དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Tuesday, 11 September 2012
༄༅།།ཨེ་ཝྃ་ཆོས་སྨན་གླིང་ལ་གདམས་པ་བདུད་རྩིའི་ཐིགས་པ་ཞེས་བྱ་བ།།
ན་མོ་གུ་རུ་ཨེ་ཝྃ་པདྨ་ཀ་ར་ཡེ། །
འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་གི་མཆེད་པོ།
།ཚེ་རབས་ལས་འབྲེལ་ཟབ་མོས་སྨོན་ལམ་གྱིས་འཛོམས་ཀྱང་། །རྒྱང་རིང་ཡུལ་གྱི་བསྐལ་བའི་སྤུན་ཟླ་ཚོ་གསོན་དང་།
།གདམས་ངག་བདུད་རྩིའི་ཐིགས་པའི་མཆོད་སྤྲིན་འདི་འབུལ་ལོ། །ཀུན་ཕན་སེམས་པ་བཟང་པོ་སྙིང་དབུས་སུ་བཅིངས་ནས།
།ཀུན་བདེ་ཞི་བའི་ལོངས་སྤྱོད་འདྲ་མཉམ་གྱིས་རོལ་དང་། །
ཀུན་མཐུན་འདི་ཕྱིའི་ལེགས་ཚོགས་རྟེན་འབྲེལ་གྱི་བདེན་པས། །ཀུན་བཟང་རྒྱལ་སྲིད་ཐོབ་པའི་བསྐལ་བཟང་ཞིག་ཚེས་འོང་།
། ཡང་དག་དགེ་བསྙེན་ནས་བཟུང་ཚུལ་ལྡན་གྱི་མི་ལ།
།ཡང་དག་ལམ་བཟང་སྟོན་པའི་མཁན་སྤྲུལ་དང་སློབ་དཔོན། །
ཡང་དག་ཀུན་སློང་མངའ་བའི་སྐལ་མཉམ་གྱི་གྲོགས་ལ། །ཡང་དག་རིག་པའི་བགྲོ་གླེང་ཡང་ཡང་དུ་མཛོད་ཅིག
། མི་ལུས་ཆུད་ཟོས་འགྲོ་བའི་བྱ་ངན་ལ་མ་བརྩོན།
།མི་ངན་རང་དོན་གཉེར་བའི་འུར་སྒྲོག་ལ་མ་ཉན། ། མི་ཆོས་གཙང་མའི་དགེ་བཅུ་ཁྲིམས་བཟང་ལ་འབོད་དང་།
།མི་རབས་མི་ཚེ་ཀུན་ལ་ཕན་བདེ་ཞིག་འབྱུང་ངེས། ། ཡ་རབས་བཟང་སྤྱོད་བཅས་པ་ཚེ་སྲོག་གི་སྙིང་པོ།
།བྱིས་པ་ཆུང་ངུའི་ཚོགས་ཀྱིས་རིག་གཞུང་རྣམས་བློ་འཛིན། ། གཞོན་ནུ་དར་བབས་མཁན་ཚོས་སློབ་བརྩོན་འབད་ནས།
།རྒན་པ་སྐྲ་གཉེར་ཅན་ཚོས་དམ་ཆོས་ལ་རེམ་རེམས། །ངེས་འབྱུང་སྡོམ་པ་ཡོད་པའི་བླ་གྲྭ་དང་བཙུན་མ།
།བྱང་ཆུབ་སེམས་བསྐྱེད་ལྡན་པའི་མཁན་སྤྲུལ་དང་དཔོན་ཆེན། ། གསང་ཆེན་དག་མཉམ་རྟོགས་པའི་རྣལ་འབྱོར་དང་གྲུབ་ཐོབ།
།ཨེ་ཝྃ་ཆོས་སྨན་གླིང་གི་དགེ་འདུན་གྱི་མཚན་ཉིད། ། དུ་འཐེན་ཆང་བཟི་རྐུ་རྫུན་གཡོ་སྒྱུ་ལ་དགའ་བའི།
།མ་རབས་སྣ་དགུ་སྤྱོད་པའི་གྲོགས་ངན་གྱི་རིགས་དག །
གནས་སྐབས་བཟང་བསྐྱེད་ཡར་ཐོན་མ་བྱུང་གི་བར་དུ།
།ཨེ་ཝྃ་ཆོས་སྨན་གླིང་ནས་ཕྱི་རོལ་དུ་སྐྲོད་ཅིག ། བཅུ་ཕྲག་རིག་པར་དུང་བའི་ཤེས་ཡོན་གྱི་སྡེ་ཚན།
།ཉམ་ཆུང་མགོན་སྐྱབས་མེད་པའི་དབུལ་སྤྲང་གི་རིགས་ལ། །སྲིད་ཞིའི་སྤྱི་ཚོགས་གང་ཡིན་སློབ་སྤྱོང་གི་གལ་གནད།
།འཛིན་སྐྱོང་སྤེལ་བརྩིས་ཆེན་པོས་ཡར་རྒྱས་སུ་གཏོང་མཛོད། །
མདོར་ན་ཆོས་མཐུན་འཚེ་མེད་ཕན་བདེ་ཡི་གཞི་མ། །ཨེ་ཝྃ་ཆོས་སྨན་གླིང་ཞེས་མིང་དོན་དང་མཚུངས་པར།
། ཕུན་ཚོགས་སྡེ་བཞིའི་དཔལ་ཡོན་གོང་འཕེལ་དུ་གྱུར་ནས། །རྒྱལ་ཀུན་དགྱེས་པའི་བཟང་སྤྱོད་སྨོན་འདུན་བཞིན་མཛོད་ཅིག
།
ཅེས་པ་རབ་རྒྱན་ཆུ་འབྲུག་ཁྲུམས་སྟོད་ཟླ་བའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ་ཨེ་ཝྃ་ཆོས་སྨན་ཀུན་ཕན་གསོ་བྱེད་གླིང་གི་སྤྱི་མགྲིན་གྱི་དགོངས་འཆར་བཞིན་ལས་སྨོན་བཟང་པོས་འབྲེལ་བའི་མཁན་ཆེན་བླ་མའམ་རིག་འཛིན་བླ་མ་དཔལ་དགྱེས་པ་རྡོ་རྗེས་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་གང་ཤར་དུ་བྲིས་པ་དོན་དང་ལྡན་པར་གྱུར་ཅིག་གུ
། དགེའོ། དགེའོ། དགེའོ། །
Subscribe to:
Post Comments (Atom)
0 comments:
Post a Comment