དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 3 June 2012


སྐྱོ་འབོད་མིག་ཆུའི་གཞུར་རྒྱུན།
ངག་དབང་རྒྱལ་བ། སེར་ཤུལ།
བྱམས་བརྩེ་ཐུགས་ཀྱི་མཁའ་དབྱིངས་ནས།།
ཤིས་པའི་འོད་སྣང་འགྲོ་ལ་སྩོལ།།
དུས་གསུམ་དགྲ་བཅོམ་ཤེས་རབ་ལྷ།།
དུས་ཀུན་སྤྱི་བོས་གཙུགས་སུ་བཀུར།།
ཞི་དུལ་སྐུ་ཡི་སྤྱོད་པ་རེ་ཡིས་འབངས་རྣམས་དད་པའི་ས་བོན་བཏབ།།
སྙན་འཇེབས་གསུང་གི་གདམས་པ་རེ་ཡིས་སྐལ་ལྡན་ཐར་བའི་གླིང་དུ་དྲངས།།
རྣམ་དག་ཐུགས་ཀྱི་སྨོན་པ་རེ་ཡིས་འགྲོ་ཀུན་བདེ་བའི་རྒྱུ་ཚོགས་བསགས།།
མཁས་བཙུན་བཟང་པོས་སྐུ་ཚེ་རྫོགས་པའི་བླ་མ་ལོ་དགའ་རྒྱལ་གྱུར་ཅིག།
སྲིད་པའི་ཕུན་ཚོགས་ཇི་སྙེད་ཀུན།།
མི་འདོད་ཉེས་པའི་སྒོར་མཐོང་སྟེ།།
ངེས་འབྱུང་ལམ་གྱི་གཞུང་ཤིང་ལ།།
གཅིག་ཏུ་བརྩོན་མཛད་འོད་ཟེར་མཚན།།
གསར་རྙིང་བར་གྱི་ཕྱོགས་ཞེན་སྤངས་ནས་རིས་མེད་བསྟན་པའི་ལྟ་སྤྱོད་སྐྱོང་།།
སྙན་གྲགས་ཆེ་བའི་བླ་ཐོབ་དོར་ནས་རྩེ་གཅིག་ཏིང་འཛིན་སྒོམ་ལ་ཞུགས།།
དངུལ་ལོའི་དོན་དུ་རྒྱ་ཡུལ་མ་འགྲིམ་བྱ་བྲལ་སྦས་པའི་རྣལ་འབྱོར་བ།།
ཐོས་བསམ་སྒོམ་གྱིས་གཟི་བྱིན་འབར་བའི་འོད་ཟེར་མཐར་ཕྱིན་རྗེས་སུ་དྲན།།
བདག་གཞན་འཛིན་པའི་ལྟ་ངན་ཚོགས།།
འཁོར་བར་འཆིང་བའི་རྒྱུར་རྟོགས་ཏེ།།
སེམས་བསྐྱེད་ཐེག་ཆེན་ལམ་གྱི་སྒོ།།
ལྷུར་ལེན་རྒྱལ་སྲས་ཁྱེད་མིན་སུ།།
སེར་སྣས་བཅིང་བའི་འདོད་དོན་མ་བསྒྲུབས་གཏོང་སེམས་སྤེལནས་སྦྱིན་ལ་བསླབ།།ཉིས་བརྒྱ་ལྔ་བཅུའི་ལྟུང་བས་མ་གོས་ཚུལ་ཁྲིམས་གཙང་མའི་བླ་གོས་སྣམ།།
ཞེ་སྡང་བདུད་ཀྱི་བྲན་གཡོག་མ་བྱས་བཟོད་པའི་གོ་ཆ་རྒྱན་དུ་བླངས།།
ཕར་ཕྱིན་དྲུག་གི་ཉམས་ཀྱིས་ཕྱུག་པའི་པདྨའི་རྒྱལ་ཚབ་ཕེབས་ནས་སོང་།།
བསྟན་པའི་ཡང་སྙིང་གསང་སྔགས་ཐེག།
རྒྱལ་སར་བགྲོད་པའི་ཉེ་ལམ་དེར།།
གཡོ་མེད་ཐུགས་ཀྱིས་ཉིན་མཚན་ཀུན།།
འབད་པའི་རྣལ་འབྱོར་ཁྱེད་ལས་གང་།།
བདུད་བཞི་བཅོམ་པའི་རྗེ་བཙུན་བླ་མ་འཆི་བདག་དབང་དུ་འགྲོ་མིན་ཡང་།།
གོ་རྟོགས་དམན་པའི་གདུལ་བྱ་འགའ་ཡི་སེམས་ཀྱིས་རྟག་འཛིན་གཞོམ་ཕྱིར་དུ།།
བློ་བུར་གཟུགས་སྐུ་ཞི་བར་གཤེགས་པའི་ན་ཟུག་ལྕི་མོའི་ཁུར་བོ་འདི།།
ང་དང་འབངས་མིའི་ཕྲག་པར་འབབས་པ་སྔོན་ལས་ངན་པའི་འབྲས་བུ་ཞིག།
ཀྱེ་མ་ཤུལ་ལུས་སློབ་འབངས་ཀྱི།།
མྱ་ངན་མིག་ཆུའི་རྒྱ་མཚོ་འཁྱིལ།།
ཨ་ཐང་ཆད་པའི་འོ་དོད་འདི།།
ཐུགས་ཀྱིས་ཡལ་བར་ཕོད་པ་ལ།།
མཁའ་འགྲོ་སྟོང་གི་བསུ་མ་ཐོན་ནས་པདྨ་འོད་དུ་བྱོན་གྱུར་ཀྱང་།།
བརྩེ་བའི་ཐུགས་ཀྱིས་འགྲོ་རྣམས་མ་བོར་དུས་གསུམ་དགེ་བའི་སྐུལ་མ་མཛོད།།
ནམ་ཞིག་ཚེ་ཡི་འཕེན་པ་རྫོགས་དུས་བདེ་ཆེན་དག་པའི་ཞིང་དུ་དྲོངས།།
སྐྱེ་བ་ཀུན་ཏུ་རྗེས་སུ་ཟུངས་ཤིག་བརྩེ་ཆེན་བླ་མ་ལྷག་པའི་ལྷ།།
སྡུག་བསྔལ་གྱི་མིག་ཆུ་ཁྲོམ་ཁྲོམ་དུ་གཞུར་བའི་དཀྱིལ་ཡངས་ནས་ཐོན་པའི་ཤོ་ལོ་ཀ་བཅུ་བོ་འདི་སློབ་འབངས་ཡོངས་ཀྱི་གྲལ་མཐའ་རུ་གནས་པའི་སྤྲང་འཁྱམ་པ་ངག་དབང་རྒྱལ་བ་ཡིས་བྲིས་པའོ།།

རྗེས་དྲན་བཅོས་མིན་སེམས་ཀྱི་གདུངས་དབྱངས།
འོད་གསལ་མཐའ་ཡས།    སྐྱེན་པོ་དགོན།
ཟླ་བྲལ་ཐུབ་བསྟན་པདྨ་དཀར་པོ་རིས་མེད་འཛིན་ལ་ཐབས་མཁས་པའི།།
འཕགས་པའི་ནོར་གྱིས་རབ་ཏུ་ཕྱུག་པའི་མཉམ་མེད་སྦས་པའི་རྣལ་འབྱོར་ཆེ།།
ཆེ་བའི་ཡོན་ཏན་འབུམ་ཕྲག་ལྡན་ཡང་ཆེན་པོས་གོ་ས་མི་རེ་བའི།།
བྱ་གཏོང་རྣལ་འབྱོར་ཁྱེད་ཀྱི་ཡོན་ཏན་སོ་སྐྱེས་ཚོད་དཔག་ག་ལ་ནུས།།
སྒྱུ་མའི་ནོར་ལ་རབ་ཆགས་ཅིང་།།
ཅིང་མེད་བུ་ཡིས་དྲན་པའི་ངག།
ངག་གི་གདུངས་དབྱངས་གསོལ་འདེབས་འདི།།
འདི་ནས་མི་འབོད་རང་དབང་ཅི།།
སྣ་ཚོགས་མཚན་རྩལ་རིག་པའི་གནས་རྣམས་འབད་མེད་ལེགས་པར་ཐུགས་ལ་མངའ།།
རྟོགས་དཀའི་ཐུབ་དབང་དགོངས་གནད་ཟབ་མོ་ཇི་བཞིན་རྟོགས་པའི་ཤེས་རབ་ལྡན།།
དམ་པ་ཁྱེད་ཀྱི་མཁྱེན་པའི་ཡོན་ཏན་འོད་སྟོང་ཉི་མའི་གཟི་དཔལ་ལ།།
དེང་རབས་རྟོག་གེ་སྲིན་འབུ་མེ་ཁྱེར་ཁྲི་མ་འབུམ་གྱིས་འགྲན་ནུས་མིན།།
ཞི་བའི་ས་ལ་རབ་གཤེགས་པའི།།
གང་དེས་རྣམ་ཐར་རྒྱ་མཚོ་ཆེ།།
བློ་ཆུང་ཁྲོན་པའི་སྦལ་བ་ཡིས།།
ཁོང་དུ་ཆུད་པར་སྲིད་མ་ཡིན།།
ཉམ་ཐག་སྐྱེ་རྒུ་འབྱུང་འཁྲུགས་ལུས་ནད་སྐྱབས་པའི་འཚོ་བྱེད་གཞོན་ནུ་ཆེ།།
འཁོར་བའི་སྐྱེ་འགྲོ་སེམས་ནད་ལས་སྒྲོལ་འདྲེན་པའི་དེད་དཔོན་བྱང་སེམས་ཆེ།།
དམ་པ་ཁྱེད་ཀྱི་བརྩེ་བའི་སྙིང་རྗེ་ཞི་བསིལ་དུང་ཟླའི་འོད་དཀར་ལ།།
རང་དོན་ཆགས་པའི་བླ་གཟུགས་རྒྱུ་སྐར་ཕྲ་མོ་ཚོགས་ཀྱི་ཆར་མི་ཉེ།།
རྟག་འཛིན་གདོན་གྱིས་རབ་མྱོས་པའི།།
འཁྲུལ་བའི་སེམས་ཅན་ཁྲི་མ་འབུམ།།
བདག་འཛིན་རྩད་ནས་གཅོད་པའི་ཕྱིར།།
མགོན་ཁྱེད་ཞི་བར་གཟིམ་ཚུལ་བསྟན།།
དམ་པ་ཁྱེད་ཉིད་དྲན་ཐེངས་རེ་ལ་བཅོས་མིན་དད་པའི་གདུང་དབྱངས་རེ།།
རེ་བའི་སྐྱོ་འབོད་མིག་ཆུའི་ཀློངས་ནས་ཤུལ་ལུས་བུ་ཡིས་གསོལ་འདེབས་རེ།།
རེ་འདོད་དད་པའི་སེམས་ཀྱི་མཆོད་སྤྲིན་ཁྱེད་ལ་ཕྱོགས་པའི་སྐྱོ་འབོད་རེ།།
རེ་བ་ཅན་གྱི་ཉམ་ཆུང་སློབ་བུས་རྗེས་དྲན་འདི་ཉིད་སྨྱུག་རྩེར་འཕྱུར།།



སྐྱོ་བའི་འཇིག་རྟེན་ཁྲོད་ནས་བླ་མ་དྲན་པའི་སྨྲེང་གླུ།
བསོད་ནམས་དབང་ཆེན།           སྐྱེན་པོ་དགོན།
ཕ་བླ་མ་འགྲོ་བའི་མགོན་པོ།།
མ་མཁའ་འགྲོའི་དར་ལམ་བརྒྱུད་དེ།།
གནས་བདེ་ལྡན་དག་པའི་ཞིང་ལ།།
ཐུགས་འདུན་པ་གཏད་ཚོད་སྔ་སོང་།།
ཕ་འདྲེན་མཆོག་རྩ་བའི་བླ་མའི།།
སྐུའི་བཀོད་པ་ཆོས་དབྱིངས་གཟིམས་སོང་།།
ཤུལ་ལུས་ཀྱི་ད་ཕྲུག་འཁྱམ་པོས།།
སྡུག་མཆི་མས་ངོ་གདོང་རླན་སོང་།།
ཡིད་སྐྱོ་བའི་འཇིག་རྟེན་འདི་ནས།།
སེམས་ཨ་ཐང་ཆད་པའི་བུ་ངས།།
སྡུག་ངུ་འབོད་གླུ་རུ་བླང་བ།།
ཕ་ཁྱེད་ཀྱིས་སྙན་ལ་ཨེ་གསན།།
དུས་མི་རིང་སྐལ་བཟང་ཞིག་ལ།།
མགོན་སྦས་པའི་རྣལ་འབྱོར་ཆེན་མོའི།།
སྐུའི་ཡང་སྤྲུལ་དུང་ཟླ་གཞོན་ནུ།།
ནམ་འཆར་ལ་རེ་སྒུག་བྱས་ཡོད།།
སྐུ་དུང་ཟླའི་དཀྱིལ་འཁོར་དྲན་བྱུང་།།
གསུང་གདམ་ངག་བདུད་རྩི་དྲན་བྱུང་།།
ཕ་ཁྱེད་ཀྱི་མཛད་འཕྲིན་དྲན་ནས།།
རྗེས་དྲན་འདི་སྨྱུག་རྩེར་ལུད་སོང་།།
སྐྱེན་བླ་བསོད་ནམས་དབང་ཆེན་ནས་བྲིས་པའོ།།
མཁས་གྲུབ་གཉིས་ལྡན་སྦས་པའི་རྣལ་འབྱོར་བ་འོད་ཟེར་མཐར་ཕྱིན་མཆོག་ཉིད་རྗེས་དྲན་ཡིད་མཁར་བདུད་རྩིའི་ཟེགས་མ་ཞེས་བྱ་བ།
བློ་གྲོས་འཇིགས་མེད།    སྐྱེན་པོ་དགོན།
གདོད་ནས་ཀ་དག་བརྗོད་མེད་ཆོས་ཀྱི་སྐུ།།
སྣང་གྲགས་རིག་སྟོང་དམིགས་བྲལ་ཆོས་ཀྱི་གསུང་།།
གཟུང་འཛིན་ཀུན་བྲལ་ཆོས་དབྱིངས་ཡེ་ཤེས་ཐུགས།།
བྱིན་རླབས་དངོས་གྲུབ་འདོད་གཏེར་མ་ལུས་སྩོལ།།
གདོད་ནས་འཕོ་འགྱུར་བྲལ་བའི་རྟག་བརྟན་ཡང་།།
འགྲོ་བའི་དོན་དུ་སྒྱུ་མའི་མི་ཡི་གར།།
མཆོག་གི་དཔལ་ཡོན་ཟབ་རྒྱས་རྒྱ་མཚོ་ལས།།
མཛད་བཟང་ཆུ་ཐིགས་ཆ་ཙམ་འདི་ན་གླེང་།།
ལྔ་རིག་གསེར་ཞུན་འོད་ཟེར་མཁའ་རུ་ཤར།།
བསླབ་གསུམ་ནོར་བུའི་ཕྲེང་བ་རྟག་ཏུ་འཆང་།།
ཕར་ཕྱིན་དྲུག་གི་སྤྱོད་པ་མཐའ་རུ་ཕྱིན།།
མཁས་བཙུན་བཟང་པོས་ཡོན་ཏན་ལྷང་ངེར་དྲན།།
བདག་འཛིན་རྡུལ་རྫས་གོང་བུ་ཐོང་གིས་གཏོར།།
དུང་ལྔའི་ཚིང་ཚིངས་གཏུགས་པོ་མེ་ཡིས་བསྲེགས།།
རང་དོན་ན་བུན་སྤྲིན་པ་རླུང་ལ་སྐུར།།
གཞན་དོན་ལྷུར་ལེན་སེམས་དཔའ་ལྷན་ནེར་དྲན།།
རབ་བྱུང་ངུར་སྨྲིག་རྒྱལ་མཚན་སྐུ་ལ་བཀླུབས།།
བཀའ་གཏེར་གཞུང་ལུགས་མན་ངག་ཞལ་དུ་ཐུལ།།
རིན་ཆེན་བྱང་ཆུབ་སེམས་མཆོག་ཐུགས་ལ་མངའ།།
འགྲོ་བའི་མུན་སེལ་སྒྲོན་མེ་ལྷམ་མེར་དྲན།།
ལོ་ན་མཐོ་ཡང་ཤེས་བྱ་པད་ལྟར་ཡངས།།
མ་གྱུར་འགྲོ་བའི་བསོད་ནམས་བརྟེན་སྐལ་དུ།།
དཔྱད་གསུམ་དག་པའི་གསུང་རབ་མང་དུ་བཞག།།
ཟབ་གསང་རྣལ་འབྱོར་ཆེན་པོ་སྙིང་ནས་དྲན།།
བླ་མའི་ལུང་བསྟན་མེ་ལོང་འཁྲུལ་མེད་ལས།།
བོད་མའི་ཁྱིམ་འཚེས་གཡོ་སྒྱུའི་དྲ་རྒྱ་སྐོར།།
བདེན་ཞེན་དྲ་འཐུམ་བདག་འདྲ་སྤྲེལ་ཕྲུག་འགའི།།
རྨོངས་པའི་མུན་པ་སྐྱ་རེངས་ཤར་ན་སྙམ།།
ལྔ་རིག་པད་དཀར་འདབ་བརྒྱ་སྐྱེད་ཚལ་དུ།།
ཤེས་རིག་མེ་ཏོག་འཐུ་བའི་གངས་ཕྲུག་ངས།།
དམར་སེར་ངུར་སྨྲིག་མཚམས་སྤྲིན་ལྟེབས་འོག་ནས།།
སྐྱོ་སྡུག་སྟོང་གི་ཁྲོད་ནས་འདི་ལྟར་བྲིས།།
ཞེས་སྔ་འགྱུར་སྐྱེན་པོ་དགོན་གྱི་གྲལ་འདབས་ནས་ཐ་ཤལ་བ་གྲྭ་བློ་གྲོས་འཇིགས་མེད་ཀྱིས་བདག་ཅག་གི་སྟོན་པ་སངས་རྒྱས་ཞིང་ཁམས་གཞན་ལ་བྱོན་ནས་ལོ་༢༥༥༥པ་བོད་རབ་རྒྱན་ལྕགས་ཡོས་ལོའི་ཟླ་ཚེས་ལ་སྤེལ་བའོ།།
རྗེས་དྲན་སེམས་ཀྱི་ཁྲི་ཤིང་།
པ་སངས་ཚེ་རིང་།           འཛངས་ཆེན།
གནས་པདྨ་འོད་ཀྱི་གཞལ་ཡས་ནས།།
ལྷ་ཨོ་རྒྱན་ཆེན་པོས་རྒྱལ་ཚབ་མཆོག།
རྗེ་བླ་མ་སྐུ་དྲིན་ཅན་པོ་ཁྱེད།།
སྐུ་མ་བཞུགས་དག་པའི་ཞིང་དུ་ཕེབས།།

གནས་འཁོར་བའི་སེམས་ཅན་འདྲེན་པའི་མགོན།།
རྗེ་གྲུབ་པའི་རྣལ་འབྱོར་ཆེན་པོ་ཁྱེད།།
ངེད་བུ་སློབ་ཚོགས་རྣམས་མི་སྐྱོང་བར།།
གནས་དཔལ་རིར་བྱོན་ཚོད་སྔ་ནས་སོང་།།

སེམས་སྐྱོ་བའི་གདུང་འབོད་དབྱངས་རྟ་འདི།།
ཕ་བླ་མས་གསན་པ་ཨེ་བྱུང་ལགས།།
སྐུ་ཡང་སྤྲུལ་དུང་ཟླ་གཞོན་ནུ་མཆོག།
གནས་མུན་གླིང་འཆར་བའི་རེ་སྨོན་ཞུ།།
པ་སངས་ཚེ་རིང་ནས་བྲིས། །

0 comments:

ཟིན་བྲིས་འཚོལ་ཡུལ