དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 13 July 2012
འཚོ་བྱེད་རྣམས་ལ་སྙིང་ནས་བརྩེ་བའི་མན་ངག་འཕྲུལ་གྱི་ཡིག་ཆུང་ཞེས་བྱ་བ་བཞུགས་སོ།།
བྱང་པ་རྣམ་རྒྱལ་གྲགས་བཟང་།
ན་མཿཤྲཱི་ཀཱ་ལ་ཙཀྲ་ཡེ། །སྒྲིབ་གཉིས་བག་ཆགས་བཅས་པ་གཏན་སྤངས་ཤིང་། །བསོད་ནམས་ཡེ་ཤེས་ཚོགས་ནི་རབ་རྫོགས་པས། །ཇི་ལྟ་ཇི་སྙེད་གཟིགས་པའི་སྤྱན་མངའ་བ། །དཔལ་ལྡན་ཤཱཀྱ་སེང་གེ་དེ་ལ་འདུད། །སྙིང་རྗེའི་རླན་དང་མ་བྲལ་བས། །འཚོ་བྱེད་རྣམས་ལ་སྙིང་བརྩེ་བས། །མན་ངག་འཕྲུལ་གྱི་ཡིག་ཆུང་ནི། །འགྲོ་བའི་དོན་དུ་སྦྱིན་པར་བྱ། །གཞུང་དོན་གང་ཡང་མི་ཤེས་ཤིང་། །མན་ངག་སྣ་རེ་ཙམ་ཤེས་པས། །གཟའ་བཏུང་ཁོ་ན་དོན་གཉེར་བ། །ཝ་རྣམས་གཟན་འཚོལ་ལྟ་བུ་ཡིན། །གཞུང་ཚིག་མང་པོ་ཤེས་གྱུར་ཀྱང་། །སློབ་དཔོན་མཁས་པ་མ་བསྟེན་ཅིང་། །མཐོང་བ་བརྒྱུད་པའི་ལག་ལེན་མེད། །དེ་ནི་ནེ་ཚོ་སྨྲ་མཁན་འདྲ། །ནད་དང་དཔྱད་དུ་འཛོལ་བ་དང་། །སྙིང་རྗེ་མེད་པའི་ཕྱོགས་རིས་ཀྱིས། །ཤེས་བཞིན་སྨན་ལོག་སྦྱིན་པ་ནི། །གཤིན་རྗེ་ལག་ན་གྲི་ཐོགས་འདྲ། །ཤེས་བཞིན་དུ་ཡང་ཕྱོགས་རིས་དང་། །ནོར་གྱི་མིག་ཉེ་ལྷུར་ལེན་པས། །བཅོས་ཁ་ཚུལ་བཞིན་མི་བྱེད་པ། །དེ་ནི་ཚོང་པ་ནོར་འཚོལ་འདྲ། །ནད་པ་ཟུག་རྔུས་གཙེས་པ་ལ། །སྨན་པ་སེར་སྣ་ཆེ་བ་ཡིན། །བཟང་སྨན་ཡོད་བཞིན་མི་སྟེར་བ། །སེར་སྣས་ཡི་དྭགས་འགྲོ་བའི་རྒྱུ། །རྒྱ་ཆུང་མན་ངག་ཕྲ་མོས་ཚིམ། །གླང་རྩིས་རྟ་མཁན་བྱེད་པ་འདྲ། །ཤེས་རློམ་སྙིང་རྗེ་བྲལ་བའི་དཔྱད། །ལག་འབེབས་དྲས་སྟན་བྱེད་པ་འདྲ། །དགྲ་དང་གཉེན་ལ་ཕྱོགས་རིས་སམ། །རང་གི་དོན་ཕྱིར་སྨན་དཔྱད་ལ། །གཡོ་བྱེད་འཆི་བདག་སྨན་པའི་གཟུགས། །གཉིས་ཕུང་དམྱལ་བའི་འགྲམ་རྡོ་བྱེད། །དེ་ལྟའི་སྐྱོན་རྣམས་སྤངས་ནས་ནི། །མིའི་འགྲོ་བ་ཐོབ་དུས་འདིར། །ཕྱི་མའི་དོན་ཆེན་ཐོབ་བྱའི་ཕྱིར། །སྨན་པས་ལག་ལེན་འདི་ལྟར་བྱ། །དམྱལ་བ་རྣམས་ལ་ཚ་གྲང་དང་། །ཡི་དྭགས་རྣམས་ལ་བཀྲེས་སྐོམ་དང་། །དུད་འགྲོ་རྣམས་ལ་གླེན་ལྐུགས་དང་། །མི་ལ་ཡོངས་འཚོལ་སྡུག་བསྔལ་དང་། །ལྷ་མ་ཡིན་ལ་འཐབ་འཁྲུག་དང་། །ལྷ་ལ་འཆི་འཕོའི་སྡུག་བསྔལ་ཏེ། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལའང་། །སྡུག་བསྔལ་མེད་པ་ཡོད་མ་ཡིན། །སྡུག་བསྔལ་ཟད་པ་མེད་པ་ཡི། །འཁོར་བའི་རྩོན་ཏ་འདི་དག་ལས། །ངེས་པར་ཐར་བ་བྱ་བའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བཟུང་། །བྱང་ཆུབ་སེམས་དང་མ་བྲལ་ཞིང་། །སྙིང་རྗེས་ཀུན་ནས་བསླངས་བ་ཡིས། །ནད་པ་གསོ་བར་བྱེད་པ་ལས། །ལྷག་པའི་དགེ་བ་གཞན་ཡོད་མིན། །མངོན་པ་མཛོད་ཀྱི་གཞུང་ལས་ནི། །འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །ཞེས་པའི་ཕན་ཡོན་ཤེས་བྱ་ཞིང་། །འཕགས་པ་ཞི་བ་ལྷས་མཛད་པའི། །བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལས། །འགྲོ་བ་ནད་པ་ཇི་རྙེད་པ། །ནད་སོས་གྱུར་གྱི་བར་དུ་ནི། །སྨན་དང་སྨན་པ་ཉིད་དག་དང་། །དེ་ཡི་ནད་གཡོག་བྱེད་པར་ཤོག །ཅེས་པའི་སྨོན་ལམ་རྒྱ་ཆེན་མཛད། །དེ་བཞིན་གཤེགས་པ་ཉིད་ཀྱིས་ཀྱང་། །ནད་པའི་ནད་གཡོག་མཛད་དོ་ཞེས། འདུལ་བ་ལུང་ལས་འབྱུང་བ་ཡིན། །དེ་ཕྱིར་སྨན་པས་ནད་གཡོག་ལ། །ནད་གཡོག་བྱེད་པར་རིགས་པ་ཡིན། །བྱང་ཆུབ་སེམས་དང་ལྡན་པ་ཡི། །སྨན་པས་གཞན་གྱི་དོན་ལ་འབད། །དེ་ཡང་ཐོག་མར་གཞུང་ལུགས་ལ། །བློ་གྲོས་ཤིན་ཏུ་སྦྱང་བྱ་སྟེ། །ཤེས་རབ་ཆེ་རྣམས་བརྒྱད་པ་དང་། །རྒྱུད་བཞི་ལ་སོགས་རྒྱ་ཆེན་གཟུང་། །འབྲིང་པོ་རྣམས་ཀྱིས་རྒྱུད་བཞི་དང་། །དེ་ལས་བློ་གྲོས་དམན་རྣམས་ཀྱིས། །རྩ་བཤད་ཕྱི་མ་གསུམ་པོའམ། །ཡང་ན་རིན་ཆེན་སྒྲོམ་བུ་བཟུང་། །སློབ་དཔོན་མཁས་པ་རྣམས་ལ་གཏུགས། །མན་ངག་ཕྱོགས་རིས་མེད་པ་ལོང་། །ལག་ལེན་གདེང་དུ་ལོན་པར་སློབས། །དཔྱད་ཀྱི་ཆ་དཔྱད་འཛོམ་པ་དང་། །སྨན་རྣམས་རྩོལ་བ་ཆེར་བྱས་པས། །ནད་ཀྱི་དགྲ་དཔུང་འཇོམས་པར་འགྱུར། །གཞུང་དོན་ལེགས་པར་ཤེས་ནས་ཀྱང་། །བརྗེད་པ་མེད་པ་ཡིད་ལ་བཟུང་། །ཞེས་གསུངས་སོ། །འཚོ་བྱེད་རྣམས་ལ་སྙིང་ནས་བརྩེ་བའི་མན་ངག་འཕྲུལ་གྱི་ཡིག་ཆུང་ཞེས་པ་འདི་ནི་ཐམས་ཅད་འདུལ་ཅེས་པ་མེ་ཕག་གི་ལོ་ནག་པ་ཟླ་བའི་ཚེས་གཅིག་ལ། །རྣམ་རྒྱལ་གྲགས་པ་བཟང་པོས་སྦྱར་བའོ། །རྒྱ་བོད་མཁས་པའི་གཞུང་ལུགས་མཐོང་བ་ངས། །རྙེད་བཀུར་གྲགས་པ་འདོད་པ་མ་ཡིན་པར། །དཔལ་ལྡན་རྩ་བའི་རྒྱུད་དང་བཤད་རྒྱུད་དང་། །ཕྱི་མ་རྒྱུད་ཀྱི་དཀའ་འགྲེལ་སྔོན་དུ་བསྟན། །ཡན་ལག་བརྒྱད་པ་ཀུན་གྱི་དོན་བསྡུས་པའི། །ཡིད་བཞིན་ནོར་བུ་ཞེས་པའི་བསྟན་བཅོས་དང་། །ཉེར་མཁོའི་སྨན་གཞུང་རིན་ཆེན་སྒྲོམ་བུ་སོགས། །བློ་དང་འཚམ་པའི་རྒྱས་བསྡུས་སྣ་ཚོགས་བསྟན། །འདིར་ནི་འཕྲུལ་གྱི་ཡིག་ཆུང་བསྟན་པའི་དོན། །བྱང་ཆུབ་སེམས་དང་ལྡན་པ་དགོས་ཚུལ་དང་། །གཞན་ཡང་ཕན་པར་གདམས་པ་ཆེ་ལོང་ཙམ། །ཁྱད་པར་བློ་ལ་གཞུང་རྒྱ་ཆེ་ཆུང་དང་། །མཁས་རྨོངས་ཀུན་ལ་མེད་ཐབས་མེད་པའི་གཞུང་། །ཉུང་ངུར་བསྡུས་ཏེ་ལེགས་པར་སྦྱར་བ་ཡིན། །དགེ་དེས་སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །ནད་ཀྱི་གདུང་བ་མཐའ་དག་ཉེར་ཞི་ཞིང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །མྱུར་དུ་བླ་མེད་བྱང་ཆུབ་ཐོབ་པར་ཤོག །རིགས་ལྡན་རྒྱལ་པོ་ཉིད་ཀྱི་གསུང་གི་བདུད་རྩི་ལེགས་པར་མྱངས་པ་འཚོ་བྱེད་མིའི་ཉི་མས་ཞུས་དག་བྱས་པ། །དགེའོ།། །།

0 comments:

ཟིན་བྲིས་འཚོལ་ཡུལ