དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Wednesday, 12 September 2012
སྔོན་གནས་རྗེས་དྲན་གྱི་བྱུང་བ།
འོས་སྦྱོར།
|
[ ཨེ་མ་ཧོས ]
|
༄༅། །སྔོན་གནས་རྗེས་སུ་དྲན་པའི་བྱུང་བ་བསྙོན་མེད་སྲིད་པའི་རང་གཤིས་ཞེས་བྱ་བ། ༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས། (མུ་འགོད) སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་ལ་འདིར་སྐྱེ་བ་སྔ་ཕྱིའི་རྣམ་གཞག་ཅུང་ཟད་བརྗོད་པ་ལ། དེའི་རང་བཞིན་མདོར་བསྡུས་སུ་བསྟན་པ་དང༌། སྔོན་གནས་རྗེས་སུ་དྲན་པའི་བྱིས་པ་གཉིས་ཀྱི་དཔེ་བརྗོད་རྒྱས་པར་བཤད་པ། རང་གི་བསམ་ཚུལ་བརྗོད་པའི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ལ་བཞི་སྟེ།དང་པོ་སྐྱེ་བ་སྔ་མ་ནས་ཕྱི་མར་འོང་ཚུལ།སྐྱེ་བ་སྔ་ཕྱི་ཞེས་པ་འདི་ཐ་ན་གྲོག་སྤུར་ཡན་ཆད་ཐམས་ཅད་ལ་མེད་པ་གཅིག་ཀྱང་མེད། དེ་ཡང་སེམས་ཅན་རྣམས་འཆི་བ་ན་རྣམ་ཤེས་རིམ་གྱིས་འགགས་ནས་མཐར་བརྒྱལ་ཏེ་འགྲོ དེ་ནས་བརྒྱལ་དེ་སངས་བ་ན་རིམ་གྱིས་སྔ་མའི་ལུས་དང་བྲལ་ནས་ཡིད་ཀྱི་ལུས་ཤིག་ཀྲོང་ངེར་སྐྱེས། ལུས་དེ་ལ་རྣམ་ཤེས་བརྟེན་ནས་རྨི་ལམ་རྨིས་པ་བཞིན་དུ་འཁྱམས་ནས་འགྲོ་སྟེ། བར་སྐབས་འདིར་སྣང་བ་བཟང་ངན་སྣ་ཚོགས་པ་ཞིག་ཀྱང་འཆར། དེ་ནས་སྐྱེ་བ་ཕྱི་མའི་གནས་སུ་སོང་ནས་ལུས་ལེན་པ་ཡིན་ནོ། །གཉིས་པ་སྐྱེ་བ་སྔ་མ་དྲན་ཚུལ།སྐྱེ་བ་སྔ་མ་ནས་ཕྱི་མར་འོང་བ་ན་མའི་མངལ་ནས་ཡུན་རིང་པོའི་བར་དུ་བརྒྱལ་ཏེ་འདུག དེའི་དབང་གིས་མི་ཕལ་མོ་ཆེ་ཞིག་གིས་སྔོན་གྱི་ལོ་རྒྱུས་རྣམས་བརྗེད་དེ་འགྲོ འོན་ཀྱང་ཉུང་ཤས་ཤིག་གིས་མ་བརྗེད་པར་གསལ་བར་དྲན་པ་དང༌། ཅུང་ཟད་དྲན་པའང་ཡོད། དྲན་པའི་རྒྱུ་མཚན་ལ་སྒོམ་པའི་སྟོབས་ཀྱིས་དྲན་པ་དང༌། སྐྱེས་ཐོབ་བམ་རང་བཞིན་གྱིས་དྲན་པ་དང༌། ལས་བཟང་པོ་བསགས་པའི་སྟོབས་ཀྱིས་དྲན་པ་བཅས་ཡོད། བདག་ཅག་གི་སྟོན་པ་ཐམས་ཅད་མཁྱེན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་སྐྱེ་བོ་མང་པོས་སྐྱེ་བ་དྲན་པ་ཡོད་ཚུལ་སྔར་ནས་གསལ་བར་གསུངས་ཟིན་ལ། ད་ལྟ་འཛམ་གླིང་གི་ཤར་དང་ནུབ་གཉིས་ཆར་ན་དྲན་མཁན་ཤིན་ཏུ་མང་པོ་ཡོད་པ་རིམ་གྱིས་ཤེས་བཞིན་པ་ཡིན། ཨ་མེ་རི་ཁའི་མཐོ་རིམ་སློབ་གྲྭ་ཝེར་ཅུ་ནེ་ཡའི་དགེ་རྒན་ཆེན་མོ་རབ་འབྱམས་པ་ཧྲི་ཐུས་ཝེན་ཧྲེནDr.Lan Stevenson གྱིས་མི་ལོ་སུམ་ཅུ་ལྷག་ཅིག་གི་རིང་ལ་འཛམ་གླིང་གི་ས་ཕྱོགས་་་སོ་སོར་སོང་ནས་སྔོན་གནས་རྗེས་སུ་དྲན་མཁན་གྱི་མི་ཉིས་སྟོང་ལྷག་གི་ལོ་རྒྱུས་བསྡུས་ཏེ་ཞིབ་འཇུག་བྱས། འོན་ཀྱང་སྔོན་གནས་དྲན་མཁན་དེ་རྣམས་ལས་ཕལ་མོ་ཆེ་ཞིག་གིས་ལོ་བདུན་བརྒྱད་ཡན་ཆད་ནས་རིམ་གྱིས་བརྗེད་འགྲོ་བར་འདུག་གོ །གསུམ་པ་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པའི་རྒྱུ་མཚན་ནོར་བར་བསྟན་པ།འགའ་ཞིག་གིས་དེང་རབས་ཀྱི་ཚན་རིག་གིས་མ་གྲུབ་བར་དུ་ཁས་མི་ལེན་ཟེར། འོན་ཀྱང་སྐྱེ་བ་སྔ་མ་དྲན་པའི་མི་མངོན་སུམ་དུ་གྲུབ་པས་དེ་ལས་ལྷག་པའི་ཚན་རིག་ཅིག་དགོས་དོན་རྩ་བ་ནས་མེད། གལ་ཏེ་ཅིས་ཀྱང་དགོས་ཟེར་ན། སྤྱིར་ཚན་རིག་གིས་ཤེས་བྱ་ཐམས་ཅད་ཤེས་མི་ནུས་ལ། ཁྱད་པར་དུ་ད་ཡོད་ཀྱི་དེང་རབས་ཚན་རིག་འདི་ཙམ་གྱིས་དངོས་པོ་ཐམས་ཅད་ཤེས་མི་ནུས་ལ། སེམས་ཀྱི་གསང་བ་ཟབ་མོ་རྣམས་ནི་དེ་བས་ཀྱང་ཤེས་མི་ནུས། ཤེས་བྱ་ཐམས་ཅད་ཚན་རིག་གིས་ཤེས་ནུས་པར་ཚན་རིག་པ་རྣམས་ཀྱིས་ཀྱང་ཁས་མི་ལེན། ཚན་རིག་གིས་ཤེས་མ་ནུས་པ་ཐམས་ཅད་མེད་པ་ཡིན་ཞེས་ཚན་རིག་པ་རྣམས་ཀྱིས་ཀྱང་འདོད་མི་ནུས་པས་དེ་འདྲའི་གཏམ་སྨྲ་བ་དེ་གཅིག་ནས་རང་ཉིད་བློ་གྲོས་རྒྱ་ཆུང་བ་དང༌། གཉིས་ནས་ཚན་རིག་ལ་རྒྱུས་མེད་པ་དང༌། གསུམ་ནས་ཨུ་ཚུགས་ཀྱི་གཏམ་ཡིན་པས་སྙིང་པོ་ཅི་ཡང་མེད་དོ། །བཞི་པ་སྐྱེ་བ་སྔ་ཕྱི་ཡོད་པར་མ་ཤེས་པ་དང་ཤེས་པའི་སྐྱོན་ཡོན།སེམས་ཅན་རྣམས་ལ་སྐྱེ་བ་སྔ་ཕྱི་ཡོད་པ་འདི་མ་ཤེས་ན། མི་རྣམས་ཀྱིས་སྐྱེ་བ་ཕྱི་མའི་དོན་དུ་སེམས་ཐོག་ནས་གྲ་སྒྲིག་དང་ལུས་ངག་གིས་འབད་པ་གང་ཡང་མི་བྱེད། སྐྱེ་བ་ཕྱི་མ་མེད་སྙམ་ནས་རང་མགོ་རང་གིས་བསྐོར་ཏེ་ངན་སྤྱོད་སྣ་ཚོགས་བྱས་པས་མི་ཆོས་ཀྱི་སྙིང་པོ་དྲང་བདེན་དང་བྱམས་བརྩེ་དང་གཞན་ཕན་སོགས་མེ་ཏོག་སད་ཀྱིས་ཁྱེར་བ་བཞིན་དུ་གྱུར་ཏེ་སྤྱི་ཚོགས་ཡོངས་རྫོགས་མ་རབས་དང་གདུགས་སྤྱོད་ཀྱིས་གང་བར་འགྱུར་རོ། །དེ་ལྟ་ནའང་ཚེ་སྔ་ཕྱི་དེ་མེད་བསམས་པ་ཙམ་གྱིས་མེད་པར་ནི་མི་འགྱུར་བས་གང་ལྟར་ཡང་ཚེ་ཕྱྀ་མ་ནི་འབྱུར་བར་འགྱུར་བས། སྐྱེ་བ་ཕྱི་མའི་དོན་དུ་བསམ་བློ་ཅི་ཡང་མི་གཏོང་བར་ཚེ་འདིའི་ཟས་གོས་ཙམ་གྱི་དོན་དུ་མི་ཚེ་ཟད་པར་བྱེད་པ་ནི་ཕྱུགས་རྣམས་དང་ཁྱད་པར་ཅི་ཡང་མེད་པའི་རྨོངས་པ་ཁོ་ན་ཡིན་ནོ། །ཚེ་འདིར་བདེ་བ་ཙམ་གྱིས་ཆོག་སྙམ་སྟེ། བྱ་བ་མི་རིགས་པ་མང་པོ་བྱེད། ཚེ་འདི་རྫོགས་པ་ཙམ་གྱིས་ཐམས་ཅད་མཇུག་རྫོགས་པ་ཡིན་སྙམ་ནས་རྐྱེན་ཆུང་ངུ་རེའི་ཕྱིར་དུའང་རང་སྲོག་གཅོད་པར་བྱེད། གསོན་པོར་འཚོ་བ་ལ་དམིགས་ཡུལ་ཅི་ཡང་མེད་པས་ཤིན་ཏུ་ཡིད་སྐྱོ་བའི་གནས་ཡིན་ནོ། །སྐྱེ་བ་སྔ་་ཕྱི་ཡོད་པ་འདི་ཤེས་ན་མིག་རྒྱང་ཇེ་རིང་དུ་འགྲོ བློ་རྒྱ་ཇེ་ཆེར་སོང་སྟེ་སྐྱེ་བ་གོང་ནས་གོང་དུ་ཇེ་བཟང་དུ་འགྲོ་བའི་ཆེད་དུ་འབད་པ་བྱེད་པས་མི་ཚེ་དོན་དང་ལྡན་པ་ཡིན་ནོ། ། གཉིས་པ་ནི། འདིར་སྔོན་གནས་རྗེས་སུ་དྲན་པའི་ལོ་རྒྱུས་འཁྲུལ་མེད་གཉིས་ལས་་དང་པོ་ཤེས་རབ་ཐབས་མཁས་ཀྱི་བྱུང་བ་ནི། དེ་ཡང་ཡུལ་མགོ་ལོག་རྨ་ཆེན་རྫོང་ར་རྒྱལ་གྲོང་བརྡལ་སི་རིག་ཆེན་སྡེ་བར་སྔོན་གནས་རྗེས་སུ་དྲན་པའི་བྱིས་པ་གཉིས་བྱུང་སྟེ། ལོ་བཅུ་ཕྲག་གཅིག་དང་ཉག་མ་འགའ་ཞིག་སོང༌། འོན་ཀྱང་ལོ་རྒྱུས་དེ་་་་་་དག་ཉེ་འཁོར་གྱི་མི་ཉུང་ཤོས་ཙམ་ལས་གཞན་ཤེས་མཁན་ཡང་ཆེར་མ་བྱུང་ལ། མཐོང་ཆེན་བྱེད་མཁན་ནི་དེ་བས་ཀྱང་མ་བྱུང་མོད། དེ་ལྟ་ནའང་ལོ་རྒྱུས་ནི་བསྲེ་བསླད་དང་བྲལ་བའི་དོན་གནས་ཀྱི་བྱུང་བ་དངོས་ཤིག་རེད། ཚུལ་འདིར་ངེད་ལ་་་་དོགས་པ་ཕྲན་བུ་ཙམ་ཡང་མི་འདུག དེ་ཡང་རྒྱུ་མཚན་རྣམ་པ་དུ་མ་ལ་བརྟེན་ནས་་་དོགས་པ་ཆོད་པ་ཡིན་གྱི། སྐྱེ་བ་སྔ་ཕྱི་ཡོད་ངེས་ཡིན་པས་དྲན་སྲིད་སྙམ་པ་དང་ཡོད་ཅིང་དྲན་པར་གྱུར་ན་ཅི་མ་རུང་སྙམ་པའི་ཚོད་འཇོག་དང་འདོད་ཕྱོགས་བཟུང་བ་རྩ་བ་ནས་མིན་ལ། དེ་ལྟར་བྱེད་འདོད་ཀྱང་མེད། མེད་པ་ལ་ཡོད་པར་སྒྲོ་བཏགས་པ་དང་ཡོད་པ་ལ་མེད་ཅེས་སྐུར་བ་བཏབ་ནས་སྐྱེ་བོའི་ཚོགས་མགོ་སྐོར་བའི་སྤྱོད་པ་ལག་ལེན་དུ་འདེབས་པ་ནི་དེ་བས་ཀྱང་བྱེད་མི་འདོད། འོན་ཀྱང་དངོས་པོའི་གནས་ཚུལ་ནི་འདི་ག་རང་དུ་འདུག་པས་རང་གིས་ཀྱང་ཡིན་པ་ལ་ཡིན་པར་བརྗོད་པར་འདོད་ཅིང༌། གཞན་གྱིས་ཀྱང་ཡིན་པ་ལ་ཡིན་པར་ཤེས་པར་གྱུར་ན་ཅི་མ་རུང་སྙམ་པའི་བསམ་པ་བཅོས་མིན་དུ་མངའ་བའི་དབང་གིས་དོན་འདི་ཉིད་ཞིབ་པར་རྩད་གཅོད་བྱས་ཏེ་གཏན་ལ་ཕབ་པ་ཡིན་ནོ། །དེ་ཡང་ལོ་རྒྱུས་འདི་འོལ་སྤྱི་ཙམ་ཞིག་སྔར་ནས་ཐོས་ཀྱང་ཞིབ་པར་མ་ཤེས། འདི་ལོའི་ཧོར་ཟླ་ལྔ་པའི་ནང་མགོ་ལོག་རྟ་བོར་ན་ཡོད་པའི་གསལ་ལྡན་ཞེས་པ་ཁྱིམ་ཚང་དེ་གཉིས་སུ་བཏང་སྟེ། ལོ་རྒྱུས་བདེན་པ་ཡིན་མིན་རགས་ཙམ་རྩད་གཅོད་བྱེད་དུ་བཅུག་པས་བདེན་པ་ཡིན་ཚོད་དུ་འདུག་ཟེར། དེ་ནས་ཟླ་དེའི་ཚེས་སུམ་ཅུ་་དང་ཕྱི་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་དོན་འདི་དཔྱིས་ཕྱིན་པ་ཞིག་ཤེས་པར་བྱ་བའི་ཕྱིར་དུ་མགོ་ལོག་ཏུ་སོང༌། དྲུག་པའི་ཚེས་གཅིག་གི་ཉིན་གུང་རྟ་བོར་ལ་འབྱོར། ཕྱི་དྲོ་འབྲོག་ཐོག་ཏུ་ཕྱིན་ནས་ལོ་རྒྱུས་རྩད་གཅོད་བྱས་ཏེ། ད་ལྟའི་ཕ་མ་གཉིས་དང༌། བྱིས་པ་རང་བཅས་ལ་བཅར་འདྲི་བྱས། དེ་ནས་སྔ་མའི་བུ་དེ་ཐག་རིང་བའི་འབྲོག་་་ཐོག་ན་འདུག་ཀྱང་དེར་བོས་ནས་ཁོ་རང་གི་མཐོང་ཐོས་དང་བསམ་ཚུལ་ལ་རྟོག་དཔྱོད་བྱས། ཕྱི་ཉིན་སྔ་དྲོ་ཚེ་སྔ་མའི་ནུ་མོ་ལྷ་རིས་ཞེས་པ་རྟ་བོར་ནས་སྤྱི་ལེ་བདུན་ཅུ་ཙམ་ཡོད་པའི་འབྲོག་ཐོག་ན་འདུག་པས་དེར་སོང་ནས་དེ་ལ་འདྲི་རྩད་བྱས། ཕྱི་དྲོ་ཚེ་སྔ་མའི་ཨ་ཅེ་གཞན་ཞིག་སྤྱི་ལེ་བཞི་བཅུ་ཙམ་གྱིས་ཆོད་པའི་འབྲོག་ཐོག་ན་འདུག་པས་དེ་ལ་ལོ་རྒྱུས་འདྲིས། དེ་ལྟར་དོན་འདིར་རྒྱུས་མངའ་ཤིན་ཏུ་ཡོད་པའི་གཙོ་བའི་མི་ལྔ་བྱིས་པ་རང་དང་བཅས་པ་དྲུག་ལ་ཞིབ་པར་དྲིས་ཏེ་གཏན་ལ་ཕབ་པ་ཡིན་ནོ། །དེ་ཡང་སྔོན་གནས་དྲན་པའི་བྱིས་པ་འདིའི་མིང་ལ་ཤེས་རབ་ཐབས་མཁས་ཟེར། ད་ལོ་ལོ་བཅུ་བཞི་རེད། ཕའི་མིང་ལ་མཆོག་ལྡན་དང་མ་ལ་སྐར་མཚོ་ཟེར། བྱིས་པ་འདིའི་སྐྱེ་བ་སྔ་མ་བུད་མེད་དེའི་མིང་ལ་དུང་མོ་མཚོ་ཞེས་ཟེར། མི་རྣམས་ཀྱིས་དུང་ངེ་ཞེས་འབོད། ཡོས་ལོ་པ་ཡིན། བག་མར་ཐེངས་གཉིས་སོང༌། དང་པོའི་སྐབས་སུ་བུ་ཚུལ་ཁྲིམས་བཀྲ་ཤིས་ཞེས་པ་དེ་སྐྱེས། ཐེངས་གཉིས་པའི་སྐབས་སུ་ར་རྒྱལ་གྲོང་བརྡལ་གྱི་མ་སྟེང་སྡེ་བ་ཞེས་པར་སོང༌། ཁྱོ་བོ་ལ་ལོ་པས་ཟེར། དེ་ཕྱིས་སུ་ཤིང་གཅོད་ས་ནས་ཤིང་སྡོང་འགྱེལ་བ་མགོ་ལ་ཕོག་པས་དྲན་པ་ཆེར་མི་གསལ་བ་ཞིག་ཏུ་གྱུར། བུ་བཞི་དང་བུ་མོ་གཉིས་ཏེ་དྲུག་སྐྱེས། ལོ་སུམ་ཅུ་སོ་དགུར་སོན་པ་ན་འཆར་ལྡན་སྐྱེ་གསོའི་ཕྱིར་དུ་བཤའ་བཅོས་བྱས་པའི་རྐྱེན་གྱིས་འབྲུག་ལོའི་ཧོར་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་ཤི་བར་གྱུར་པ་ཡིན་ནོ། །འཆི་བའི་ཚེ་ན་རང་གི་མིང་པོ་ལ་ཁ་ཆེམས་བཞག་སྟེ། ད་རིས་ཀྱི་ནད་འདི་དྲག་ཀྱང་ཐང་ལ་མི་དྲག་ཀྱང་ཐང༌། གལ་ཏེ་མ་དྲག་ན་ངའི་བུ་ཚུལ་བཀྲ་འདི་ཁྱོད་ཀྱི་རུ་སྐོར་ཉེ་འགྲམ་ན་ཡོད་པས་སྐྱིད་སྡིག་ཅི་འོང་ཁྱེད་ལ་བཅོལ་བ་ཡིན་ཞེས་ཟེར་ནས་ཚེ་དུས་བྱས། དེ་ནས་ལོ་གཅིག་ལྷག་ཙམ་གྱི་རྗེས་སུ་དུང་མོ་མཚོའི་མིང་པོའི་བུ་མོ་སྟེ། མོ་རང་གི་ཚ་མོ་སྐར་མཚོ་དང་དེའི་ཁྱོ་བོ་མཆོག་ལྡན་ཞེས་པ་དེ་གཉིས་ལ་བུ་ཞིག་གཙས། མིང་ལ་ཤེས་རབ་ཐབས་མཁས་ཞེས་བཏགས། དེ་གཏམ་སྨྲ་ཤེས་མ་ཐག་པ་ནས་ང་དུང་ངེ་ཡིན་ཟེར། སུས་ཀྱང་མ་བཤད་མ་བསླབས་བཞིན་དུ་སྐྱེ་བ་སྔ་མའི་ལོ་རྒྱུས་ཕྲ་ཞིང་ཞིབ་པ་དག་འཆད། ཚེ་སྔོན་མའི་དུས་ཀྱི་དངོས་པོ་དང་བུ་ཕྲུག་དང་ཁྱོ་བོ་ཉེ་འབྲེལ་རྣམས་བདེ་བླག་ཏུ་ངོས་འཛིན་བྱེད། འོན་ཀྱང་ད་ལྟའི་ཕ་མ་གཉིས་ཀྱི་བསམ་པ་ལ། རང་གི་ཁྱིམ་དབུལ་ཞིང་ཚེ་སྔ་མ་བག་མར་ཕྱིན་པའི་ཁྱིམ་དེ་ཕྱུག་པས་དེ་ཚང་གི་མནའ་མའི་རྣམ་ཤེས་རེད་ཅེས་བསྒྲགས་ན། ནོར་རྫས་ཀྱི་སྐལ་བ་སློང་བ་ལྟ་བུར་འགྲོ་སྙམ་སྟེ། ཕྱིར་མ་བཤད། ནང་དུ་རང་གི་ཨ་ནེའི་རྣམ་ཤེས་ཡིན་པར་ཐག་བཅད་དེ་བསྡད། འོན་ཀྱང་བྱིས་པ་རང་གིས་ཚེ་སྔ་མའི་བུ་སོགས་ངོས་འཛིན་བྱས་པས་མཐར་ཉེ་འཁོར་གྱི་མི་རྣམས་ཀྱིས་ཤེས་པར་གྱུར་ལ། བུ་དང་ཨ་ཅེ་སོགས་ཀྱིས་ཀྱང་རང་གི་མ་དང་ནུ་མོ་དེའི་རྣམ་ཤེས་ཡིན་པའི་ཐག་ཆོད་པར་གྱུར་ཏོ། །ཐོག་མར་བར་སྲིད་དྲན་ཚུལ་ལ། མ་སྐར་མཚོས་སྨྲས་པ། བྱིས་པ་ཆུང་ངུ་གཏམ་སྨྲ་ཤེས་ཙམ་ནས་སྐྱེ་བ་སྔ་མའི་ལོ་རྒྱུས་འདི་དག་སུ་ཀྱང་མ་དྲིས་བཞིན་དུ་སྨྲ་བར་བྱེད། དེ་ཡང་ཐོག་མར་ང་ཨ་ཁུ་བརྩོན་འགྲུས་ཚང་ལ་འགྲོ་སྙམ་ནས་སོང་ཡང་དེ་ཚང་གིས་ང་ལ་སྒོ་ཁྱི་མི་འགོག་ཅིང་ཁ་ལན་མི་བྱེད་ཐམས་ཅད་ཀྱི་ངོ་ནག་རོག་གེ་འདུག དེ་ནས་གཞན་དུ་འགྲོ་ས་མ་རྙེད་པས་འདིར་འོང་བ་ཡིན། དེ་ཡང་ད་ལྟའི་མ་་དང་དེའི་བུ་ད་ལྟའི་ཤ་ཉེ་གཉིས་ཀྱིས་གཡག་འགའ་ཞིག་དེད་ནས་འོང་གིན་འདུག་པས་དེ་དང་འགྲོགས་ནས་འོང་བ་ཡིན་ཟེར། གཡག་འགའ་ཞིག་དེད་ཞེས་པ་དེ་ཐེངས་ཅིག་ངེད་ཚང་གི་ལུག་འགའ་ཞིག་བཤའ་སར་ངེད་གཉིས་ཀྱིས་གཡག་གསུམ་དེད་དེ་སོང་བས་དེ་ཡིན་པར་འདུག་ཅེས་ཟེར་རོ། །དོན་འདི་སྔ་མའི་ནུ་མོ་ལྷ་རིས་ཞེས་པ་འདི་ལའང་སྨྲས་འདུག་སྟེ། དེས་བཤད་པ། བྱིས་པ་ཆུང་ངུ་གཏམ་ཅུང་ཟད་སྨྲ་ཤེས་པ་ན། ང་རང་ར་རྒྱལ་དགོན་པའི་ཕར་ངོས་ཀྱི་ནགས་ལམ་དེ་ན་ཡར་རླངས་འཁོར་ནང་དུ་བསྡད་དེ་སོང༌། དང་པོ་ང་ཚོའི་མིང་པོ་དེ་ཚང་ལ་སོང་ཡང་ཁྱི་མི་འགོག་ཁ་ལན་མི་བྱེད་པས་སྐར་མཚོ་ཚང་ལ་འོང་བ་ཡིན་ཞེས་ཟེར་རོ། །དུང་མོ་མཚོ་བག་མར་ཕྱིན་ས་ར་རྒྱལ་དགོན་པ་གནས་པའི་ལུང་པ་དེ་གའི་ནང་ན་་་ཡོད་པས་བར་སྲིད་ཀྱི་སེམས་ཅན་དེའི་སྣང་བ་ལ་ལུང་པ་དེའི་རི་སུལ་ནས་ཡར་རླངས་འཁོར་གྱི་ནང་ནས་འོང་བ་དང༌། སྐར་མཚོ་མ་བུ་གཉིས་དང་འཕྲད་པ་ན་དེ་གཉིས་ཀྱི་རྗེས་དེད་ནས་འོང་བའི་སྣང་བ་ཞིག་བྱུང་བ་ཡིན་འདུག ལར་བར་དོ་ཡིད་ཀྱི་ལུས་ཅན་ལ་རླངས་འཁོར་དུ་འདུག་དགོས་དོན་མེད་ཀྱང་བག་ཆགས་གོམས་པའི་འཁྲུལ་སྣང་ངོ༌། །མས་སྨྲས་པ། ལོ་གསུམ་ལོན་པ་ན་ད་དུང་མཆོག་ལྡན་ལ་ཁྱོད་ངེད་ཚང་མ་རེད་ཟེར། མཆོག་ལྡན་ཕྱི་རོལ་དུ་སོང་ནས་ཁྱིམ་དུ་ལོག་པ་ན་བྱིས་པ་ཆེ་བ་གཉིས་ཀྱིས་ཀ་ར་ཁྱེར་ཡོད་རྒྱུ་རེད་ཅེས་ཟེར་ནས་བསུ་བར་རྒྱུག ཐབས་མཁས་གཏན་ནས་མི་འགྲོ མཆོག་ལྡན་ངེད་ཚང་ལ་འོང་བ་ན་དུང་ངེ་ནད་ཀྱིས་ཐེབས་ནས་ང་ཚོ་ཕན་ཚན་ཐུག་ཕྲད་བྱེད་རྒྱུ་མ་བྱུང༌། ཉེ་འབྲེལ་རྣམས་ལས་སྔ་མའི་ཉེ་འབྲེལ་རྣམས་ཁོ་ན་ལ་བརྩེ་གདུང་བྱེད་པར་འདུག དུང་མོ་མཚོ་དེ་ང་ཤིན་ཏུ་གཅེས་མཁན་ཞིག་ཡིན། བྱིས་པ་ཁ་ལ་མི་ཉན་པའི་ཚེ་ངས་རྡུང་གྲབས་བྱེད་པ་ན། ང་མ་རྡུང༌། ང་ཁྱོད་ཀྱི་ཨ་ནེ་ཡིན་ཟེར། དེའི་དབང་གིས་ད་ལྟའི་བར་དུ་ངས་ཅུང་ཟད་ཀྱང་རྡུང་མ་མྱོང༌། ལོ་པས་ཞེས་པ་དེ་དུང་ངེའི་ཁྱོ་བོ་གཉིས་པ་དེ་རེད། ངས་ཐེངས་གཅིག་མ་གཏོགས་མཐོང་མ་མྱོང༌། ཕྱིས་སུ་ང་ཚོ་ར་རྒྱལ་དགོན་དུ་སྨོན་ལམ་མཇལ་བར་སོང་བ་ན། ལོ་པས་དང་འཕྲད། མཆོག་ལྡན་ངེད་གཉིས་ལོ་པས་སླེབས་འདུག་ཟེར་བ་ཐོས། ལོ་པས་སླེབས་འདུག་ཟེར་ཡང་མཐོང་རྒྱུ་མི་འདུག་ཅེས་སྨྲ་བའི་སྐབས་སུུ་ཐབས་མཁས་ཀྱིས་ལོ་པས་ཀྱི་ཕུ་ཐུང་ནས་འཇུས་ཏེ། ཨ་མ། ལོ་པས་འདི་རེད་ཅེས་ཟེར་ནས་ཁྲིད་དེ་འོང་གིན་འདུག འོན་ཀྱང་ངེད་གཉིས་ཀྱིས་ལོ་པས་ལ་འདི་དུང་ངེའི་རྣམ་ཤེས་རེད་འདུག་ཅེས་མ་བཤད། ལོ་པས་མགོ་ལ་ཤིང་སྡོང་གིས་བརྒྱབས་པས་དྲན་པ་ཆེར་མི་གསལ་བ་ཞིག་ཡིན་པས་བྱིས་པ་འདིའི་ང་ཤེས་དོན་ཅི་རེད་ཅེས་མི་་་འདྲིའོ། །ཐབས་མཁས་ཀྱིས་ནུ་མོ་ལྷ་རིས་ལ་ཁྱོད་ཀྱི་ཕྲུ་གུ་རྣམས་ཆུང་ཞིང་འཚོ་བའི་ཆ་རྐྱེན་ངན། ང་རང་གི་ཕྲུ་གུ་རྣམས་ཆེ་ཞིང་ཆ་རྐྱེན་མི་ཞན་པས་ངའི་སྟོད་གོས་འདི་ཁྱོད་ལ་བྱིན་ཟེར་ཏེ། རང་གི་རྒྱབ་ནས་ཕུད་དེ་ལྷ་རིས་ཀྱི་རྒྱབ་ཏུ་གཡོགས། ཡང་ཐེངས་ཅིག་ཨ་ཡའམ་སྒྲོན་མཚོ་དང་ང་ཚོའི་ཨ་ནེ་གཞན་ཞིག་ཡོད་པ་དེ་གཉིས་ཀྱིས་ཤིང་ཏོག་གཞོང་པ་གང་ཁྱེར་ཏེ་ངེད་ལ་འོང༌། བྱིས་པས་ཚེ་འདིར་དེ་སྔོན་མི་ཤེས་ཀྱང་དེ་ཉིན་མཐོང་བ་ཙམ་གྱིས་ངོ་ཤེས་ཏེ་བསུ་བར་རྒྱུག ཁྱིམ་དུ་འབྱོར་བ་ན། ཨ་ནེ་གཞན་པ་དེ་ལ་ངའི་འབྲི་ཞིག་ཁྱོད་ལ་བཅོལ་ཡོད་པ་དེ་ད་ཨེ་ཡོད་ཅེས་དང༌། ཡང་ངའི་རྟ་ཁམ་ཁམ་དེ་ད་ལྟ་ཨེ་ཡོད་ཅེས་འདྲི། ཨ་ནེ་གཉིས་ཀྱིས་དེ་ཐོས་མ་ཐག་ངུས་ཏེ། གཏམ་ཡང་བཤད་མི་ཐུབ། ཤིང་ཏོག་ཁྱེར་བའི་སྣོད་ཀྱང་ཕྱིར་ཁྱེར་རྒྱུ་བརྗེད་་་དེ། འགྲོ་བ་ན་མཆོག་ལྡན་ལ་ཁྱོད་ཀྱིས་བྱིས་པ་ཁྲིད་དེ་ཤོག འབྲི་དེ་ད་དུང་ཡོད་པས་བྱིས་པ་ལ་བྱིན་དགོས་ཟེར་ནས་སོང༌། ང་ཚོའི་སྡེ་བའི་རུ་དབྱར་ས་ནས་སྟོན་་་་སར་འབབ་པའི་ཚེ་ཚུལ་བཀྲ་ཚང་གི་རུ་འོང་བ་མ་མཐོང་བ་ན། ངའི་བུ་སྐྱ་ལོག་དེ་སྡེ་བའི་རུ་རྗེས་མ་ཆོད་པས་དབྱར་མཚེར་ནས་ལུས་སོང་འདུག་ཅེས་སེམས་ཁྲལ་ཤིན་ཏུ་ཆེན་པོ་བྱེད། ང་ཚོའི་རྒོད་མ་ཞིག་ལ་རྟེའུ་དཔྱི་ཐོག་ན་དཀར་ཐིག་ཡོད་པ་ཞིག་བཙས་པས་དེ་ཆེ་བར་གྱུར་པ་ན། ཞོན་ནས་སྔ་མའི་ཁྱོ་བོའི་ཕ་དེ་རྒས་འཁོགས་ཡིན་པས་དེ་ལ་བལྟ་བར་འགྲོ་དགོས་ཞེས་ཟེར། འོན་ཀྱང་རྟ་དེ་ཕྱིས་སུ་ནོར་གྱིས་བརྡུངས་ཏེ་ཤི དེ་རྗེས་ཡང་རྟེའུ་གཞན་ཞིག་བཙས་པ་དེ་ཆེ་བ་ན་ནི་ངེས་པར་དུ་དེ་ཞོན་ནས་ཁྱིམ་ལ་བལྟ་བར་འགྲོ་དགོས་ཟེར། ཕྱིས་རྟེའུ་དེའང་སྤྱང་ཀིས་བསད། དེ་ལྟར་རྟ་གཉིས་པོ་ཤི་བ་ནས་བཟུང་ཡི་ཆད་པ་ལྟ་བུར་གྱུར་ཏེ། སྔོན་གྱི་ལོ་རྒྱུས་རྣམས་ཆེར་མི་འཆད་པར་འདུག་ཅེས་ཟེར་རོ། །༈ དེ་ནས་ཐབས་མཁས་ཀྱི་ཕ་མཆོག་ལྡན་ལ་དྲིས། ཁོས་སྨྲས་པ། ང་འདི་ཚང་ལ་མག་པར་འོང་བ་ན། དུང་ངེ་ད་དུང་ཤི་མེད་ཀྱང་ཐག་རིང་པོ་ན་ཡོད་པས་ངས་མ་མཐོང༌། ཕྱིས་སུ་བྱིས་པ་འདི་བཙས་པ་ན། ང་མི་ཆ་མེད་ཅིག་ཏུ་བཟུང་ནས་དགའ་་་དགའ་ཡེ་མི་བྱེད། ངའི་རུམ་ནས་ཞག་གཅིག་ཀྱང་མི་ཉལ། ངས་པང་དུ་བཟུང་བ་ན་ཅུང་ཟད་ཀྱང་སྡོད་མི་འདོད་དེ་ངུ་ཞིང་མའི་སར་ཤོར་ནས་འགྲོ ང་ལ་ཕའི་འདུ་ཤེས་ཅུང་ཟད་ཀྱང་མི་འདུག དེ་ཡན་ཆད་དུ་བྱིས་པ་གཉིས་ཡོད་ཀྱང་དེ་གཉིས་དེ་འདྲ་ཞིག་རྩ་བ་ནས་མིན། བྱིས་པ་ཆུང་ངུའི་དུས་མས་རྡུང་གྲབས་བྱེད་པ་ན། ང་ཁྱོད་ཀྱི་ཨ་ནེ་ཡིན་ཞེས་པ་དང༌། རྟ་ཁམ་པ་ཞིག་ཡོད་པ་གྱོས་པོ་ལ་བྱིན་ཡོད་ཟེར་བ་དང༌། ལྷ་རིས་ལ་སྟོད་གོས་ཕུད་དེ་བྱིན་པ་དང༌། སྒྲོན་མཚོ་དང་དེའི་ནུས་མོ་གཉིས་ངེད་་ལ་འོང་བ་ན་སྔར་འབྲི་ཞིག་བཅོལ་པ་དེ་ཡོད་དམ་ཞེས་ཟེར་བ་སོགས་ནི་ངས་ཀྱང་གསལ་བར་གཽ་སྟེ་དེ་ཁོ་ན་ལྟར་ཡིན་ཞེས་ཟེར་རོ། །༈ དེ་ནས་དུང་ངེ་དང་ཁྱོ་བོ་སྔ་མ་གཉིས་ཀྱྀ་བུ་ཚུལ་ཁྲིམས་བཀྲ་ཤིས་ལ་དྲིས་པས་ཁོས་སྨྲས་པ། ང་རང་གིས་ཡང་ཡང་བརྟགས་པས་ཐབས་མཁས་ཞེས་པ་འདི་ངའི་ཨ་མའི་རྣམ་ཤེས་ཡིན་ཐག་ཆོད་རེད་སྙམ་ནས་ཡོད། དེའི་རྒྱུ་མཚན་གང་ཞེ་ན། ཐོག་མར་ངའི་ཨ་ནེ་ལྷ་རིས་དང་སྒྲོན་མཚོ་གཉིས་མཆོག་ལྡན་ཚང་ལ་སོང་བའི་ཚེ་སྔར་འབྲི་ཞིག་བཅོལ་ཡོད་ཚུལ་དང་རྟ་ཁམ་པ་ཞིག་ཡོད་ཚུལ་སོགས་ཇི་མ་ཇི་བཞིན་དུ་བཤད་ཡོད་འདུག དེ་རྗེས་ཨ་ནེ་ལྷ་རིས་ཀྱིས་ང་ལ་བྱིས་པ་དེ་ཁྱོད་ཀྱི་མའི་རྣམ་ཤེས་རེད་འདུག་ཅེས་ཟེར། ང་སོང་སྟེ་བྱིས་པ་ལ་ཁྱོད་ཀྱིས་ང་ཨེ་ཤེས་ཞེས་དྲིས་པས་ཁྱོད་མི་ཤེས་ཟེར། འོ་ན་ཁྱོད་ཀྱིས་ཚུལ་ཁྲིམས་བཀྲ་ཤིས་ཨེ་ཤིས་ཞེས་དྲིས་པས། དེ་ཤེས་ཏེ་ངའི་བུ་རེད། གྲྭ་པ་ཞིག་ཡིན་ཟེར། ང་ལོ་བཅུ་བཞིའི་ཐོག་གྲྭ་པ་བྱས། ལོ་བཅུ་དྲུག་བཅུ་བདུན་ཙམ་ན་སླར་ཁྱིམ་པར་བབས། ལོ་བཅོ་ལྔ་ཙམ་གྱི་དུས་སུ་ངའི་མ་ཤི་སོང་བ་རེད། སྐབས་དེར་བྱིས་པ་ཆུང་ངུ་ཐག་པས་ཕུར་བ་ལ་བཏགས་ནས་འདུག དེར་ཁོ་ལ་དྲིས་ཏེ། ཁྱོད་ངའི་མ་ཡིན་ན། ཁྱོད་ལ་བུ་བུ་མོ་གཞན་པ་དུ་ཡོད་ཅེས་སྨྲས་པས། མཛུབ་མོ་ལ་བགྲངས་ཏེ། ལྔ་དྲུག་ཞིག་བརྩིས་སོང༌། ངའི་མ་ལ་ང་མ་བརྩིས་པའི་བུ་བུ་མོ་དྲུག་ཡོད། དེ་རྗེས་ཐེངས་ཅིག་ངའི་ཤ་ཉེ་སྟག་ལྷ་ནོར་བུ་ཞེས་པ་དེ་ངེད་ཚང་ལ་བྱུང༌། ངས་ཁོ་ལ་བྱིས་པ་དེ་ང་ཚོའི་མ་ཡིན་འདུག ངེད་གཉིས་བལྟ་བར་འགྲོ་ཞེས་སྨྲས་ཏེ་སོང༌། དེ་ཉིན་ངེད་གཉིས་ལ་སྐོར་བ་བྱེད་ཅིང་འདུག་པ་ལས་ཅིང་མི་སྨྲ། དེ་རྗེས་ཉིན་ཞིག་ངས་ཁོ་ལ་སྔ་ཉིན་ངས་ཁྲིད་དེ་འོང་བ་དེ་སུ་རེད་ཁྱོད་ཀྱིས་ཨེ་ཤེས་ཞེས་དྲིས་པས། དེ་སྟག་ལྷ་ནོར་བུ་རེད། འོན་ཀྱང་ང་ལ་ཁ་གྲག་མ་སོང་ཞེས་ཟེར། ཤ་ཉེ་དེ་ཐག་རིང་ན་ཡོད་པས་དེའི་མིང་བྱིས་པ་དེས་ཚེ་འདིར་ཤེས་དོན་མེད། འོ་ན་ཁྱོད་ཀྱི་ཁྱིམ་ན་རྟ་ཟོག་ཇི་འདྲ་ཡོད་དྲིས་པས། རྟ་ཁམ་པ་ཞིག་ཡོད་ཟེར། རྟ་དེ་ངའི་མ་རྒན་ཤི་བའི་ཕྱི་ལོ་དེར་ཤི་སོང་འདུག དེ་བྱིས་པ་དེས་ཤེས་དོན་གཏན་ནས་མེད། དེ་རྗེས་སྐབས་ཤིག་ཁྱོད་ངའི་བུ་རེད་ཅེས་ཟེར། ང་ལ་ལྷག་པར་དུ་དགའ། ང་གནས་སྐབས་རེར་དེ་ཚང་ལ་མ་སོང་ན། ཁྱོད་ངའི་དྲུང་དུ་མི་འོང་བར་གང་དུ་སོང༌། ཅི་ཞིག་བྱས་ནས་བསྡད་པ་ཡིན་ཞེས་ཟེར། འོན་ཀྱང་དེང་སང་གཏམ་དེ་དག་མི་འཆད་པར་འདུག་ཅེས་ཟེར་རོ། །དེ་ནས་དུང་ངེའི་ནུ་མོ་ལྷ་རིས་ལ་དྲིས་པས་དེས་སྨྲས་པ། ངའི་ཨ་ཅེ་དེ་ཡོས་ལོ་པ་ཡིན། རང་ལོའི་ཐོག་ནས་ནད་མགོ་བཟུང་ནས་འབྲུག་གི་ལོར་ཤི་སོང༌།དེའི་སྔོན་ནས་ཚེ་ལ་བར་ཆད་ཆེ་བས་མ་གཟབ་ན་ཟློག་མི་ཐུབ་ཅེས་བླ་མ་རྣམས་ཀྱིས་གསུངས་ཡོད། འཆི་བ་ན་ང་དང་ངོ་ཞིག་ཨེ་འཕྲད་ཅེས་རེ་བ་ཆེན་པོ་བྱས། འོན་ཀྱང་ངོ་མ་ཐུག་པར་ཤི་སོང༌། དེ་ཤི་བ་ནས་བཟུང་རྟག་པར་རྨི་ལམ་དུ་རྨིས་ནས་འོང༌། ང་ཚོ་ལ་ཞེན་ནས་ཡོད་པ་ཨེ་ཡིན་སྙམ་སྟེ། ཨ་ལགས་པདྨ་གཏུམ་པོ་ལ་དྲིས། དེ་ཡང་ཉེ་གནས་ཤིག་ལ་ནན་འདྲི་དཔེ་མེད་ཅིག་བྱེད་དུ་བཅུག་པ་ཡིན། ཁོང་གིས་ད་ལྟ་མི་ལུས་ལོན་མི་འདུག་ཀྱང་དགེ་འདུན་པའི་འདུ་ཁང་གི་ཀ་རིང་ཞིག་གི་སྦྱིན་བདག་བྱས་ན་མི་ལུས་གཙང་མ་ཞིག་འཐོབ། དེ་ཡང་ཉེ་འབྲེལ་ཅིག་ཏུ་སྐྱེ་བར་འགྱུར་ཞེས་གསུངས། ཀ་རིང་ཞིག་ལ་ཤོག་སྒོར་སྟོང་གཅིག་དགོས་པས་དེའི་་་སྦྱིན་བདག་བྱས་པ་ཡིན། དེ་རྗེས་བྱིས་པ་འདི་བཙས་པ་ན་ཁོ་དུང་ངེའི་རྣམ་ཤེས་ཡིན་ཟེར་བར་འདུག ང་ཆེས་ཐོག་མར་ངོ་ཐུག་པ་ན། ངའི་ནུ་མོ་ཐོན་བྱུང་ཟེར་ནས་ཤིན་ཏུ་དགའ། ང་རླངས་འཁོར་ལ་ཞུགས་ཏེ། ར་རྒྱལ་དགོན་པའི་མདུན་གྱི་ནགས་ལམ་དེ་ནས་ཡར་འོང༌། ང་ཚོའི་མིང་པོ་ཆུང་བ་བརྩོན་འགྲུས་ཚང་ལ་སོང་ཡང་མི་ཐམས་ཅད་ངོ་ནག་རོག་གེ་འདུག་སྟེ། ཁ་ལན་མི་བྱེད་པས་གཞན་དུ་འགྲོ་ས་མ་རྙེད་དེ། མཆོག་ལྡན་ཚང་ལ་འོང་བ་ཡིན་ཟེར། རང་གི་སྟོད་གོས་ཆུང་ངུ་དེ་ཕུད་ནས་ངའི་རྒྱབ་ཏུ་གཡོགས་ནས། འདི་ཁྱོད་ལ་སྦྱིན། ཁྱོད་ལ་ཕྲུ་གུ་མང༌། ཁྱོད་ལས་ང་ཆ་རྐྱེན་བཟང་ཟེར། ཁོ་རང་གི་ཕོར་བ་དང་ལྷམ་རྣམས་ཀྱང་ཁྱེར་འོང་ནས་ང་ལ་སྟེར། སྐྱེ་བ་སྔ་མའི་དུས་སུའང་ཕྱིར་ཁྱིམ་དུ་འོང་བ་ན། ང་ལ་ཁྱོད་ཆ་རྐྱེན་མེད། བཟའ་ཉོག་མང༌། ཁྱོ་བོ་ཡང་རྡུང་རྡེག་བྱེད་མཁན་ཞིག་རེད་འདུག་ཟེར་ནས་རྒྱུན་དུ་ཅ་ལག་རེ་སྦྱིན་རྒྱུ་ཨེ་རྙེད་བལྟ་ཞིང་ཕར་འགྲོ་བ་ན་ངུ་བཞིན་དུ་འགྲོ་མཁན་ཞིག་ཡིན་ཏེ། ད་ལྟའི་བྱིས་པ་དེས་ཀྱང་དེ་ཁོ་ན་ལྟར་དུ་ཟེར་བར་འདུག ང་ཡིད་སྐྱོ་སྟེ་མང་དུ་ངུས། ཁྱོད་ངའི་ནུ་མོ་དེ་ཡིན་ཚོད་འདུག ཁྱོད་ལ་བུ་བུ་མོ་དུ་ཡོད་ཅེས་འདྲིས་པས། ཅི་བཞིན་དུ་བཤད་སོང༌། ང་མཆོག་ལྡན་ཚང་ནས་ཞག་གཅིག་ལས་མ་བསྡད། ཕྱིར་ནངས་ང་འགྲོ་བ་ན། བྱིས་པས་ང་ཁྱེད་ཚང་ལ་འགྲོ་དགོས་ཟེར་ནས་ང་མི་གཏོང༌། ང་སེམས་སྡུག་སྟེ་ངུ་བཞིན་དུ་ཕྱིར་ལོག་པ་ཡིན། སྤྱིར་ང་ཚོ་ལ་སྤུན་དགུ་ཡོད། མིང་པོ་གསུམ་ཡོད། ཨ་ཅེ་གཅིག་ན་ཉིན་ལོ་འདྲུད་འཐེན་འཁོར་ལོ་ལྷུང་སྟེ་ཤི ད་ང་ཚོ་སྤུན་དགུ་ལས་ལྔ་ཙམ་ལས་ལྷག་མི་འདུག གཞན་ཐམས་ཅད་ཤི་ཚར། ང་ནི་ལས་ངན་ཞིག་རེད། ཤི་རྒྱུའང་མི་འདུག འཁོར་བ་འདི་ལ་ཆགས་ནས་ཆོས་ཀྱང་མི་འགྲུབ་པར་འདུག འཁོར་བ་འདི་ལ་ཞེ་རེ་སུན། ཐབས་མཁས་ཀྱི་སྐད་ཆ་དེ་རྣམས་ཐོས་པ་ནས་བཟུང་སྟེ། ཨ་ཅེ་དེ་ཡིན་ཐག་ཆོད་པས་མིག་ཆུ་སྐམ་ནས་ཡོད་ཅེས་ཟེར། གཏམ་འདི་རྣམས་གདོང་མཆི་མས་ཁེབས་ཤིང་ངུ་ངག་གིས་ངེད་ལ་བཤད་དོ། །དེ་ནས་དུང་མོ་མཚོའི་ཨ་ཅེ་སྒྲོན་མཚོ་ལ་དྲིས་པས་དེས་སྨྲས་པ། ང་ཚོའི་ནུ་མོ་དེ་བོད་ཟླ་བཞི་པའི་ཚེས་བཅོ་ལྔ་ལ་ཤི་བ་རེད། དེ་རྗེས་ཐབས་མཁས་ཀྱིས་ང་དུང་ངེ་་་ཡིན། ཁྱོད་ཀྱིས་ང་ཨེ་ཤེས་ཟེར། ཐེངས་ཅིག་ང་དང་ངའི་ནུ་མོ་ན་ཉིན་ལོར་འདྲུད་འཁོར་གྱིས་བསད་པའི་དུང་ངེའི་ཨ་ཅེ་ཡིན་པ་དེ་གཉིས་མཆོག་ལྡན་ཚང་ལ་སོང༌། བྱིས་པ་རྒྱུགས་འོང་སྟེ། ནུ་མོ་དེ་ཉིན་མ་གཏོགས་བྱིས་པས་གཏན་ནས་མཐོང་མ་མྱོང༌། འོན་ཀྱང་དེའི་ཕུ་ཐུང་ལ་འཇུས་ཏེ་ངེད་གཉིས་བསུས་ནས་སོང༌། ཁྱོད་ད་བར་དུ་མི་འོང་བ་ཅི་ཡིན། ངས་ཁྱོད་མེད་པ་ཡིན་ནམ་བསམས་ཟེར། དེ་ཚང་གིས་ལྕགས་ཐབ་ཅིག་གི་ནང་དུ་འཇུམ་པ་སྦྱར་གྱིན་འདུག བྱིས་པས་ངའི་ནུ་མོ་དེ་ལ། ངས་ཁྱོད་ལ་འབྲི་ཞིག་བཅོལ་ཡོད་པ་དེ་ད་ལྟ་ཨེ་ཡོད་ཅེས་དང༌། ངའི་རྟ་ཁམ་པ་དེ་་་ད་ཨེ་ཡོད་ཅེས་ཟེར། ནུ་མོས། ད་ལྟ་ཡོད། ཁྱོད་ལེན་དུ་ཤོག་དང་སྟེར་ཟེར། དུང་ངེ་མ་སྟེང་སྡེ་བ་ཞེས་པའི་ཞིང་ལས་པའི་ནང་དུ་བག་མར་སོང༌། ངའི་ནུ་མོ་དེ་ཐེབ་བཤེས་ཞེས་པའི་འབྲོག་པའི་ནང་དུ་ཡོད་པས་འབྲི་དེ་ལ་བཅོལ་བ་རེད། རྟ་ཁམ་པ་དེ་ང་ཚོའི་ཨ་མས་དུང་ངེ་བག་མར་འགྲོ་བ་ན་སྐལ་བར་བྱིན་པ་རེད། ད་ལྟའང་བྱིས་པ་འདི་ངའི་ནུ་མོ་ཡིན་བསམས་ཏེ་ཡོད། ཀ་ར་དང་ཤིང་ཏོག་ཅུང་ཟད་རྙེད་ཚེ་ངས་ཁྱེར་ཏེ་ཁོ་ལ་བྱིན་པ་ཡིན། ཁོས་ཀྱང་ཤ་སོགས་ཟས་བཟང་པོ་ཅུང་ཟད་རེ་ཡོད་ཚེ་ང་ལ་ཁྱེར་ནས་འོང༌། ད་ལོ་ངེད་རྣམས་ར་རྒྱལ་དགོན་དུ་ལྔ་མཆོད་མཇལ་དུ་སོང༌། ཐབས་མཁས་ལ་དེ་ཚང་གི་སྒོར་མོ་ལྔ་བྱིན་འདུག དེ་ལས་སྒོར་གཅིག་དང་་་སྟོང་ལྔ་ལུས་ནས་འདུག་པས། དེ་ང་ལ་བྱིན་ནས། ཁྱོད་ལ་སྒོར་མོ་མི་འདུག འདིས་བུ་རམ་ཞིག་ཉོས་ཏེ། སྐོར་བ་བྱེད་དུ་འགྲོ་བ་ན་ཟོས་ཟེར། ཞེས་ཟེར་རོ། །རྒན་མོ་ལོ་དྲུག་ཅུ་ལྷག་ཏུ་སོན་པ་དེ་མིག་ནས་མཆི་མ་ཤར་ཤར་དུ་འོང་བཞིན་བདག་ལ་སྐད་ཆ་དེ་དག་བཤད་དོ། །དེ་ནས་ཤེས་རབ་ཐབས་མཁས་རང་ལ་དྲིས་པས་ཁོས་སྨྲས་པ། ངས་སྔོན་སྐྱེ་བ་སྔ་མ་དྲན་ཡང་ཕྱིས་སུ་བྱིས་པ་རྣམས་དང་མཉམ་དུ་རྩེད་མོ་བརྩེས་ནས་བསྡད་པས་བརྗེད་སོང༌། ད་ལྟ་སྐབས་སྐབས་སུ་སྐྱེ་བ་སྔ་མའི་དུས་སུ་ར་མ་འགའ་རེ་ཡོད་པ་དང༌། རྟ་ཁམ་པ་རྐང་པ་དཀར་པོ་ཅན་ཞིག་ཡོད་པ་དག་ཅུང་ཟད་རེ་དྲན། དེ་ལས་གཞན་པ་རྣམས་མི་དྲན་པར་འདུག་ཅེས་ཟེར་རོ། །ཁྱོད་ཚུལ་བཀྲའི་ཨ་མ་ཨེ་རེད་ཅེས་དྲིས་པ་ན། ངོ་ཚ་བ་ལྟར་བྱེད་འདུག་པས་དྲན་ཡང་ཞིབ་པར་མི་འཆད་པ་ཡིན་ཡང་སྲིད། ནར་སོན་པས་མི་དྲན་པ་ཡིན་ཡང་སྲིད་དེ། གང་ལྟར་ཡང་མི་དྲན་བཞིན་དུ་དྲན་ཞེས་སྒྲོ་འདོགས་མི་བྱེད་པས་བདེན་པའི་རང་བཞིན་མཚོན་པ་ཉིད་དོ། ། གཉིས་པ་རྒྱ་སྤྲེལ་གྱི་བྱུང་བ།ཡང་སྐྱེ་བ་སྔ་མ་དྲན་པ་གཞན་གཅིག་ནི། སྤྲེལ་ལོ་ཞེས་པའི་བྱིས་པ་དེ་རེད། འདི་ཡང་ར་རྒྱལ་གྲོང་བརྡལ་སི་རིག་ཆེན་སྡེ་བ་དེ་ག་ནས་རེད། རྟ་བོར་ནས་སྤྱི་ལེ་དྲུག་ཅུ་ཙམ་གྱིས་ཆོད་པའི་འབྲོག་ཐོག་ན་འདུག འདི་སྤྲེལ་གྱི་ལོ་ལ་སྐྱེས་པ་ཡིན་པས་མིང་ལའང་སྤྲེལ་ལོ་ཞེས་བཏགས། འོན་ཀྱང་རྒྱ་ཞིག་གི་ཡང་སྲིད་ཡིན་པས་ད་ལྟ་ཀུན་གྱིས་རྒྱ་སྤྲེལ་ཞེས་འབོད། ད་ལོ་ལོ་བཅུ་གཉིས་རེད་འདུག དེ་ཡང་སྤྲེལ་ལོའི་ཁྱིམ་ཡོད་ས་དེ་ནས་སྤྱི་ལེ་ཕྱེད་ཙམ་གྱི་མཚམས་སུ་ལམ་ལས་པ་འགའ་ཞིག་འདུག དེའི་ནང་ན་ལམ་ལས་བཟོ་པ་ལིས་ཙོང་ཁྲིན་(李宗春)ཞེས་པ་ཞིག་ཡོད། དེ་ཁྱིམ་ཚང་འདི་དག་གི་བཟའ་མི་རྣམས་དང་ངོ་ཤེས་ཡིན་པས་འདི་དག་་་་གི་སར་རྒྱུན་དུ་འོང༌། དབྱིག་གཉེན་ཞེས་པའི་སྨན་པ་ཞིག་ཡོད། དེས་ལིས་ཙོང་ཁྲིན་ལ་ཁྱོད་ཕ་ཡུལ་དུ་འགྲོ་ཁར་ངེད་ཚང་ལ་ཤོག་དང་ངས་ཁྱོད་ལ་མར་ཞིག་སྦྱིན། ཁྱོད་ཀྱིས་ཕ་ཡུལ་དུ་ཁྱེར་ཏེ་སོང་ཞེས་སྨྲས། ཕྱིས་སུ་རྒྱ་དེ་ལམ་ལས་པའི་དགུན་དུས་ངལ་གསོའི་སྐབས་སུ་ཕ་ཡུལ་དུ་ལོག་རྒྱུའི་གྲ་སྒྲིག་བྱས་ཏེ། ཕར་བུ་ལོན་དགོས་པ་རྣམས་ཕར་བྱིན། ཚུར་དགོས་པ་རྣམས་ཚུར་བླངས། གོས་གསར་བ་ཆ་གཅིག་ཡོད་པ་གྱོན་ནས་ལམ་ལས་པ་རང་ལ་འདྲུད་འཐེན་འཁོར་ལོ་མདོག་དམར་པོ་ཅན་ཞིག་ཡོད་པ་དེར་བསྡད་དེ་མགོ་ལོག་རྟ་བོར་ལ་སོང༌། ཕྱིར་འོང་བའི་ལམ་་་དུ་ཡང་འེ་ཁའམ་ས་ནག་ལ་ཁ་ཞེས་པའི་རི་སུལ་ནས་འདྲུད་འཁོར་གཡང་དུ་ལྷུང་ནས་ཤིའོ། །དེ་ནས་ལོ་གཅིག་ཙམ་གྱི་རྗེས་སུ་ཕ་དབྱིག་གཉེན་དང་མ་ཀྱི་ལོ་གཉིས་ལ་བྱིས་པ་ཞིག་བཙས་པ་ལ་མིང་སྤྲེལ་ལོ་ཞེས་བཏགས། དེ་གཏམ་ཅུང་ཟད་སྨྲ་ཤེས་པ་ནས་བཟུང་ང་རྒྱ་དེ་ག་ཡིན་ཟེར། རྒྱ་དེ་ཤི་ཚུལ་དང་དབྱིག་གཉེན་གྱིས་མར་སྦྱིན་ཆད་བྱས་ཡོད་པ་དང༌། གཞན་གྱིས་དེ་ལ་བུ་ལོན་དགོས་པ་དང་ཕ་ཡུལ་གང་ཡིན་་་་་་་་་་་སོགས་ཕྲ་ཞིབ་ཀྱི་ལོ་རྒྱུས་འཁྲུལ་མེད་མང་པོ་དུས་རྒྱུན་དུ་སྨྲ། དབྱིག་གཉེན་གྱིས་ང་ལ་མར་ཞིག་སྟེར་ཆད་བྱས་ཡོད་པས་དེ་བླང་བའི་ཕྱིར་དུ་ང་འདིར་འོང་བ་ཡིན་་་་་་་་སོགས་ཟེར། སྔར་གྱི་ལམ་ལས་པའི་འདྲུད་འཁོར་དེ་མཐོང་བ་ན་སྲོག་གཅོད་ཀྱི་གཤེད་མ་བཞིན་དུ་སྐྲག་པ་ཞིག་ཡིན་ནོ། །ད་ལམ་ལོ་རྒྱུས་དེ་དག་དངོས་སུ་མཐོང་བའི་མི་འགའ་ཞིག་ལ་བཅར་འདྲི་བྱས་པ་ཡིན། དེ་རྣམས་ལས་ཐོག་བར་བླ་མ་ཞེས་པ་ལོ་སུམ་ཅུ་ལྷག་ཏུ་སོན་པའི་སྐྱེས་པ་ཞིག་སྟེ། ཁོ་རྒྱ་སྤྲེལ་ཀྱི་སྐྱེ་བ་སྔ་ཕྱི་གཉིས་ཀ་ལ་ཆ་རྒྱུས་ཤིན་ཏུ་ཆེ་བས་དེ་ལ་དྲིས་པས་ཁོས་སྨྲས་པ། སྤྲེལ་ལོའི་སྐྱེ་བ་སྔ་མ་དེ་ལམ་ལས་པའི་རྒྱ་ཞིག་རེད། རྒྱ་དེའི་མིང་ལ་ལིས་ཙོང་ཁྲིན་ཟེར། སྐབས་དེར་ཁྱོན་ལམ་ལས་པ་མི་བཅུ་གཉིས་བཅུ་གསུམ་ཞིག་ཡོད། དེ་རྣམས་ཕལ་ཆེར་རྒྱ་ཟླ་བཅུ་པའི་ཚེས་ཉི་ཤུ་ཙམ་ནས་ལས་མཚམས་བཞག་སྟེ་སོ་སོའི་ཁྱིམ་དུ་འགྲོ རྒྱ་དེ་ངེད་གཉིས་ངོ་ཤེས་ཡིན། ངེད་ཚང་ལ་རྟག་པར་འོང༌། ཁོས་ང་ལ་ཁ་བརྡ་བྱས་ཏེ། ངའི་ལས་ཀ་འདི་ལུས་ཀྱི་ཚེགས་ཕུད་་་་དགོས་པའི་ལས་ཀ་རེད། ད་ང་ལོ་ལོན་པས་ལས་ཀ་མི་ཐུབ་པར་འདུག ལས་གནས་ལས་ངལ་གསོ་བའི་རེ་ཞུ་བྱ་རྒྱུ་ཡིན་ཟེར། ཆོག་མཆན་ཐོབ་བམ་མ་ཐོབ་ངས་མ་ཤེས། དེ་སྐབས་རྒྱ་དེས་གཞན་ལ་ཕར་དགོས་པའི་བུ་ལོན་རྣམས་ཕར་བྱིན། ཚུར་བླང་དགོས་པའི་བུ་ལོན་རྣམས་ཚུར་བླངས་ནས་ཕ་ཡུལ་དུ་འགྲོ་གྲབས་བྱས། དེ་ཉིན་གོས་གསར་བ་ཆ་གཅིག་ཡོད་པ་གྱོན་ནས་ལམ་ལས་པ་ལ་འདྲུད་འཁོར་དམར་པོ་ཞིག་ཡོད་པ་དེའི་ནང་ནས་རྟ་བོར་ལ་རྡོ་སོལ་དང་འཕྲུལ་སྣུམ་ཞིག་ལེན་དུ་སོང༌། ཕྱིར་འོང་བའི་ལམ་བར་ནས་ཡང་འེ་ཁ་ནས་འདྲུད་འཁོར་གཡང་དུ་ལྷུང༌། དེའི་ནང་ན་བུད་མེད་གཉིས་དང་སྐྱེས་པ་བཞི་སྟེ་ཁྱོན་མི་དྲུག་ཡོད། བཞི་གསོན་པོ་དང་གཉིས་ཤི་བར་གྱུར། ཁ་ལོ་པ་ལ་ཤའོ་ཧན་(小韩)ཟེར། ད་ལྟའང་རྟ་བོར་ན་ཡོད། ཤི་བ་གཉིས་ལས་ཅིག་ཤོས་ལ་ཧྲི་ཅན་ཕིན་(石建平)ཟེར། ཕ་ཡུལ་ཧུ་ནན་ཞིང་ཆེན་ནས་(河南)རེད། དེ་སྨན་ཁང་དུ་སོང་ནས་ཉིན་གསུམ་ཙམ་གྱི་རྗེས་སུ་ཤི ཅིག་ཤོས་ལིས་ཙོང་ཁྲིན་ཡིན་ཏེ། སྣུམ་བླུགས་པའི་ལྕགས་མདོང་མགོ་ལ་ཕོག་སྟེ་འཕྲལ་དུ་ཤི དེ་རྗེས་བྱིས་པ་སྤྲེལ་ལོ་བཙས་པ་ན། ཁོ་རྒྱ་དེ་་་ཡིན་ཟེར། རྒྱ་དེ་དང་ང་ཚོ་ངོ་ཤེས་ཡིན་པས་རྒྱུན་དུ་ངེད་ཚང་ལ་འོང༌། བྱིས་པ་འདིའང་ནངས་མོ་ནས་ངེད་ཚང་སར་འོང་སྟེ་འདུག དགུང་མོ་ཕ་མ་དག་འོང་ནས་བརྡུངས་ཏེ་ཁྲིད་མ་སོང་གི་བར་དུ་མི་འགྲོ ཆེས་ཐོག་མར་ང་ཚོས་ལུག་གི་མགོ་སུག་ཅིག་བཙོས་པས་བཟར་བཅུག་པ་ན། ང་རྒྱ་ཡིན་པས་ལུག་སུག་མི་བཟའ་ཟེར། འོ་ན་ཁྱོད་རྒྱ་ཇི་ལྟར་ཡིན་ཞེས་དྲིས་པས། ཉེ་འགྲམ་ན་ཡོད་པའི་ལམ་ལས་པའི་ནང་གི་རྒྱ་ཡིན། ས་ནག་ལ་ཁ་ནས་འདྲུད་འཁོར་གཡང་དུ་ལྷུང་བ་ན་སྣུམ་གྱི་ལྕགས་མདོང་ལྷུང་ནས་མགོ་ལ་ཕོག་པས་ཟུག་གཟེར་གྱི་ངང་ནས་གཉིད་སོང་ཟེར། འོ་ན་འདིར་ཅི་བྱེད་དུ་འོང་བ་ཡིན་ཞེས་དྲིས་པས། དབྱིག་གཉེན་གྱིས་ང་ལ་མར་ཞིག་སྦྱིན་རྒྱུ་བྱས་ཡོད་པས་དེ་ལེན་དུ་འོང་བ་ཡིན་ཟེར། དབྱིག་གཉེན་ཞེས་པ་ངའི་ཨ་ཁུ་རེད། ངས་བྱིས་པའི་གཏམ་དེ་ཨེ་བདེན་སྙམ་སྟེ། ཨ་ཁུ་ལ་ཁྱོད་ཀྱིས་རྒྱ་དེ་ལ་མར་་་་་་ཞིག་སྟེར་ཆད་བྱས་ཨེ་མྱོང་ཞེས་དྲིས་པས། ཨ་ཁུས་ངས་རྒྱ་དེ་ལ་ཁྱོད་ཕ་ཡུལ་འགྲོ་ཁར་ཤོག་དང་མར་ཞིག་སྟེར་ཞེས་བཤད་མྱོང༌། འོན་ཀྱང་དེ་ཤི་བས་མར་སྟེར་རྒྱུ་མ་བྱུང༌། སྙིང་རེ་རྗེ་མར་དེ་ལ་ཆགས་ནས་འདིར་སྐྱེས་པ་ཡིན་འདུག་ཟེར། ངའི་ཨ་ཁུ་ད་ལྟ་ཤི་ཟིན་པས་མི་ཤི་བོ་ལ་ལྷང་འདེབས་མི་རུང༌། དེ་ལྟར་སྨྲས་ངེས་ཅན་ཡིན་ཟེར། ད་དུང་ལམ་ལས་སར་ང་རང་གི་ལྷམ་དང་རྐང་ཤུབས་བཀྲུས་ཏེ་ཉི་མར་བསྐམས་ཡོད་པས་དེ་ལེན་དུ་འགྲོ་དགོས་ཟེར། ཡང་བསོད་ནམས་ཞེས་པ་དེ་ལ་ལུས་རྩལ་པའི་སྟོད་གོས་དང་དོར་མ་ཆ་གཅིག་བཙོང་ཡོད་ཀྱང་ང་ལ་རིན་མ་བྱིན་པས་དེ་ལེན་དུ་འགྲོ་དགོས་ཟེར། གོས་དེ་ཆེ་དྲགས་ནས་བསོད་ནམས་ལ་བཙོང་པ་རེད། བསོད་ནམས་ཀྱིས་གོས་དེ་གྱོན་ནས་འགྲོ་བ་ངས་ཀྱང་དངོས་སུ་མཐོང་་་་་མྱོང༌། དེར་མ་ཟད་ང་ཚོ་འདི་ན་ཡོད་པའི་ཁྱིམ་ཚང་དྲུག་བདུན་པོ་ཀུན་གྱིས་ཤེས། གོས་མདོག་སྔོན་པོ་ཅན་ཞིག་རེད། སྒོར་མོ་བཞི་བཅུ་ལྷག་ཅིག་སྦྱིན་རྒྱུ་བྱས་འདུག དེའི་རིན་མ་བྱིན་གོང་ནས་རྒྱ་དེ་ཤི་སོང་བ་རེད། བསོད་ནམས་ཞེས་་་པ་དེའི་ཕ་ཡུལ་དར་ལག་རྗོང་རེད། འདིར་མག་པར་བསྡད་པ་ཡིན། ད་ལྟ་ཤི་ཚར། དེའི་ཤ་ཉེ་ཆེ་བ་དེ་ད་ལྟ་རྟ་བོར་ན་ཡོད། མགོ་ལོག་ཁུལ་རྩྭ་འབྲུ་བཟོ་གྲྭའི་ལས་བྱེད་པ་ཡིན། སྤྲེལ་ལོས་ལམ་ལས་པའི་འདྲུད་འཐེན་དམར་པོ་དེ་མཐོང་བ་ན་སྐྲགས་ཏེ་བརྒྱལ་ལ་ཁད་པ་ལྟ་བུར་འགྲོ་སྟེ། ཁ་ལ་མི་ཉན་པ་ན། ཁྱོད་ལེགས་པར་མི་འདུག་ན་ལམ་ལས་པའི་འདྲུད་འཁོར་གྱི་ནང་དུ་འཇོག་རྒྱུ་ཡིན་ཞེས་སྨྲས་པ་ན། འདུག་ས་ནས་གཏན་ནས་ཡར་ལང་མི་ཕོད་ཅེས་ཟེར་རོ། །དེ་ནས་བློ་བཟང་རྣམ་རྒྱལ་ཞེས་པ་ལོ་ལྔ་བཅུ་ལྷག་ཏུ་སོན་པའི་སྐྱེས་པ་ལས་གནས་ལས་ངལ་བསོས་པའི་ལས་བྱེད་པ་ཞིག་སྟེ། འདི་ལའང་རྒྱ་སྤྲེལ་གྱི་ཚེ་སྔ་ཕྱི་གཉིས་ཆར་ལ་རྒྱུས་མངའ་ཆེ་བས་དེ་ལ་དྲིས་པས་ཁོས་སྨྲས་པ། དབྱིག་གཉེན་ངའི་ཤ་ཉེ་ཆེ་བ་ཡིན། ང་མགོ་ལོག་ཁུལ་རྩྭ་འབྲུ་བཟོ་གྲྭ་ནས་ཡིན། ཤ་ཉེ་ཚང་ལ་འོང་ནས་སྡོད་པ་ན། མནའ་མ་དེས་བྱིས་པ་འདི་རྒྱ་ཞིག་གི་རྣམ་ཤེས་རེད་ཟེར། ངས་བྱིས་པ་ལ་ལོ་རྒྱུས་དྲིས་པས། ཁོ་ལམ་ལས་ཀྱི་རྒྱ་ཡིན། ཡང་འེ་ཁ་ནས་འདྲུད་འཁོར་ལྷུང་བ་ན་ངའི་མགོ་ལ་ལྕགས་མདོང་གིས་བརྒྱབས་པས་ང་ཐབ་བེ་ཐིབ་བེ་ཞིག་རེད་སོང་ཟེར། འོ་ན་ཁྱོད་འདིར་ཇི་ལྟར་འོང་བྱས་པས། མར་སྦྱིན་ཆད་བྱས་པས་དེའི་ཕྱིར་་་་དུ་འོང་བ་ཡིན་ཟེར། དེ་ནས་ཤ་ཉེ་དང་མནའ་མ་དྲིས་པས། འགྲོ་ཁར་མར་སྦྱིན་ཆད་བྱས་པ་རེད་ཟེར། དེ་ནས་ངས་ཀུ་རེ་བྱས་ཏེ། ཁྱོད་ལ་མར་སྦྱིན་ཆད་བྱས་པ་དེ་ལས་ལྷག་ཅིག་ཁྱོད་ཀྱིས་ཟོས་ཟིན་པས་ད་སོང་ཞེས་སྨྲས་ཟེར། ཁོའི་ང་ཕ་ཡུལ་ཟི་ལང་ཡིན། ཁྱིམ་ན་བུ་མོ་ལྔ་ཡོད་ཟེར། འདྲུད་འཐེན་འཁོར་རོ་གསར་བ་ཞིག་ཡོད། དེ་ལེན་དུ་འགྲོ་དགོས། ལམ་ལས་པའི་ནང་ན་ལྷམ་དང་རྐང་ཤུབས་ཡོད། དེའང་ལེན་དུ་འགྲོ་དགོས། དོར་མ་དང་སྟོད་ཐུང་བཙོང་བའི་རིན་མ་བྱིན་པས་ལེན་དགོས་སོགས་ཟེར། རྒྱ་དེས་བྱ་བ་གང་བྱས་ཐམས་ཅད་བཤད་པས་དེའི་རྣམ་ཤེས་མིན་ཐབས་མི་འདུག གལ་ཏེ་འདི་མི་གཞན་ཞིག་གི་རྣམ་ཤེས་རེད་ཅེས་བརྗོད་ཀྱང་ང་ཚོས་ནི་རྒྱ་དེའི་རྣམ་ཤེས་ཡིན་པའི་ཐག་གཅོད་པ་ཡིན་ཞེས་ཟེར། སྤྱིར་མི་སུ་ཡིན་ཡང་རྣམ་ཤེས་མེད་པ་གཅིག་ཀྱང་མེད་པས་ཡ་མཚན་རྒྱུ་མེད་ལ། ཁྱད་པར་དུ་རྒྱ་ལམ་ལས་པ་ཞིག་གི་རྣམ་ཤེས་རེད་འདུག་པས། དེ་ཙམ་ལ་ང་ཚོས་བདག་ཅི་ཡང་མ་བྱས་ཞེས་ཟེར་རོ། ། དེ་ནས་སྤྲེལ་ལོའི་ཤ་ཉེ་དེའང་ལོ་སུམ་ཅུ་ལྷག་ཏུ་སོན་པའི་སྐྱེས་པ་ཞིག་རེད། དེ་ལ་དྲིས་པས་དེས་སྨྲས་པ། བྱིས་པ་ཐོག་མར་སྐྱེས་པ་ན་མགོ་གཡོན་ཕྱོགས་དེ་སྐྲང་་་་་་འབུར་ལྟ་བུ་ཆེ་ཙམ་ཞིག་འདུག སྐབས་ཤིག་ནས་མེད་པར་གྱུར་སོང༌། གཏམ་སྨྲ་ཤེས་ཙམ་ནས་རྒྱ་དེའི་ལོ་རྒྱུས་མང་དུ་བཤད། གཏམ་བཤད་མ་ཤེས་གོང་ཙམ་ནས་ལམ་ལས་པའི་འདྲུད་འཁོར་དམར་པོ་དེ་མཐོང་བ་ན། སྐྲགས་ཏེ་བརྒྱལ་ལ་ཁད་པ་ལྟར་དུ་འོང༌། རླངས་འཁོར་གཞན་པ་ལ་ཅུང་ཟད་ཀྱང་མི་སྐྲག ངས་རླངས་འཁོར་ཁ་ལོ་སྐོར་ཤེས་ཟེར། ཐེངས་ཅིག་ང་ཚོ་ལ་ཨ་ཁུ་བླ་མ་ཞིག་ཡོད་པ་ངེད་ཚང་ལ་འོང་ནས་ཕར་འགྲོ་བ་ན། བྱིས་པས། ཁྱོད་རྐང་ཐང་དུ་འགྲོ་དགོས་ན་དཀའ་སྟེ། རླངས་འཁོར་ཞིག་ཡོད་ན་ངས་ཁ་ལོ་བསྐོར་ཏེ་སྐྱེལ་ཆོག་ཀྱང་ཅི་བྱེད་ཟེར། ཁྱོད་ཀྱིས་ཁ་ལོ་སྐོར་ཤེས་སམ་ཞེས་དྲིས་པས་ཤེས་ཟེར། དེ་ལས་གཞན་པའི་གཏམ་རྣམས་སྔ་མ་དག་དང་གཅིག་པ་ཁོ་ནར་བྱུང་ངོ༌། །དེ་ནས་བྱིས་པ་རང་ལ་དྲིས་པས་དེས་སྨྲས་པ། སྔར་དྲན་མོད་ད་ལྟ་ཅི་ཡང་མི་དྲན༌། གཞན་རྣམས་ཀྱིས་ཁྱོད་རྒྱ་ལམ་ལས་པ་ཞིག་རེད་བརྗོད་པ་ན་སེམས་མི་སྐྱིད་པར་འདུག འོན་ཀྱང་ང་རང་རྒྱ་དེའི་སྐྱེ་བ་ཡིན་སྙམ་དུ་སེམས་ཀྱིན་ཡོད་ཅེས་ཟེར་རོ། །དོན་འདི་ཤེས་མཁན་སྤྲེལ་ལོའི་མ་སོགས་ད་དུང་མང་པོ་འདུག་ཀྱང་མཐོང་ཐོས་ཕར་ཆེར་གཅིག་པར་ཡོད་ཚོད་འདུག་པས་གཞན་རྣམས་ལ་མ་དྲིས་སོ། །གསུམ་པ་རང་གི་བསམ་ཚུལ་བརྗོད་པས་མཇུག་བསྡུ་བ་ནི།ལོ་རྒྱུས་འདི་གཉིས་ནི་བདེན་པ་ཁོ་ནར་འདུག་སྟེ། ལོ་རྒྱུས་ཤེས་མཁན་རྣམས་ཀྱིས་བཤད་པ་ཐམས་ཅད་ཕན་ཚུན་ཁ་མཚུངས། ལོ་རྒྱུས་འདི་གཉིས་ངེད་འདྲི་རྩད་ཀྱི་ཆེད་དུ་འགྲོ་བའི་དུས་སུ་གསར་དུ་བྱུང་བ་ཙམ་མ་ཡིན་པར་སྔར་ནས་ཡོད་པར་མི་མང་པོས་ཀྱང་ཤེས། རང་གིས་ཀྱང་ལོ་གཅིག་གི་གོང་རོལ་ཙམ་ནས་གོ་མྱོང༌། ཐབས་མཁས་ཀྱི་སྐྱེ་བ་སྔ་མ་དུང་མོ་མཚོ་ཞེས་པ་དེའང་བུད་མེད་ཕལ་བ་ཞིག་ཡིན་པ་དང༌། སྤྲེལ་ལོའི་སྐྱེ་བ་སྔ་མ་ལིས་ཙོང་ཁྲིན་ཞེས་པ་དེའང་རྒྱ་ལམ་ལས་པ་ཞིག་ཡིན་པ་ཙམ་ལས་གཉིས་ཆར་ཡང་ཆོས་ཕྱོགས་ནས་བླ་མ་དང་སྤྲུལ་སྐུ། མཁའ་འགྲོ་དང་གསང་ཡུམ་སོགས་གང་ཡང་མིན་ལ། འཇིག་རྟེན་ཕྱོགས་ནས་ཐོབ་ཅན་དང་མིང་ཅན། ཕྱུག་པོ་བཙན་པོ་ཅི་ཡང་མ་ཡིན་པས་དེ་གཉིས་ཀྱི་སྐྱེ་བ་ཡིན་པར་གྲུབ་ཀྱང་འཐོབ་རྒྱུ་དང་རྙེད་རྒྱུ་ཅི་ཡང་མེད། ལོ་རྒྱུས་འདི་གཉིས་བྱུང་ནས་ལོ་བཅུ་ཕྲག་ཙམ་ལ་ཉེ་ཡང་དེའི་རིང་ལ་ལོ་རྒྱུས་འདི་བཟོས་ཏེ་དམིགས་ཡུལ་འདི་བསྒྲུབས་པར་བྱས་འདུག་སྙམ་པ་ཅུང་ཟད་ཀྱང་མི་སྣང༌། དེར་མ་ཟད་ལོ་རྒྱུས་་་འདི་བཟོས་ན་དམིགས་ཡུལ་འདི་བསྒྲུབ་ཆོག་སྙམ་པའང་ཅི་ཡང་མི་འདུག་སྟེ། རང་མགོ་རང་གིས་སྐོར་ན་དེར་ཟད། དེ་ལས་གཞན་དུ་མི་སུ་ཞིག་དོན་ཅི་ཞིག་གི་ཕྱིར་དུ་མགོ་སྐོར་བ་ཡིན་ཏེ་བསྐོར་དོན་མི་འདུག་གོ །དུང་མོ་མཚོའི་སྐྱེ་བ་བླངས་ཚུལ་དེ་དག་གླེང་བ་ན། རྒན་མོ་ལོ་ལྔ་བཅུ་དྲུག་ཅུ་ལོན་པ་དེ་དག་གིས་སེམས་གཏིང་ནས་སྐྱོ་སྟེ། གདོང་མཆི་མས་ཁེབས་ནས་ངུ་ངག་གིས་ལོ་རྒྱུས་དེ་རྣམས་ངེད་ལ་བཤད་པ་ཡིན། ལོ་རྒྱུས་འདྲི་ཡུལ་ཐམས་ཅད་ཀྱང་རྙོག་གྲ་ཅན་གྱི་བྱ་བ་སྣ་ཚོགས་བྱེད་མི་ཤེས་པའི་འབྲོག་པའི་མི་བདེན་པ་དྲང་མོ་ཤ་སྟག་ཡིན་ནོ། ། |
Subscribe to:
Post Comments (Atom)
0 comments:
Post a Comment