དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 3 July 2012
གྲུབ་ཆེན་ཨོ་རྒྱན་པ་སྟག་ཚང་ངག་དབང་རྒྱ་མཚོའི་གསུང་རྩོམ་མཚམས་སྦྱོར།

[ བན་ཤུལ་དཔལ་མཁར་རྒྱལ། ] [ 2012-7-3 ]






གསུང་འབུམ་དཀར་ཆག
༼༡༽ཨོོ་ཊི་ཡཱ་ན་བ་ངག་དབང་རྒྱ་མཚོའི་རྣམ་ཐར་ལེགས་བྲིས་བེེཌཱུརྻ་དཀར་བོའི་རྒྱུད་མང་ཅེས་བྱ་བ་ བཞུགས་སོ།།
༼༢༽ཨོ་རྒྱན་མཁའ་འགྲོའི་གླིང་གི་ལམ་ཡིག་ཐར་ལམ་བགྲོད་པའི་ཐེམ་སྐས་བཞུགས་སོ།།
༼༣༽ཨོ་རྒྱན་པ་ངག་དབང་རྒྱ་མཚོའི་མགུར་འབུམ་ཞལ་གདམས་ཟབ་དོན་ཨུཏྤལའི་ཕྲེང་བ་བཞུགས།
༼༤༽གྲུབ་ཐོབ་ཆེན་པོའི་རྣམ་ཐར་གསོལ་འདེབས་དངོས་གྲུབ་ཆར་འབེབས་བཞུགས་སོ།།
༼༥༽གྲུབ་པའི་དབང་ཕྱུག་ཨོོ་ཊི་ཡཱ་ན་གཉིས་པ་ངག་དབང་རྒྱ་མཚོའི་མགུར་སྐལ་ལྡན་ཡིད་ཀྱི་མུན་ སེལ་ཞེས་བྱ་བཞུགས་སོ།།
མཚམས་སྦྱོར།
དེ་ལ་འདིར་གྲུབ་ཆེན་ཨུ་རྒྱན་པ་ཆུང་བ་སྟག་ཚང་ངག་དབང་རྒྱ་མཚོ་མཚམས་སྦྱོར་མ་ཞུས་པའི་སྔོན་ལ་གྲུབ་ཆེན་ཨུ་རྒྱན་བ་ཆེ་བ་རིན་ཆེན་དཔལ་མཆོག་མཚམས་སྦྱོར་ཅུང་ཟད་བྱེད་དགོས་ཏེ་བོད་ཀྱི་རིག་ གནས་ཞིབ་འཇུག་གི་ཁྲོད་ནས་དམ་པ་འདི་གཉིས་ཕན་ཚུན་གང་ཟག་གཅིག་ཏུ་འཁྲུལ་བའི་ཆ་མང་ཏུ་ མཐོང་རྒྱུ་ཡོད་པ་དེ་བཞིན་ཡིན། གྲུབ་ཆེན་ཨུ་རྒྱན་བ་ཆེ་བ་རིན་ཆེན་དཔལ་མཆོག་ནི་དུས་རབས་བཅུ་ གསུམ་ནས་བཅུ་བཞིའི་བར་དུ་མདོ་སྨད་ནས་འཁྲུངས་བའི་འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་སྙན་གྲགས་ཆེ་བ་ཞིག་ཡིན་ཞིང་རྒྱ་གར་འཕགས་པའི་ཡུལ་དུ་ལན་གཉིས་ཕེབས་མྱོང་ཞིང་ཨོ་རྒྱན་གྱི་ཡུལ་ནས་གསང་ སྔགས་ཀྱི་ཆོས་མང་པོ་གསན་བཞེས་གནང་མྱོང་བ་ཞིག་ཡིན། དུས་རབས་བཅུ་གསུམ་པར་ཡོན་རྒྱལ་ རབས་ཀྱི་གོང་མ་ཧུའུ་པེ་ལེ་ཡིས་གདན་དྲངས་ནས་ཧོར་ཡུལ་དུ་མཛད་འཕྲིན་བསྐྱངས་མྱོང་ཞིང་སྟོད་ ཧོར་གྱིས་བོད་ལ་བཙན་འགུལ་བྱས་པར་དྲག་པོའི་འགོག་རྒོལ་གནང་བ་སོགས་ཡ་མཚར་བའི་ལོ་རྒྱུས་མཛད་རྣམ་འགོད་རྒྱུ་ཡོད་ནའང་འདིར་བརྗོད་བྱའི་དཀྱུས་སྒྲིབ་འདོད་པས་བཞག་ལ་༼ཡར་ལུང་གི་ཟིན་བྲིས༽དང་༼སྟོད་ཧོར་གྱི་ཟིན་བྲིས༽སོགས་རྣམ་ཐར་ཡིག་རྙིང་ཡང་བཅུ་གྲངས་ཡས་མས་ཤིག་ཡོད་ནའང་འདིར་ངོ་སྤྲོད་བྱ་རྩིས་མེད་ལ་དམིགས་བསལ་ཞུ་སྙིང་འདོད་པ་ཞིག་ལ་གྲུབ་ཆེན་ཨུ་རྒྱན་པ ་ཆུང་བ་སྟག་ཚང་ངག་དབང་རྒྱ་མཚོ་ཡི་ཨོ་རྒྱན་ལམ་ཡིག་ན་གྲུབ་ཆེན་ཨོ་རྒྱན་བ་ཆེ་བའི་ལམ་ཡིག་ནས་ལུང་ འདྲེན་མཛད་ཡོད་པར་བརྟག་ནས་ཁོང་ལ་ལམ་ཡིག་ཅིག་ཟུར་དུ་ཡོད་པ་འདྲ་ཡང་ད་ལྟའི་བར་ཅི་ཡང་རྙེད་སོན་བྱུང་མ་ཐུབ་པའི་དབང་གིས་བདག་གིས་བསོད་སྙོམས་པ་བསོད་ནམས་འོད་ཟེར་གྱིས་མཛད་པའི་ ༼དཔལ་ལྡན་བླ་མ་གྲུབ་ཆེན་ཨུ་རྒྱན་ཆེན་པོའི་རྣམ་ཐར་བྱིན་རླབས་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ༽ ཞེས་པའི་རྣམ་ཐར་དེ་ཁོང་གི་ལམ་ཡིག་ཡིན་པར་ཆ་འཇོག་བྱས་ཡོད་པས་གཟུར་གནས་མཁས་དབང་ རྣམས་ཀྱིས་འདིའི་ཐད་ལ་དགོངས་འཆར་སོགས་གནང་བར་ཐུགས་རྗེ་ཞུ་བ་ཡིན་ལགས།
གྲུབ་ཆེན་ཨུ་རྒྱན་པ་ཆུང་བ་སྟག་ཚང་ངག་དབང་རྒྱ་མཚོ་མཆོག་ནི་སྤྱི་ལོ༡༥༧༤ལོར་རྒྱལ་རྩེར་ འཁྲུངས་ཤིང་སྤྱི་ལོ༡༦༥༡ལོར་ཞི་བར་གཤེགས་པ་ཞིག་ལགས་ལ་གྲུབ་ཆེན་ཨུ་རྒྱན་བ་ཆེ་བ་རིན་ཆེན་ དཔལ་མཆོག་འདས་ནས་ལོ་ཉིས་བརྒྱ་རེ་ལྔ་ལྷག་གི་རྗེས་སུ་ཁོང་གི་སྤྲུལ་སྐུ་ལྟ་བུར་ངོས་འཛིན་གནང་ ཡོད་སྟབས་ཡིག་རྙིང་ཁ་ཤས་སུ་ཨོ་རྒྱན་སྤྲུལ་སྐུ་ཞེས་ཐོན་བཞིན་ཡོད།གང་ལྟར་རྣམ་ཐར་སོགས་ལ་ཞིབ་པར་མཇལ་ན་ཨུ་རྒྱན་བ་ཆེ་བ་རིན་ཆེན་དཔལ་མཆོག་གི་མཛད་པ་ཆ་ཚང་བ་ཞིག་ཁོང་ལ་རྫོགས་པར་ ཡོད་འདུག་པས་དེ་ལྟར་གནང་བ་ནི་དོན་ལ་གནས་པ་ཞིག་རེད་སྙམ། དགུང་ལོ་བཞི་བཅུ་ནས་ཞེ་བདུན་
བར་བོད་ཡུལ་གྱི་ཏི་སེ་དང་གུ་གེ་ཞང་ཞུང་། ཀསྨི་ར། ཁ་ཆེ་སོགས་རིམ་པར་བརྒྱུད་ཅིང་དཀའ་བ་བརྒྱ་
ཕྲག་དུ་མ་ཁྱད་དུ་བསལ་ནས་རྒྱ་གར་དུ་ལན་གཉིས་བྱོན་མྱོང་ཞིང་དེ་ལས་ཀྱང་རྒྱ་གར་ནུབ་ཕྱོགས་ཀྱི་ གྲུབ་པའི་གནས་ཆེན་ཨོ་རྒྱན་གྱི་ཡུལ་དུ་བྱོན་ནས་གསང་སྔགས་ལ་སློབ་གཉེར་གནང་མྱོང་བ་ཞིག་ ལགས། དེའི་སྟབས་ཀྱིས་༼ཨོ་རྒྱན་མཁའ་འགྲོའི་གླིང་གི་ལམ་ཡིག་ཐར་ལམ་བགྲོད་པའི་ཐེམ་སྐས་ བཞུགས་སོ༽བྱ་བའི་ཨུ་རྒྱན་གྱི་ལམ་ཡིག་འདི་ནི་ཁོང་གིས་མྱོང་བ་དངོས་ཀྱིས་བྲིས་པའི་ཁར་ཡུལ་སོ་
སོའི་གོ་རིམ་ཁག་ཧ་ཅང་ཞལ་གསལ་ཡོད་སྟབས་ད་ཡོད་ཀྱི་ལམ་ཡིག་སུམ་ཅུ་ལྷག་ལས་ཆེས་མཆོག་ཏུ་
གྱུར་བའི་ལམ་ཡིག་ཅིག་ཡིན་པ་མ་ཟད་གནའ་རབས་ཀྱི་རྒྱ་གར་འཕགས་པའི་ཡུལ་དང་སྤུ་རྒྱལ་བོད་ཀྱི་
ལོ་ཙཱ་བ་དང་གྲུབ་ཆེན་རྣམས་ཀྱི་འགྲུལ་ལམ་ལ་ཞིབ་འཇུག་བྱེད་པར་ཉེ་བར་མཁོ་བའི་ཡིག་ཆ་ཞིག་ཏུ་ཁོ་ བོས་བསམ་ཡོད་ལ་ད་ལྟ་སུ་གང་ཞིག་གིས་ཀྱང་དོ་སྣང་བྱུང་མ་མྱོང་བའི་རིག་གཞུང་ཉམས་ཞིབ་ཀྱི་ གསང་གཏེར་ཞིག་ཀྱང་རེད་འདུག་བསམ་ཡོད། བཀའ་བརྒྱུད་ཀྱི་བན་དེ་ངག་དབང་ཀུན་དགའ་ལྷུན་གྲུབ་
ཐུབ་བསྟན་དགེ་ལེགས་འབྱུང་གནས་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་
༼ཨོོ་ཊི་ཡཱ་ན་བ་ངག་དབང་རྒྱ་མཚོའི་རྣམ་ཐར་ལེགས་བྲིས་བེེཌཱུརྻ་དཀར་བོའི་རྒྱུད་མང་ཅེས་བྱ་བ་ བཞུགས་སོ༽བྱ་བའི་ཁོང་གི་རྣམ་ཐར་འདི་ཡང་ལམ་ཡིག་གི་རང་བཞིན་ཅན་ལ་དམ་པ་གང་གི་སྐུ་ཚེའི་
མཛད་འཕྲིན་ཞལ་གསལ་དུ་བཀོད་པ་ཞིག་ལགས་ཤིང་ཁྱད་པར་དུ་ཁོང་གི་ལམ་ཡིག་ལས་མ་གསལ་
བའི་གནད་ཁ་ཤས་ཤིག་འདིར་རྫོགས་པར་ཡོད་འདུག་པས་ཧ་ཅང་གལ་ཆེ་བའི་ཡིག་ཆ་ཞིག་རེད། གཞན་
ཁོང་གི་མགུར་མ་རྣམས་ནི་ཆོས་ཀྱི་གནས་ལུགས་གླུ་རུ་གྱེར་བའམ་རྒྱ་གར་དུ་བགྲོད་པའི་ལམ་གྱི་དཀའ་ངལ་སོགས་བརྗོད་བྱར་བྱས་ཤིང་དུས་རབས་ཀྱི་རྣམ་པ་ཧ་ཅང་མངོན་གསལ་ཡིན་འདུག་ལ་རྗོད་བྱེད་ཚིག་
གི་ཆ་ནས་རྗེའི་བླ་ཡིག༼ལྷ་སའི་དཀར་ཆག་མེ་ཏོག་ཕྲེང་བ་བྱ་བའི་དཔེ་རྙིང་གི་ཚིག་སྟེ་ཐོན་མིིའི་ཡིག་ ཕུད་ལ་གོ་དགོས༽དང་འདྲ་བ་ཡོད་ལ་དཔལ་ལྡན་རྙིང་མ་བའི་བྱང་ཆུབ་སེམས་དཔའ་དཔལ་སྤྲུལ་རིན་པོ་ཆེ་མཆོག་གི་མགུར་དང་འདྲ་བ་སོགས་ངོ་མཚར་བ་དུ་མ་ཡོད་ནའང་འདིར་དམ་པ་ཁོང་གིས་ལ་དྭགས་ ནས་མཛད་ཅིང་བོད་ཀྱི་ལོ་ཙཱ་བ་རྣམས་རྒྱ་གར་འཕགས་པའི་ཡུལ་དུ་བགྲོད་པའི་ལམ་གྱི་དཀའ་སྡུག་ རྫོགས་པར་མཚོན་ནུས་པའི་མགུར་མ་ཞིག་བཀོད་ནས་མཚམས་སྦྱོར་གྱི་བགྱི་བ་ཧ་ཅང་ཕྲན་བུ་འདི་རེ་ ཞིག་མཚམས་འཇོག་པར་བྱའོ།།
༼གྲུབ་ཆེན་ཨུ་རྒྱན་པ་རྒྱ་གར་དུ་ཕྱིན་པའི་ལམ་གླུ་རིང་མོ་ཞེས་བྱ་བ༽
ན་མོ་རཏྣ་གུ་རུ།
ཆ་མེད་ཡུལ་དུ་རྒྱུས་མེད་འགྲོ་དུས།།
སྐྱོ་གྲོགས་རྒྱང་གླུ་རིང་མོ་འདི་བླངས་སོ།།
དྲིན་འཁོར་མེད་ཀྱི་རྗེ་བཙུན་བླ་མ་ལ།།
བུ་སྙིང་ནས་དང་བས་གསོལ་བ་འདེབས།།
ལས་བྱ་རྒྱུ་ཆོས་ལས་མ་མཆིས་ཀྱང་།།
ཆོས་ལམ་དུ་ལོངས་བར་བྱིན་གྱིས་རློབས།།
སྤྱིར་རྒྱ་བོད་གཉིས་ཀྱི་སོ་མཚམས་ན།།
ཀཎmཀཎmཀཎmཀཎmཀཎ་ཊི་ཀོ་ཊ་ལ་ཡིས་སྣེ་དྲངས་བའི།།
ལྷ་ཆེན་པོ་གནས་པའི་པ་ཝ་ཏ།།
པིརྤཉྫ་ལ་སོགས་ལ་ཆེན་བཅུ།།
ལ་ཕྲན་ལྔ་བཅུ་རྩ་བརྒྱད་ཙམ།།
ལམ་དེ་ཀུན་གྱི་དཀའ་ལས་འདི་ལྟར་འདུག།
སྟེང་བྷ་ཏི་ལྐཱ་ལ་མུན་ལྟར་འཐིབས།།
བར་ཁ་བ་བུ་ཡུག་འཚུབ་མས་ཁེངས།།
འོག་འཁྱག་པ་པདྨ་ལྟ་བུར་གས།།
པ་ཧུ་ཧི་ཨུངྐ་ཊིཀ་ལ་ལ་སྒུག།
གྱང་ཤྭ་མ་ནཱ་ཐ་གཡུལ་དུ་ཞུགས།།
དཔུང་མཚན་ལྡན་བླ་མའི་རྒྱབ་རྟེན་བཟང་།།
མཚོན་སྨུག་སྤྲིན་ནག་པོ་བ་རྣོན་པའི་དཔུང་དུ་སྤྲོས།།
ཕྱི་ང་རོའི་རྐྱེན་གྱིས་གླགས་མ་རྙེད།།
ཕྱོགས་གར་འགྲོ་གཏད་སོ་མ་རྙེད་པས།།
ཁ་རླུང་བུ××××ཚོགས།།
ཕ་དྲིན་ཆེན་ངག་དབང་བཟང་པོ་ལ།།
བློ་ཁེལ་ངོས་སུ་བཀལ་ནས་གསོལ་བཏབ།།
དཔེ་གླང་ཆེན་སྨྱོན་པ་རྒྱུ་བ་བཞིན།།
ཞག་བཅོ་ལྔའི་བར་དུ་ཁབ་ལ་ཕྱིན།།
ལམ་སྔ་དྲོ་གཅིག་ཀྱང་ནོར་མ་མྱོང་།།
དེ་བསམ་བཞིན་དུ་མཚན་ལྡན་བླ་མ་ལ།།
དཔལ་རྫོགས་པའི་སངས་རྒྱས་དངོས་སུ་མཐོང་།།
ས་ཙམྦྷེ་ངམ་པའི་རོང་དུ་ཞུགས།།
རོང་འཇུར་མིག་གི་འཕྲང་ལ་འགྲོ་ཙ་ན།།
ཡིད་བརྟན་པོར་ཕྱིན་ཀྱང་གོམ་ཚུགས་འཁྱོར།།
ནགས་མཐུག་པོ་ཞིག་ནས་ཐོན་དུས་མེད།།
ཆུ་གཅིག་ལ་ལན་བརྒྱ་བརྒལ་དགོས་བྱུང་།།
གཞུང་ཕྱི་ཐག་ཡིན་ཀྱང་རིང་བ་ཙམ།།
རོང་དེ་ནས་འཐོན་པས་ནམ་ལངས་བཞིན།།
ཕྱོགས་གང་ལ་བལྟས་ཀྱང་གུ་ཡངས་སོང་།།
ཡུལ་རྒྱ་གར་མཐིལ་དུ་སླེབ་ཙ་ན།།
ཐང་ཆེན་པོ་ཞིག་ལ་ཆོད་དུས་མེད།།
ཁོང་རྟ་བདུན་རྒྱལ་པོ་དགུང་དུ་སླེབ།།
འོག་ས་གཞི་ཐམས་ཅད་མེ་ལྟར་འབར།།
ཉ་བྱེ་ཚན་ས་ལ་བསྒྲེས་པ་བཞིན།།
ནོར་རིན་ཆེན་གསེར་ལས་བཏུང་ཆུ་དཀོན།།
སྟོད་བྱང་ཁོག་ཁྲག་མཚོ་སྐམས་སོ་སྙམ།།
ལར་ཚད་གདུང་སྡུག་བསྔལ་བཤད་མི་རྫོགས།།
ལུས་དབང་བོ་ཐམས་ཅད་ཉམས་སོ་སྙམ།།
ཆུ་ཆེན་པོ་སིན་ངྷུ་བརྒལ་ནས་ཕྱིན།།
མུ་སྟེགས་པ་ཋ་ཎྣ་གྱི་ཡུལ་ཁོ་བོ་སླེབས།།
མི་སྲིན་པོ་གདོང་དམར་གྱི་ཇག་པ་བྱུང་།།
ལྷ་མིན་འཐབ་རྩོད་ཀྱི་དམག་དཔུང་ལྷགས་སོ་སྙམ།།
མཚོན་རྣོན་པོ་སྟ་ཝར་མགོ་ལ་བསྣུན།།
མགོ་ཚལ་བ་བརྒྱ་རུ་གས་སོ་སྙམ།།
ལས་ཕན་དུ་རེ་བ་གཞན་མ་མཆིས།།
ཕཊ་དྲིན་ཆེན་ལྷ་རྩེ་ཆོས་རྗེ་མཁྱེན།།
ང་བདག་ཏུ་འཛིན་པའི་དགྲ་བོ་བཟློག།
ཕཊ་རང་རིག་ལྷན་ཅིག་སྐྱེས་པ་དྲན།།
བློས་བྱས་བདུད་ཀྱི་ལྟ་བ་བཟློག།
ཕཊ་བརྗོད་མེད་ཆུ་བོའི་རྒྱུན་བཞིན་དྲན།།
མཚན་བཅས་བདུད་ཀྱིས་བཅིངས་པ་བཟློག།
ཕཊ་འགག་མེད་སྣང་བའི་གཞི་རྩ་བྲལ།།
ཆེད་དུ་བྱས་པའི་སྦྱོར་བ་བཟློག།
ཕཊ་འགྱུར་མེད་ཆོས་སྐུའི་རྒྱལ་ས་དྲན།།
རེ་དོགས་བདུད་ཀྱི་འབྲས་བུ་བཟློག།
ངས་བྱས་པའི་ཆོས་རྣམས་ཤུན་པར་ཐལ།།
ང་བྱ་རྒྱུ་མེད་པར་མཉམ་ཉིད་ངང་།།
ལར་ཆོས་ཤན་རྐྱེན་གྱིས་འབྱེད་པ་ལ།།
བཟང་རྫུ་ལ་རེ་བ་ཆེ་ཅི་ཆ་ཨང་།།
ཕ་བླ་མའི་བྱིན་རླབས་ཞུགས་ཙ་ན།།
ཅིར་སྣང་ཀུན་སྒྱུ་མའི་རོལ་རྩེད་ཡིན།།
དཔལ་ཨོ་རྒྱན་ཡུལ་གྱི་མཐིལ་དུ་སླེབས།།
བདག་རྣལ་འབྱོར་གྱི་སྐལ་བཟང་ངོ་སྙམ།།
མཁའ་འགྲོའི་དོ་ར་འགྲིམ་ཙ་ན།།
སྔོན་སྦྱངས་ཀྱི་བབ་ཆགས་སད་དོ་སྙམ།།
ལར་བཟང་རྟོག་ངན་རྟོག་གང་ལའང་།།
བདེན་པར་བཟུང་ན་རྣལ་འབྱོར་འཁྲུལ།།
སྤྱིར་སྣང་བ་རྐྱེན་ལ་ལྟོས་པ་འདི།།
མཉམ་ཉིད་དུ་གྲོལ་བའི་སྔ་ལྟས་ཡིན།།
བཟང་པོ་ཞིག་ལོགས་ནས་བཙལ་མ་དགོས།།
རང་བྱུང་ཡིན་པས་སྒྲུབ་ཏུ་མེད།།
ལྷན་སྐྱེས་ཡིན་པས་འདུ་བྲལ་མེད།།
རང་རྩལ་ཡིན་པས་བཀག་མ་དགོས།།
བསྡད་ན་རིན་ཆེན་གསེར་ལས་ལྕི།།
འགྲོ་ན་གྱི་ལིང་རྟ་དང་འདྲ།།
གམ་འཁྲུག་མེད་པ་བརྒྱན་དུ་ཆེ།།
ཤུགས་འབྱུང་གི་ལམ་གླུ་རིང་མོ་འདི།།
ཤྭ་མོ་ནཱ་ཐའི་སྐྱོ་གྲོགས་ཡིན།།
འདི་ནི་ཉི་མ་རེ་རེ་ཡི་དཔེ་ཀློག་ཁྲོད་ནས་ཟིན་ཐོ་ངེས་པར་དུ་འགོད་དགོས་ཞེས་ཡང་ཡང་བསྐུལ་བཞིན་པའི་མཁས་ དབང་རྣམས་དང་གྲོགས་པོ་དམ་པ་རྣམས་ཀྱི་ཞལ་གསུང་སྣང་མེད་མ་བྱས་པའི་འབྲས་རྟགས་སུ་སྙོམས་ལས་པ་
པ་བན་ཤུལ་དཔལ་མཁར་རྒྱལ་ནས་སྤྱི་ལོ༢༠༡༢ལོའི་ཟླ༧པའི་ཚེས༢ཉིན་ལྷ་ལྡན་དུ་བྲིས་ཤིང་ནོར་འཁྲུལ་མཆིས་ན་

མཐོལ་བཤགས་བཅས།

0 comments:

ཟིན་བྲིས་འཚོལ་ཡུལ