྱང་དགོས་པ་མེད་ཟེར་སྲིད་ཀྱང༌།དོན་ངོ་མ་དེ་ཚོ་ནི་གོང་གི་སྲོག་ཆགས་ཆེ་གྲས་ལྟར་བསམ་བློའི་གཟུགས་བོངས་རྒྱས་པས་ཁོའི་ནུས་ཤུགས་ཀྱིས་མ་ལྕོགས་པ་རེད།ཡང་དཔེ་གཞན་ཞིག་འགོད་ན།དགུན་སྨད་དང་དཔྱིད་མགོར་ཕྱུགས་ཟོག་ཤ་ཤེད་ངན་དུས་དེ་ལ་འབྱེ་ན་རིགས་གསུམ་དུ་དགར་ཆོག་སྟེ།གཅིག་ནི་རི་མགོར་གཟན་རྩྭ་ཡག་གྲས་དང་རྩི་ཏོག་བཅུད་ལྡན་ཟ་རུ་འགྲོ་བའི་ཕྱུགས་ཟོག་ཁ་ཉུང་དག་རེད།དེ་དག་ནི་གཟན་རྩྭའི་ནང་གི་ཆེས་ལེགས་པའི་རྩི་བཅུད་ལ་རོལ་མཁན་ཡིན་པས།ཤ་ཤེད་བཟང་ལ།སྤུང་གྲ་རྒྱས།སྣ་རྫི་བཟང་བ་བཅས་རེད།གཅིག་ནི་དེ་ལས་ཅུང་དམའ་བའི་རི་སུལ་དང་ལུང་སྟོད་དུ་འགོ་བའི་ཕྱུགས་ཟོག་བར་མ་དེ་དག་རེད།དེ་དག་ཀྱང་ནད་མེད་དང་ཁ་མཐོ་མ་ཡིན་པ།ཤ་ཤེད་འབྲིང་བ་བཅས་རེད།གཞན་ཞིག་ནི་ཕྱུགས་ཟོག་གི་རྗེས་མ་ཆོད་པར་རུ་མཐའ་རུ་ལུས་པའི་ལོ་ལོན་ཁ་མཐོ་དང་ཁོང་ནད་ཅན་དག་རེད།དེ་དག་གི་བཟའ་རྒྱུ་ནི་རྩྭ་ལུད་དང༌།འཐུང་རྒྱུ་ནི་ཆུ་སྙིགས་རེད།འདི་ལྟ་བུའི་རིམ་པ་གསུམ་དུ་དགར་ཚེ་རི་མགོ་དང་སྒང་ཁར་རྩྭ་རྩི་ཏོག་གི་ཕུད་ལ་རོལ་མཁན་གྱི་ཕྱུགས་ཟོག་ཤ་ཤེད་ཅན་ཞིག་རུ་མཐའ་དང་ལྷས་མཐའི་ཟོག་ངན་དག་གི་གྲས་སུ་སྡོད་འདོད་མེད་ལ།གལ་ཏེ་བཙན་གྱིས་དེའི་གྲས་སུ་བཙུད་ཀྱང་བཙུད་ཐབས་མེད།དེ་བཞིན་དུ་གྲྭ་མ་གྲོང་གི་གདུལ་བྱར་གྱུར་བའི་རིག་གནས་མེད་པའི་བླུན་རྒན་འདི་ཚོའི་གྲལ་དུ་ཤེས་རིག་གི་བཅུད་ལ་རོལ་བའི་ཡོན་ཏན་པ་ཞིག་སྡོད་ཐབས་མེད།འདིའི་སྟེང་ནས་བལྟས་ན་གོང་གི་ཕྱུགས་ཟོག་གི་རིམ་པ་གསུམ་པོ་མི་ལ་སྦྱར་ན་ཇི་ལྟར་ཡིན་པ་ཧ་ཅང་གསལ་བོ་གོ་རྒྱུ་ཡོད།མི་ལ་ཤེས་རིག་གི་ཚད་དེ་ལྟར་རིམ་པ་གསུམ་དུ་དགར་བའི་དབང་དུ་བཏང་ན།གྲྭ་མ་གྲོང་གི་གདུལ་བྱར་གྱུར་བའི་མི་རྣམས་ནི་ལྷས་མཐའ་དང་རུ་མཐའ་ན་ལུས་པའི་ཕྱུགས་ཟོག་ངན་པ་དེ་ཚོ་དང་གཅིག་འདྲ་རེད།དེ་ཚོས་བསྩལ་བའི་རྩྭ་ལུད་དང་དེ་ཚོས་བླུད་པའི་ཆུ་སྙིགས་ལས་གཞན་པའི་རིག་གནས་འཚོ་བ་གསར་བ་ཞིག་གདུལ་བྱ་དེ་ཚོས་རག་ཐབས་མེད།འོ་ན་རྒྱ་ཡུལ་དང་གྲོང་ཁྱེར་དག་ན་ཆོས་བཤད་མཁན་དེ་ཚོའི་གདུལ་བྱ་མང་བོ་ཡོད་པས་དེ་དག་ཀྱང་རྩྭ་ལུད་བཟའ་བའི་རིགས་ཡིན་ནམ་ཟེར་ན།དེ་ལོས་ཡིན་ཏེ་རྩྭ་ལུད་བཟའ་བའི་རིགས་ནི་གྲོང་ཁྱེར་དང་གྲོང་གསེབ་གང་ན་ཡང་ཡོད་པ་ཡིན་ཏེ།བློ་རིག་གི་ཚད་མཐོ་དམན་ནི་ས་ཆ་གང་ན་ཡོད་པ་དེའི་ཕྱིར།རྩྭ་ཡག་རྩོག་གི་དབྱེ་བ་ཇི་ལྟར་འབྱེད་ཟེར་ན།དེ་ནི་དོན་དངོས་ཀྱི་གཞི་འཛིན་ས་ཡོད་མེད་དང༌།གཞུང་ལུགས་ཀྱི་ཁུངས་གཏུག་ས་ཡོད་མེད།རིག་པའི་ལམ་ནས་ཐག་གཅོད་རྒྱུ་ཡོད་མེད།རྣམ་གྲངས་རྒྱ་ཆེ་ཆུང་དང༌།གོ་བ་གཏིང་ཟབ་མིན་སོགས་ཀྱི་སྒོ་ནས་རིག་གནས་ལ་རྩྭ་ཡག་རྩོག་གི་ཁྱད་པར་ལྟར་ཕྱེས་པ་རེད།
དྲུག གྲྭ་མ་གྲོང་གི་ཡོན་ཚད་དང་དེའི་ངོ་རྒོལ་བྱ་ཡུལ།
གང་ན་རིག་གནས་ཀྱི་ཡོད་ཚད་ལྡན་ན་དེ་ན་བློ་དང་རིག་པ་གཟུ་བོར་གནས།གང་ན་མི་ལ་ཤེས་བྱའི་རྒྱ་མཐོང་མངའ་ན་དེ་ན་ལྷག་བསམ་དང་གཡོ་མེད་ཀྱི་ལྟ་བ་རང་ཆས་སུ་ལྡན་ངེས།འོན་ཀྱང༌།ཆོས་བཤད་མཁནགྱི་གྲྭ་མ་གྲོང་འདིས་གྲྭ་ས་ནས་གྲུབ་མཐའ་སྦྱངས་མ་མྱོང་ལ། སློབ་གྲྭ་ནས་རིག་གནས་སྦྱངས་མ་མྱོང༌།ཁོས་བླ་མའི་གདམས་ངག་སྒོམ་མ་མྱོང་བ་དང༌།བཙུན་པའི་འདུལ་ཁྲིམས་བསྲུང་མ་མྱོང༌།ཁོས་འཇིག་རྟེན་གྱི་བྱ་བ་བཟང་བོ་སྣ་གཅིག་ལ་ཡང་གོམས་འདྲིས་བྱེད་མ་མྱོང༌།དེའི་རྐྱེན་གྱིས་ཁོས་བཤད་ཚད་རྫུན་བཟོ་དང་མགོ་སྐོར་ཁོ་ན་རེད།སྤྱིར་ཆོས་ལུགས་སློབ་གསོ་ཡིན་ཡང་འདྲ།གཞན་པའི་སློབ་གསོ་ཡིན་ནའང་འདྲ།གང་ལྟར་ཐམས་ཅད་སློབ་གསོའི་བྱ་བ་ཡིན་པས།བྱ་བ་དེ་གཉེར་མཁན་ཞིག་ཡིན་ན་མི་དེ་ལ་རིག་གནས་ཀྱི་ཡོན་ཚད་ངེས་ཅན་ཞིག་ལྡན་དགོས་པ་སྨོས་མེད་རེད།གལ་ཏེ་རིག་གནས་ཀྱི་ཡོན་ཚད་མི་ལྡན་པའི་མིས་མི་ལ་སློབ་གསོའི་བྱ་བ་བྱེད་རྒྱུ་ཡིན་ཟེར་ན།དེ་ནི་གྲུབ་འབྲས་མེད་པའི་བྱ་བ་ཞིག་དང་ཡང་ན་དེ་ནི་ལོག་ལམ་དུ་འགྲོ་བའི་བྱ་བ་ཞིག་ཡིན་ངེས།དེའི་ཕྱིར་སློབ་གསོའི་བྱ་བ་གཉེར་མཁན་ཞིག་བྱེད་རྒྱུ་ཡིན་ན་ཐོག་མར་རང་ཉིད་ཀྱི་རྒྱུད་ལ་ཡོན་ཏན་ཞིག་འབྱོར་རྒྱུ་དེ་གཙོ་བོ་རེད།རང་གིས་རིག་གནས་སྣ་མང་དང༌།རྒྱ་ཆེ་བ།ཕྱོགས་མེད་ཅིག་གི་སྦྱངས་བ་སྔོན་སོང་བྱས་ནས།ད་གཟོད་གཞན་ལ་སློབ་གསོ་བྱེད་ན་འོས་འཚམ་ཞིག་ཡིན་མོད།འོན་ཀྱང་གྲྭ་མ་གྲོང་གི་ཆོས་ལུགས་སློབ་གསོ་སྤེལ་བ་ལ་རིག་གནས་ཀྱི་ཡོན་ཚད་ཅི་ཡང་མི་དགོས་པར་གང་བྱུང་མང་བྱུང་དུ་བཤད་པ་ནི་ངོ་མ་ཅི་འདྲའི་ཡ་མཚནཞིག་རེད།ད་དུང་འདི་ལ་བསམ་འཆར་བཤད་མཁན་ཞིག་བྱུང་མེད་ལ།གྲོས་གཞི་འདོན་མཁན་ཙམ་ཡང་དཀོན་པ་ནི་དེ་ལས་ཡ་མཚན་ཞིག་རེད། དེ་ནིསློབ་གསོའི་བྱ་བའདི་ཡུན་རིང་ལ་གནས་མི་ཐུབ་པའི་སྔ་ལྟས་ཤིག་ཡིན་ལས་ཆེ། ཆོས་བཤད་མཁནའདི་ལ་ཐ་ན་སློབ་ཆུང་གི་རྒྱུན་ཤེས་ཙམ་ཡང་མི་དགོས་པ་འདི་དེ་ལས་ཀྱང་ཡ་མཚན་མི་ཆེའམ།
སྔར་སྟོན་པ་སངས་རྒྱས་མི་ཡུལ་འདིར་བྱོན་མྱོང་བ་ཁོས་ཤེས་ཀྱང་དེ་ཙམ་ནི་ཆེས་བླུན་པའི་དཔེ་རུ་འདྲེན་པའི་གནག་རྫི་རྒན་པོས་ཀྱང་ཤེས་ཡོད།སངས་རྒྱས་བྱོན་དུས་ཀྱི་ལོ་ཚིགས་དང་དེས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ།གདུལ་བྱ་ཕྱི་རབས་པས་དྲང་ངེས་ཀྱི་ཁྱད་པར་ཇི་ལྟར་ཕྱེས་ཚུལ་སོགས་ནི་ཁོ་དང་འགལ་བ་ལྟག་སྤྲོད་དུ་གྱུར་བའི་རིག་གནས་པ་ཚོའི་བཤད་སྟངས་རེད་འདུག ས་རིམ་པ་དགུའི་འོག་ན་དམྱལ་ཁམས་བཅོ་བརྒྱད་ཡོད་ལ་བར་སྣང་སྟོང་བ་ན་དག་ཞིང་ཡོད་པ་དེ་ཁོས་མངོན་མཁྱེན་གྱིས་ཤེས་ཡོད་ཀྱང༌།དེ་ཙམ་ནི་དམངས་ཁྲོད་ངག་རྒྱུན་ན་ཡང་དེ་བཞིན་རླུང་ལྟར་གྲགས།གྲྭ་མ་གྲོང་གིས་ཤཱཀྱ་ཐུབ་པའི་ཆོས་འདིའི་ངོ་བོ་དང་བྱེད་ལས།རྒྱུ་རྐྱེན་རྣམ་གྲངས་སོགས་གང་ལ་ཡང་འདང་རྒྱག་མ་མྱོང་ལ།དེ་བྱུང་བའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ཤིག་ཡོད་པ་གཏན་ནས་ཤེས་མེད།བོད་ཀྱི་མི་ལ་རས་པ་ནི་ཆོས་པ་རྣལ་མ་ཞིག་གི་དཔེ་མཚོན་ཡིན་ཞེས་བཤད་བཞིན་ཡོད་ཀྱང༌།དཔེ་མཚོན་དེས་བཀའ་བརྒྱུད་པའི་གྲུབ་མཐའ་ལ་ཕན་ཅི་ཞིག་ཐོགས་ཡོད་ཅེས་དྲིས་ན་ཁོ་ལ་གསལ་ཁ་ཅི་ཡང་ཕྱེ་རྒྱུ་མེད་ཁོ་ཐག་ཡིན།མ་ཟད་སྔོན་མའི་མི་ལ་རས་པ་ངོ་མ་དེ་དང་ད་ལྟའི་ཡིག་ཐོག་གི་མི་ལ་རས་པ་འདི་གཉིས་ཀྱི་ཁྱད་པར་ཙམ་ལ་ཡང་འདང་རྒྱག་མྱོང་མེད།གཞན་ཚན་རིག་གི་མེས་པོ་ཨེན་སི་ཐན་དང་གསར་བརྗེའི་སློབ་དཔོན་མར་ཁེ་སི།གནའ་བོའི་མཚན་ཉིད་རིག་པ་བ་སུའུ་ཀི་ལ་ཏི་སོགས་ནི་ཁོས་བལྟས་ན་ཅི་ཡང་མི་ཤེས་པའི་བླུན་རྒན་ཤ་སྟག་རེད།བླུན་རྒན་དེ་དག་གིས་མིས་རིག་ལ་བཞག་པའི་མཛད་རྗེས་ནི་གང་དག་ཡིན་ཞེས་དྲིས་ན་དེ་ཡང་ཁོ་ལ་བཤད་རྒྱུ་མེད།རྒྱུ་མཚན་དེ་དག་གི་དབང་གིས།རིག་གནས་པ་དང་ཡོན་ཏན་ཅན།སློབ་གྲྭའི་སློབ་མ་དང་དགེ་རྒན།དེང་རབས་རིག་གནས་ལ་དགའ་བ་དང་ཡོན་ཏན་པའི་སྡེ་དག་ནི་གྲྭ་མ་གྲོང་གི་མིག་ནང་གི་ལིང་ཏོག་དང་སོ་ནང་གི་སྲིན་འབུ་རུ་གྱུར་ཡོད།མ་ཟད། དཔྱད་བརྗོད་པ་དང་རྩོམ་པ་པོ།གནའ་དེང་གི་བསམ་བློ་བ་དང༌།རྒྱལ་ཕྱི་ནང་གི་མཁས་ཆེན་ཚོ་ནི།ཁོའི་ཁ་གཏད་གཅོག་ཡུལ་གྱི་དགྲ་བོའི་དང་མ་ཉིད་དུ་སྒོམ་པར་བྱེད།ཁོ་རིག་གནས་དང་རིག་གནས་བ་ལ་མི་དགའ་བ་ནི་དེ་ལ་ད་དུང་མ་ལོབས་པས་ལན་པ་ཡིན་ཡང་ཆོག་ལ།ཁོས་ཚན་རིག་དང་དངོས་དོན་ཁས་མི་ལེན་ནི་ཁོ་ལ་འཁྲུལ་སྣང་དང་སྟོང་བསམ་ཤུགས་ཆེས་བས་ལན་ཡིན་ཡང་སྲིད།ད་དུང་ཁོ་ལ་རྒྱབ་འགལ་བྱེད་ཡུལ་ཞིག་ཡོད་པ་ནི།གྲྭ་སའི་གྲྭ་བ་དང་དགེ་བཤེས།དེ་རྣམས་རེད།འདི་དག་ཚང་མ་ཁོ་ལ་རིག་གནས་ཀྱི་ཡོན་ཚད་ཧ་ཅང་ཞན་པའི་མཚོན་རྟགས་རྐྱང་རྐྱང་རེད།ཁོ་བོ་རང་ཉིད་ཆོས་ལུགས་པ་ཞིག་ཏུ་ཁེས་འཆེ་ན་ཡང༌།ཁོས་གནའ་བོའི་ཆོས་ལུགས་ཀྱི་བྱུང་བ་ཙམ་ལ་ཡང་ལྟ་མི་ཤེས་ན་ག་འདྲ་རེད།ད་ལྟའི་རིག་གནས་ཡོད་ཚད་བདུད་ཀྱི་ལས་སུ་ལྟ་ན་ཡང་དེར་ལྟ་བའི་རྒྱུ་མཚན་ཅི་ཡང་བཤད་རྒྱུ་ཡོད་དམ།ཁྱོད་ཀྱིས་མཁས་པ་ཨེན་སི་ཐན་ཁས་མི་ལེན་ན།དེའི་ལྟོས་བཅས་སྨྲ་བ་ལ་དགག་པ་ཞིབ་མོ་ཞིག་གི་གྲ་སྒྲིག་དགོས་ངེས།བོད་ཀྱི་བསམ་བློ་བ་ཞོགས་དུང་ལ་མི་དགའ་ཙམ་བལྟས་པས་ག་ལ་ཕན་ཏེ།དམངས་གཙོ་དང་འདྲ་མཉམ་རང་དབང་སོགས་མི་དགོས་བའི་སྒྲུབ་བྱེད་རྣམ་དག་ཅིག་དགོས་ངེས་རེད།འདི་དག་ལ་བསམ་བློ་ཞིག་གཏོང་དགོས་ངེས།དེ་མིན་གང་བྱུང་དུ་གཞན་གྱི་རིག་གནས་དང༌།གཞན་གྱི་བསམ་བློ།ཡོད་ཚད་ལ་དགྲ་རུ་ལྟ་ཞིང་ཡོད་ཚད་དགག་བྱར་བརྩི་བ་ནི་གྲྭ་མ་གྲོང་འདིའི་བསུབ་ཐབས་མེད་པའི་ནག་ཉེས་ཤིག་རེད།ཁོས་རང་གི་ནག་ཉེས་ལ་ནག་ཉེས་དུ་ཁས་མི་ལེན་པར་ད་དུང་གཞན་ལ་ལྟ་ལོག་པ་དང་དམ་ཉམས།དམ་སྲི་སོགས་ཀྱི་མིང་འདོགས་པ་ནི་ངོ་མ་དགོད་བྲོ་བ་ཞིག་རེད་ལ་ངུ་བྲོ་བ་ཞིག་ཀྱང་རེད།ད་དུང་གཞན་གྱི་བརྩམས་ཆོས་དང་དཔེ་ཆ་སོགས་ལ་ལྟ་མི་ཆོག་པའི་ཁྲིམས་བྱེད་པ་དེ་ནི་དེ་བས་ཀྱང་དགོད་བྲོ་བ་ཞིག་དང་ངུ་བྲོ་བ་ཞིག་མ་ཡིན་ནམ།
བདུན། གྲྭ་མ་གྲོང་གིཆོས་བཤད ཀྱི་ཤུགས་རྐྱེན།
གྲྭ་མ་གྲོང་གིས་དོན་གང་དག་ལ་དམིགས་ནས་བྱེད་ཐབས་གང་དག་བཀོལ་བཞིན་ཡོད་དེ།མི་ཁས་འཇིགས་སྐུལ་རྒྱུ་དང༌།ཁྲིམས་ཀྱིས་འཇིགས་སྐུལ་རྒྱུ།དམྱལ་བའི་སྡུག་བསྔལ་གྱིས་འཇིགས་སྐུལ་རྒྱུ།མི་མངོན་པའི་ལྷ་འདྲེས་འཇིགས་སྐུལ་རྒྱུ་བཅས་ཀྱི་ཐབས་ལ་བརྟེན་ནས་མང་ཚོགས་མགོ་འཐོམ་དུ་འཇུག་རྒྱུ་དེ་རེད། དེ་ཡང༌།དམ་ཉམས་དང་དམ་སྲི།ལྟ་ལོག་པ་སོགས་ཀྱི་མིང་ངན་བཏགས་ནས་མང་ཚོགས་ཁྲོད་མི་ཁས་འཇིགས་སྐུལ་སློང་བ་དང༌།དམྱལ་བར་ལྷུང་འགྲོ་ཚུལ་དང་ཡི་དྭགས་སུ་སྐྱེས་འགྲོ་ཚུལ་གྱིས་འཇིགས་སྐུལ་སློང་བ།དགེ་བཅུའི་ཁྲིམས་ལ་འགལ་སོང་ཚུལ་དང༌།མི་གྲལ་ནས་ཕུད་པ་དང༌།སྡེ་གྲལ་ནས་ཕུད་པ་སོགས་ཀྱི་ཁྲིམས་ཀྱིས་འཇིགས་སྐུལ་སློང་བ།ད་དུང་བཀའ་ཆད་ཕོག་ནས་ཤི་སོང་ཚུལ་དང༌།ལྷ་འཁྲུག་བྱུང་ནས་འགྱེལ་འགྲོ་ཚུལ།གཞི་བདག་མ་དགའ་ནས་དང༌།ཡུལ་ལྷ་ཁྲོས་ནས་དང༌།ས་བདག་ཀླུ་གཉན་ལ་ཕོག་ཐུག་ཤོར་ནས།རླངས་འཁོར་ཐོ་ཐུག་བརྒྱབ་པ་དང༌།འཕྲུལ་རྟའི་འཁོར་ལོ་ཐེད་པ།རྟ་རྒྱབ་ལ་རྨ་བུད་པ།འབྲིའི་ནུ་མར་འབྲུམ་ཐོར་བྱུང་བ།སྒོ་ཁྱིའི་སྐད་འགག་པ།མི་ལ་རྒྱུ་ལྷག་བྱུང་བ།ཕྱུགས་ཀྱི་དྲིན་མི་འཛིན་པ་སོགས་ཡོད་ཚད་ལྷ་དང་འདྲེ་ཡི་བྱེད་བཀོད་ལ་རག་ལས་པར་བཤད།ལྷ་དང་འདྲེ་ཡི་ཆོ་འཕྲུལ་འདི་དག་ཀྱང་གཙོ་བོ་དེ་བཀུར་ཞིང་བསྟོད་པའི་གྲྭ་མ་གྲོང་གི་བཀའ་བསྒོ་དམ་བཏགས་ལ་རག་ལས་པར་བཤད།དེ་ལྟར་འཇིགས་སྐུལ་བས།མང་ཚོགས་རྣམས་དཔའ་ཞུམ་ཞིང་བག་འཁུམ།རྒྱུད་པ་འདར་ཞིང་སྐད་ངན་འདོན་པར་གྱུར།ཐ་ན་རང་གི་འཆོ་བ་རང་གིས་སྒྲུབ་པའི་སྤོབས་པ་ཡང་མེད་པར་གྱུར་ནས་ཡོད་ཚད་གྲྭ་མ་གྲོང་གི་བཀའ་ལ་སྒུག་ནས་འདུག་གོདེ་ལྟར་བཤད།འདི་ལྟར་བསྒྲུབས་པས།མང་ཚོགས་ཁྲོད་ཤུགས་རྐྱེན་མ་ཐེབས་ས་ཞིག་མེད་པར་གྱུར།སློབ་གྲྭ་ན་དེའི་ཤུགས་རྐྱེན་ཡོད་ལ།སྨན་ཁང་ན་དེའི་ཤུགས་རྐྱེན་ཚབས་ཆེ།དུར་ཁྲོད་ན་དེའི་ཤུགས་རྐྱེན་ཡོད་ལ།དགོན་གནས་ན་ཡང་དེའི་ཤུགས་རྐྱེན་ཡོད།མདོར་ན།ཚོང་མགྲོན་གྱི་སྐབས་དང༌།རུ་སྤོའི་སྐབས།ཇག་རྒྱག་པའི་དུས་དང༌།རྐུ་ལ་འགྲོ་བའི་ཉིན།གཉེན་སྟོན་དང་བུ་སྐྱེ།མིང་འདོགས་སོགས་སྐབས་གང་ལ་ཡང་དེའི་ཤུགས་རྐྱེན་མ་ཐེབས་ས་གཅིག་ཀྱང་མེད།ཐ་ན་སྒོ་ཁྱི་འདོགས་པའི་གནས་དང༌།སྦྲ་སྒོ་སྐོར་བའི་ཕྱོགས་བཅས་གང་ལ་ཡང་གྲྭ་མ་གྲོང་གི་འདོད་ཐོག་ཏུ་མ་བཞག་ན་ག་ལ་འགྲིག་སྙམ་པར་གྱུར་ཡོད།གལ་ཏེ་འཇིག་རྟེན་འདི་འདི་ལྟར་བླུན་པོ་འགའ་ཞིག་གི་དབང་དུ་གྱུར་ནས་བློ་དང་རིག་པ་ནུས་པ་གསུམ་མུན་པའི་ཁོང་དུ་དྲངས་སོང་ན་ཅི་འདྲའི་སྐྱོ་བ་ལ།ད་སྐབས་བྱིས་པས་ཡི་གེ་ཤེས་མི་ཤེས་དེ་གྲྭ་མ་གྲོང་གི་མོ་དང་རྩིས་ལ་སྐད་ཆ་བཤད་དུ་འཇུགདེའི་མོ་རྩིས་ལས་ཡི་གེ་མི་ཤེས་པས་སྦྱང་ཡང་དགོས་པ་མེད་ཟེར་ན་དེ་ལྟར་བྱ་ལ།ནད་པ་དྲག་མི་དྲག་ནི་གྲྭ་མ་གྲོང་གི་མོ་ལུང་རྩིས་གསུམ་ལས་ཤེས་ཏེ།ནད་པ་སྨན་ཁང་དུ་སྟོན་མི་སྟོན་དེ་ཁོ་ཚོས་ཐག་གཅོད་བཞིན་ཡོད།ད་དུང་གྲྭ་བ་བྱེད་དང་གྲོང་བ་བྱེད།ཇོ་མོ་བྱེད་དང་སྐྱེས་མ་བྱེད།ཚོང་རྒྱག་མི་རྒྱག་དང༌།ཁང་བ་ལས་མི་ལས།ཅ་ལག་ཉོ་མི་ཉོ།སྟོན་མོ་འཇོག་མི་འཇོག་སོགས་ཡོད་ཚད་གྲྭ་མ་གྲོང་ལ་འདྲི་དགོས་པ་ལས་རང་ཐག་རང་གིས་ག་ལ་ཆོད།གལ་ཏེ་གྲྭ་མ་གྲོང་གིས་དེ་ལྟར་ཆོག་གམ་སྙམས་ནས་མོས་འཐད་ཙམ་བྱུང་ན་ཡང༌།ཆོག་ན་ཇི་ལྟར་ཆོགདེ་ལ་རིམ་གྲོ་དང་བསྲུང་བ་གང་ཞིག་དགོས་ཞེས་ཡང་བསྐྱར་དེའི་བཀོད་འདོམས་ལ་ཉན་ནས་སྡོད་དགོས།དེ་ལྟར་ཅི་ཡང་མི་ཤེས་ཤིང་ཅི་ཡང་ཐག་མི་ཆོད་པའི་མང་ཚོགས་འདི་ཚོས་ཡོད་ཚད་གྲྭ་མ་གྲོང་གི་ཁ་བཀོད་ལ་ཉན་ནས་སྡོད་དགོས་པ་ངོ་མ་བསམ་ཡུལ་ལས་འདས་པ་ཞིག་རེད།འདི་ནི་གཅིག་ནས་ལྷ་འདྲེས་དབང་དུ་བསྡུས་པ་རེད་ལ། གཉིས་ནསཆོསཀྱིས་དབང་དུ་བསྡུས་པ་རེད།མདོར་ན་གྲྭ་མ་གྲོང་གིས་དབང་དུ་བསྡུས་པ་རེད། གྲྭ་མ་གྲོང་གི་ཤུགས་རྐྱེན་འདིའི་དབང་གིས་མང་ཚོགས་ཀྱི་བསམ་བློ་ནི་ནམ་ཡང་ཐེ་ཚོམ་གྱི་སྒྲོག་ཏུ་ཚུད་ཡོད་ལ།མང་ཚོགས་ཀྱི་བསམ་བློ་ནི་ནམ་ཡང་སྔངས་སྐྲག་དང་བཅས་ཏེ་ཡོད།དེའི་དབང་གིས་གྲྭ་མ་གྲོང་གི་ཁ་བཀོད་ལྟར་བྱས་པས།ནད་པ་མང་བོ་སྨན་ཁང་དུ་མ་འབྱོར་བར་ངན་ཤི་ཐེབས་ཡོད་ལ།ཚོང་བ་མང་པོའི་སྤོབས་པ་ཆག་ནས་ཚོང་རྡིབ།ན་གཞོན་མང་པོའི་རིག་གནས་ཀྱི་བགོ་སྐལ་ཆད་ཡོད།དེ་ལས་ཀྱང་ཐུ་བ་ནི།རིག་གནས་གསར་བའི་སྐྱེ་རྒྱུན་གཅོད་པའི་བསམ་སྦྱོར་ངན་པ་འདི་དག་གོ
ཐུབ་བསྟན་གྲགས་པས། 2011.2.3ལ།

0 comments:

ཟིན་བྲིས་འཚོལ་ཡུལ