དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday, 30 May 2012

༄༅། །འགྲོ་མགོན་བཀའ་བརྒྱུད་པའི་སྐྱོབ་པ་འཇིག་རྟེན་གསུམ་མགོན་དང་དབྱེར་མ་མཆིས་པའི་

༧སྒྲུབ་བརྒྱུད་༧སྐྱེ་སྔ་༧ཆོས་ཀྱི་ཉི་མའི་ཞབས་བརྟན་གསོལ་འདེབས་

རིན་ཆེན་རྒྱལ་པོའི་མཆོད་སྤྲིན་ཞེས་བྱ་བ། །

ན་མོ་གུ་རུ་དྷརྨྰ་རཏྣ་སུརྱ་ཡེ། །


ཆོས་དབྱིངས་སྤྲོས་མཐའ་བྲལ་བའི་ཕྱག་རྒྱ་ཆེར། །

དོན་དམ་ལྷན་སྐྱེས་དགའ་མའི་བདེ་ཆེན་བརྙེས། །

སྣང་སྲིད་རྣམ་དག་རྒྱལ་བའི་དཀྱིལ་འཁོར་ལས། །

ངེས་དོན་བཤེས་གཉེན་དམ་པས་དགེ་ལེགས་སྩོལ། །



འཁོར་བར་ངེས་འབྱུང་ཆེན་པོའི་ཚུལ་ཁྲིམས་ལྡན། །

བྱམས་བརྩེ་སྙིང་རྗེ་ཆེན་པོའི་བྱང་སེམས་ཅན། །

སྣོད་བཅུད་དག་མཉམ་རྟོགས་པའི་རྣལ་འབྱོར་པ། །

སྐྱེ་སྔ་ཆོས་ཀྱི་ཉི་མ་ཞབས་བརྟན་ཤོག །



དད་གུས་བརྩོན་འགྲུས་ཆེན་པོས་ཐོས་བསམ་སྒོམ། །

གཞན་ཕན་ཕྲིན་ལས་ཆེན་པོས་འཆད་རྩོད་རྩོམ། །

བཤད་སྒྲུབ་དམ་པའི་བརྒྱུད་འཛིན་འཇིག་རྟེན་མགོན། །

སྐྱོབ་པ་བསྟན་པའི་རྒྱལ་མཚན་ཞབས་བརྟན་ཤོག །



སྒྲུབ་བརྒྱུད་གོང་མའི་རྒྱལ་ཚབ་རིན་པོ་ཆེས། །

རྩ་གསུམ་རྒྱལ་བའི་བསྙེན་སྒྲུབ་ལེགས་མཛད་པས། །

དབང་ཁྲིད་བཀའ་གཏེར་གདམས་པའི་མཛོད་འཛིན་པ། །

མཁས་གྲུབ་བླ་མ་དམ་པ་ཞབས་བརྟན་ཤོག །



འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱའི་གནས། །

ཚོགས་གཉིས་ཡིད་བཞིན་ནོར་བུའི་འབྱུང་གནས་ཆེ། །

སྐུ་གསུམ་དོན་གྱི་བདག་པོ་རྡོ་རྗེ་འཆང་། །

སྐྱོབ་པ་འཇིག་རྟེན་གསུམ་མགོན་ཞབས་བརྟན་ཤོག །



སྐུ་མཆོག་མཚན་དཔེའི་རྣམ་སྨིན་རིག་འཛིན་ཐོབ། །

གསུང་ཆོས་ཚངས་དབྱངས་ཚེ་དབང་རིག་འཛིན་བརྙེས། །

ཐུགས་རྗེ་མཁྱེན་བརྩེའི་ཕྱག་ཆེན་རིག་འཛིན་རྒྱལ། །

ལྷུན་གྲུབ་རིག་འཛིན་ཆེན་པོར་ཞབས་བརྟན་ཤོག །

ཅེས་པ་འདི་ནི་རབ་རྒྱན་ཆུ་འབྲུག་ས་ག་ཟླ་བའི་ཡར་ཚེས་བཅུ་ཉིན་ལ་ཨེ་ཝྃ་ཆོས་སྨན་གླིང་གི་མཁན་པོ་འོད་གསལ་མཐའ་ཡས་ཀྱིས་བསྐུལ་བ་དང་རང་གིས་ཞབས་བརྟན་སྨོན་གསོལ་ཞིག་འབྲི་འདོད་ཡོད་པ་གཉིས་རྟེན་འབྲེལ་ལེགས་འགྲིགས་བྱུང་བས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་གང་ཤར་ཐོལ་བྱུང་དུ་དཔལ་དགྱེས་པ་རྡོ་རྗེས་གློག་འཕྲུལ་མཛུབ་རིས་སུ་བགྱིས་པ་ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ།། །།

0 comments:

ཟིན་བྲིས་འཚོལ་ཡུལ