དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday, 17 May 2012

༄༅། །མཁན་པོ་མུན་སེལ་གྱི་གསོལ་འདེབས་རིག་པའི་གསལ་འདེབས་ཞེས་བྱ་བ། །

ན་མོ་གུ་རུ་སུརྱ་རཏྣ་ཡེ། །

ཕྱོགས་དུས་རྒྱལ་ཀུན་རང་གཟུགས་ཀུན་ཏུ་བཟང་། །
རྣམ་སྣང་ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་ཆོས། །
ཞིང་འདིར་བསྟན་པའི་བདག་པོ་བཅོམ་ལྡན་འདས། །
ཀུན་འདུས་པདྨ་འབྱུང་གནས་རྒྱལ་གྱུར་ཅིག །


ངེས་འབྱུང་རྣལ་མའི་ཚུལ་ཁྲིམས་སྡོམ་པ་གཙང་། །
བྱང་ཆུབ་སེམས་ཀྱི་ཏིང་འཛིན་སྒོམ་པ་མཆོག །
མདོ་སྔགས་བསྟན་པའི་ཤེས་རབ་ལྡན་པའི་དཔལ། །
རྫོགས་ཆེན་གྲུབ་པའི་དབང་ཕྱུག་གུས་པས་འདུད། །

མ་རིག་མུན་པ་འཇོམས་པའི་གཉེན་གཅིག་པུ། །
མི་ཤེས་རྨོངས་པ་སེལ་བའི་དགེ་བའི་བཤེས། །                
ངེས་དོན་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ། །           
མི་མངོན་དབྱིངས་སུ་བཞུད་པ་ཅུང་བདེན་ནམ། །

ཁྱད་པར་རྫོགས་ཆེན་བསྟན་པའི་གསལ་བྱེད་མཆོག །
བརྒྱུད་གསུམ་རིག་འཛིན་བླ་མ་དམ་ཚིག་ཅན། །
སྙིགས་ལྔའི་མུན་པ་སེལ་བའི་ཐུགས་རྗེ་ཅན། །
སྐྱབས་མགོན་དེད་དཔོན་དམ་པར་གསོལ་བ་འདེབས། །

བདེ་གཤེགས་བསྟན་པའི་རང་ལུགས་འཛིན་སྐྱོང་སྤེལ། །
ཡོངས་འཛིན་མ་རིག་མུན་སེལ་ཆོས་ཀྱི་རྒྱལ། །
ཁྱེན་བརྩེ་ནུས་པའི་ཡོན་ཏན་མཚུངས་མེད་པས། །
ཀུན་མཁྱེན་དམ་པའི་གདུང་སྲས་མཆོག་ཏུ་མཛད། །

དམ་པའི་ཕ་ཁྱིམ་དབེན་པའི་རི་སུལ་འགྲིམས། །
འཆད་ཉན་བཤད་པའི་གྲྭ་སར་ལེགས་པར་བཞེངས། །
སྒྲུབ་པའི་རྒྱལ་མཚན་སྒྲེང་པའི་མཁན་པོ་ཡིས། །
འཇའ་ལུས་རིག་འཛིན་འགྲུབ་པའི་ཐེམས་སྐས་བཙུགས༎

མཁྱེན་བརྩེ་ནུས་པའི་གདུགས་དཀར་གཅིག་གི་འོག །
བཤད་སྒྲུབ་ཕྲིན་ལས་སྙིང་པོ་སྐྱོབ་པའི་སླད། །
བཀའ་གཏེར་གདམས་པའི་བརྒྱུད་འཛིན་གོང་དུ་སྤེལ། །
བསྟན་འགྲོར་ཕན་བདེའི་མཛད་བཟང་བདག་གིར་བཞེས། །

སྙིང་ཐིག་སྙིང་པོའི་བསྟན་པ་ཡིད་བཞིན་ནོར །
ཐབས་ཤེས་གདམས་པའི་གསུང་གིས་ལེགས་གནང་བའི། །
མཁས་བཙུན་བཟང་པོའི་རྣམ་ཐར་མ་སྨད་པས། །
སྔ་འགྱུར་བསྟན་པའི་ཆེ་བ་ཁྱེད་ཀྱིས་བསྟན། །

རྣམ་སྨིན་རིག་འཛིན་སྤྲུལ་སྐུས་མུན་པ་སེལ། །
ཚེ་དབང་རིག་འཛིན་རང་སྣང་དག་པར་སྦྱང་། །
ཕྱག་ཆེན་རིག་འཛིན་བདེ་སྟོང་མངོན་གྱུར་པའི། །
ལྷུན་གྲུབ་རིག་འཛིན་རྒྱལ་པོ་གསོལ་བ་འདེབས། །


རྨི་ལམ་སྒྱུ་འཕྲུལ་ལམ་ནས་མངོན་སུམ་མཇལ། །    
སྣང་སྲིད་རྣམ་དག་འོད་སྣང་དྲ་བ་ལས། །         
དད་གུས་མཆི་མའི་སྒོམ་ཕྱག་འཚལ་བའི་སྟོབས། །
སླར་ཡང་ཐུབ་བསྟན་པ་གསལ་བའི་རྒྱན་དུ་བཞུགས། །

མི་གནས་མྱ་ངན་འདས་པའི་སར་གཤེགས་ཤིང་། །
གང་འདུལ་སྤྲུལ་བ་རྟག་ཁྱབ་ལྷུན་གྲུབ་གྱིས། །
ནམ་མཁའ་སྲིད་དུ་གང་གི་འཕྲིན་ལས་ཀྱིས། །
འཁོར་བ་དོང་སྤྲུགས་ཐར་པར་འདྲེན་དུ་གསོལ། །

བདག་ཀྱང་འདི་ནས་བྱང་ཆུབ་མ་ཐོབ་པར། །     
རྗེ་བཙུན་བླ་མ་དམ་པའི་ཕྲིན་ལས་ཀུན། །
ཀུན་བཟང་རྒྱལ་སྲིད་ཆེན་པོར་དབང་འབྱོར་ནས། །
མ་ལུས་འགྲོ་ལ་ཕན་བདེའི་དཔལ་དུ་སྨོན། །

ཞེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་ས་ག་ཟླ་བའི་དབང་ཕྱོགས་དགའ་བ་གསུམ་པར་ཞལ་ཐང་མཐོང་གྲོལ་ཆེན་པོ་འདི་ཉིད་བདག་གི་སྙིང་གྲོགས་ཞིག་གིས་གནང་བའི་རྐྱེན་ལས་གང་དྲན་དུ་ཤྲྰི་སྨྱོན་ནས་ཨེ་ཝྃ་རྫོགས་ཆེན་ཆོས་ཚོགས་ཁང་ནས་བྲིས་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ