དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Monday, 28 May 2012
༄༅། །སྟོན་པ་བཀའ་དྲིན་ཅན་སངས་རྒྱས་ཤྰཀྱ་ཐུབ་པ་དྲན་མགུར་གསེར་གྱི་མེ་ཏོག །
ན་མོ་གུ་རུ་ཤྰཀྱ་མུ་ན་ཡེ། །
ཐུགས་རྗེ་ཆེན་པོས་སྙིགས་དུས་འགྲོ་ལ་གཟིགས། །
མཁྱེན་བརྩེ་ནུས་པས་ཐེག་གསུམ་ཆོས་འཁོར་བསྐོར། །
འགྲོ་ཁམས་སྨིན་གྲོལ་འགོད་མཛད་སྤྲུལ་པའི་སྐུ། །
སྟོན་པ་མཚུངས་མེད་ཤྰཀྱ་སེངྒེ་རྒྱལ། །
རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་འཇམ་དཔལ་དབྱངས། །
བརྩེ་ཆེན་འཇིག་རྟེན་དབང་ཕྱུག་སྤྱན་རིས་གཟིགས། །
མཐུ་སྟོབས་ནུས་པའི་མངའ་བདག་རྡོ་རྗེ་འཛིན། །
རྣམ་གསུམ་དབྱེར་མེད་ཡིད་བཞིན་ནོར་བུ་རྒྱལ། །
ཕྱི་ལྟར་ངུར་སྨྲིག་འཛིན་པའི་བླ་གྲྭ་དང་། །
ནང་དུ་ཞི་ལྷག་སྒོམ་པའི་ཏིང་ཤེར་ཅན། །
གསང་བ་སོར་བྱང་སྔགས་ཀྱི་དམ་ཚིག་བདག །
ང་གསང་རྫོགས་ཆེན་བསྟན་འཛིན་རྒྱལ་གྱུར་ཅིག །
འཕགས་པའི་ཡུལ་ནས་མཛད་པ་བཅུ་གཉིས་བསྟན། །
གངས་ཅན་ལྗོངས་སུ་མཛད་པའི་ཕྲིན་ལས་རྒྱས། །
སྙིགས་དུས་འགྲོ་ཁམས་འདྲེན་པའི་ཐུགས་རྗེ་ཅན། །
སྟོན་པ་མཉམ་མེད་ཤྰཀྱ་ཐུབ་པ་རྒྱལ། །
སྒོ་གསུམ་མི་ཕྱེད་དད་པས་གུས་ཕྱག་འཚལ། །
དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་འབུལ། །
ཐོག་མེད་ནས་བསགས་སྡིག་ལྟུང་ཅི་མཆིས་བཤགས། །
འགྲོ་ཁམས་དགེ་བ་ཀུན་ལ་རྗེས་ཡི་རང་། །
སྲས་བཅས་རྒྱལ་ཀུན་རྣམས་ལ་ཆོས་འཁོར་བསྐུལ། །
བསྟན་འཛིན་དམ་པ་མྱ་ངན་མི་འདའ་གསོལ། །
སྐྱབས་སེམས་ཐོས་བསམ་སྒོམ་པའི་ལེགས་བཤད་ཀུན། །
ཀུན་བཟང་རྒྱལ་སྲིད་ཐོབ་པའི་རྒྱུ་རུ་བསྔོ། །
རྩ་བརྒྱུད་བླ་མའི་འབྱུང་གནས་སངས་རྒྱས་དད། །
ཡི་དམ་རྒྱ་མཚོའི་མངའ་བདག་བྱང་ཆུབ་སེམས། །
མཁའ་འགྲོ་ཆོས་སྐྱོང་གྲོགས་མཛད་དྲན་ཤེས་བཞིན། །
བག་ཡོད་བསྟན་པའི་བདག་པོ་རྒྱལ་གྱུར་ཅིག །
ངེས་འབྱུང་ཐར་བའི་དེད་དཔོན་ཤྰཀྱའི་རྒྱལ། །
བྱང་སེམས་བསྟན་པའི་བདག་པོ་བཅོམ་ལྡན་འདས། །
གསང་སྔགས་དེ་ཉིད་སྟོན་པའི་གུ་རུ་རྗེ། །
བདེན་པའི་ལམ་བཟང་བསྩལ་བའི་བཀའ་དྲིན་དྲན། །
ཆོས་དང་རིས་སུ་མ་ཆད་རྒྱལ་བའི་བསྟན། །
འགྲོ་ཁམས་རྒྱུད་ལ་མཆིས་པའི་བདེ་གཤེགས་སྙིང་། །
མ་ནོར་ཇི་བཞིན་སྟོན་པའི་དགེ་བའི་བཤེས། །
སྟོན་དང་བསྟན་པའི་བདག་པོའི་བཀའ་དྲིན་དྲན། །
ལས་འབྲས་ཚུལ་ཁྲིམས་གཙོར་འདོན་འདུལ་བའི་སྡེ། །
ཉོན་མོངས་ཀུན་སེལ་ཏིང་འཛིན་མདོ་སྡེའི་གཞུང་། །
བག་ཆགས་སྒྲིབ་བསལ་ཤེས་རབ་ཟབ་མོའི་སྒོ། །
བཟང་པོ་སྤྱོད་པའི་རིག་འཛིན་བཀའ་དྲིན་དྲན། །
བདག་སོགས་འདི་ནས་བྱང་ཆུབ་མ་ཐོབ་བར། །
མགོན་པོ་ཁྱེད་ལས་སྐྱབས་གཞན་མ་མཆིས་པས། །
འདི་ཕྱི་བར་དོ་ཀུན་ཏུ་ཐུགས་རྗེས་བཟུང་། །
བསྟན་དང་འགྲོ་བའི་དོན་ཆེན་ལྷུན་གྲུབ་ཤོག །
ཅེས་པ་རབ་རྒྱན་ཆུ་འབྲུག་ས་ག་ཟླ་བའི་ཡར་ཚེས་བརྒྱད་ཉིན་གསོལ་འདེབས་གདུང་དབྱངས་འདི་ཉིད་སྙིགས་དུས་ཀྱི་སྨྲ་བ་ཤྲྰིས་སྨྱོན་པས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་གང་ཤར་དག་མ་བསྐུལ་དུངས་བླངས་ཀྱི་དྲན་པའི་གསལ་འདེབས་སུ་བྲིས་པ་དགེའོ།། །།
Subscribe to:
Post Comments (Atom)
0 comments:
Post a Comment