དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday, 14 September 2012
༄༅། །དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། །
ལ་འཇུག་པར་བསྐུལ་བའི་སྙིང་གཏམ་རིག་པའི་ཁུ་བྱུག་དགྱེས་པའི་
དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །




བོད་ཀྱི་དགོན་པའི་སློབ་གསོའི་སྐོར་གླེང་བ།


༄༅། གངས་ཅན་སློབ་གསོའི་ལྟེ་གནས་སུ་གྱུར་པའི།

དགོན་པའི་སློབ་གཉེར་དམ་འཛིན་དགོས་པར་གསུངས།

ཞེས་པས་དྲངས་ཏེ་གང་གླེང་བར་བྱ་བ་ནི། སྤྱིར་འཛམ་གླིང་གི་མི་རིགས་སྤྱི་དང་བྱེ་བྲག་གང་ལ་མཚོན་ན་སོ་སོ་རང་རང་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ལས་བྱུང་བའི་རིག་གནས། ཆོས་ལུགས། གོམས་གཤིས། བསམ་སྤྱོད་སོགས་ཀྱི་བྱུང་བ་དང་འཕེལ་འགྱུར་མི་འདྲ་བ་ལས་སློབ་གསོའི་ནང་དོན་དང་ཐབས་ལམ་སོགས་ཀྱང་མི་འདྲ་བ་རེ་ཡོད་པ་སྨོས་མ་དགོས་ཕྱིར་བོད་ཀྱི་སློབ་གསོ་ཡང་དེ་ལས་མ་འདས། འོན་ཀྱང་བོད་ལ་མཚོན་ན་དགོན་པའི་སློབ་གསོ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོའི་ཐབས་ལམ་ཞིག་མཚོན་ཏེ། དེ་ཡང་གངས་ཅན་གྱི་ཡུལ་འདིར་མཁན་སློབ་ཆོས་གསུམ་གྱིས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཕྱག་འདེབས་མཛད་པ་ནས་བཟུང་། བོད་ཀྱི་དགོན་པ་རྣམས་ནི་ལོ་སྟོང་ལྷག་གི་རིང་ལ་ཆོས་པ་རྣམས་ཀྱིས་བསླབ་པ་གསུམ་ཉམས་བཞེས་བྱ་བའི་གནས་ཡིན་པར་མ་ཟད། བཅུ་ཕྲག་རིག་གཞུང་མ་ལུས་པ་འཛིན་སྐྱོང་སྤེལ་བར་བྱ་བའི་གཙོ་བོའི་གནས་ཀྱང་ཡིན།[①]ཞེས་པའི་གླེང་གཞིས་དྲངས་པའི་དགོན་པ་རྣམས་ཀྱིས་ངེས་པར་དུ་སློབ་གཉེར་ལ་དོ་དམ་མཛད་དགོས་པའི་བསམ་ཚུལ་བརྗོད་པ་ཞེས་པ་བརྩམས་པས་བོད་ཀྱི་ལོ་རྒྱུས་དངོས་དང་མཐུན་པའི་དགོན་པའི་སློབ་གསོའི་རིན་ཐང་གསལ་བར་གསུངས་ཤིང་། ད་ལྟའང་བོད་ལ་འཛམ་གླིང་དུ་ངོམ་ཆོག་པའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་འདིའང་བོད་ཀྱི་དགོན་པའི་སློབ་གསོའི་བཀའ་དྲིན་ལས་བྱུང་བ་ཡིན་པར་གསུང་སྟེ།

དེའི་ཕྱིར་དགོན་ཆེན་རྣམས་སུ་མདོ་རྒྱུད་ཀྱི་འཆད་ཉན་ཆ་ཚང་ཡོད་པར་མ་ཟད། སྨན་རྩིས་སོགས་རིག་གནས་ཡོངས་རྫོགས་ཀྱི་ཁྲིད་རྒྱུན་མ་ཉམས་པར་བཞུགས། བོད་ཀྱི་བླ་མ་རྣམས་ཀྱིས་མདོ་རྒྱུད་ཀྱི་དགོངས་པ་འགྲེལ་བའི་བསྟན་བཅོས་དུ་མ་མཛད་པར་མ་ཟད། རིག་གནས་མཐའ་དག་གི་དགོངས་འགྲེལ་ངོ་མཚར་ཅན་གྱི་གླེགས་བམ་ཤིན་ཏུ་མང་པོ་མཛད་དེ་འཆན་ཉན་གྱི་ཁུར་བཞེས་པའི་བཀའ་དྲིན་གྱིས་རིན་ཐང་དང་བྲལ་བའི་རིག་གནས་དེ་རྣམས་ད་ལྟའི་བར་དུ་གནས་པ་ཡིན་ནོ། [②]ཞེས་འདས་པའི་ལོ་རྒྱུས་ལ་མཚོན་ན་དེ་ལྟར་དུ་གྲུབ་མོད། འོན་ཀྱང་ད་ལྟ་དུས་ཀྱི་དབང་གིས་བོད་ཀྱི་དགོན་པའི་སློབ་གསོའི་ནང་དོན་དང་ཆུ་ཚད་སོགས་ཕྱོགས་གང་ཐད་ནས་ཤིན་ཏུ་ཉག་ཕྲ་བའི་སྐབས་སུ་སླེབས་པའི་གནས་ཚུལ་ནི།

……དེང་སང་ནི་དགོན་པ་རྣམས་ཀྱི་ནང་དུ་རིག་གནས་མཐའ་དག་གི་སློབ་སྦྱོང་ལྟ་ཅི། ནང་དོན་རིག་པ་ཁོ་ནའི་ཕྱོགས་ཀྱི་སློབ་གཉེར་བྱ་རྒྱུ་ཡོད་པའང་ཤིན་ཏུ་དཀོན་པོ་ཡིན། དེའི་དབང་གིས་དགོན་པ་མང་པོའི་གྲྭ་པ་ཕལ་ཆེ་བ་ལ་ཆོས་ཕྱོགས་ཀྱི་སྦྱོང་བརྡར་མི་འཐོབ་པས་སྡེ་སྣོད་གསུམ་གྱི་དོན་མི་མཁྱེན་པར་གྱུར། དེ་མ་མཁྱེན་པས་བསླབ་པ་གསུམ་གྱི་མཉམ་བཞེས་ལེགས་པོ་མི་འོང་། དེ་མ་བྱུང་བས་འཇིག་རྟེན་མ་དད་པར་གྱུར་པའི་བྱ་བ་མང་པོས་གང་སར་ཁྱབ། དེའི་དབང་གིས་དགེ་འདུན་ལ་མཐོང་ཆུང་དང་སྐྱེ་བོ་མང་པོའི་རྒྱུད་ལོག་ལྟས་ཁེངས་པས་བསྟན་པ་ལ་ཉམ་ཉེས་ཆེན་པོ་འབྱུང་བ་གོར་མ་ཆག[③]ཅེས་ཐུགས་ཤིན་ཏུ་སྐྱོ་བའི་རྣམ་ཐར་མཛད་པ་འདིའི་འབྱུང་ཁུངས་མཐར་གཏུགས་ན་བོད་ཀྱི་དགོན་པའི་བཤད་སྒྲུབ་ཉམས་ཤིང་ཉག་ཕྲ་བའི་གནད་ལ་ཐུག་པར་གསུང་སྟེ།

དེ་ལྟ་ན་ཉེས་པ་ཐམས་ཅད་ཀྱི་རྩ་བ་དགོན་པའི་ནང་དུ་བཤད་སྒྲུབ་ཀྱི་བསྟན་པ་གནད་སྨིན་ཞིག་མེད་པ་འདི་ཉིད་ལ་ཐུག་པ་ཡིན་པར་ཤེས་པར་བྱའོ། [④]ཞེས་བོད་ཀྱི་ནང་བསྟན་རིག་གནས་ཀྱི་སློབ་གསོའི་བྱུང་བ་དང་འབྱུང་འགྱུར་དངོས་དང་མཐུན་པའི་གསུང་བཤད་དག་ནི་བོད་པ་སྤྱི་དང་ཁྱད་པར་དུ་འབྱུང་འགྱུར་བོད་ཀྱི་ཆོས་དང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་བོད་ཀྱི་མི་རབས་གསར་པ་རྣམས་ཀྱིས་སེམས་ལ་ནན་ཏན་ཏུ་འཛིན་དགོས་པའི་ལེགས་བཤད་འབའ་ཞིག་ཡིན་པར་སེམས་སོ།

དེ་ཡང་ནོར་བུའི་ནོར་ངོས་ཟིན་པ་གལ་ཆེ་བ་ལྟར་བོད་ལ་མཚོན་ན་ཐོག་མར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་རིན་ཐང་ངོས་ཟིན་དགོས་པ་ནི་ཤིན་ཏུ་གལ་ཆེ་སྟེ།

འཛམ་གླིང་གི་ཡུལ་གྲུ་གང་དུའང་མེད་པའི་སངས་རྒྱས་ཀྱི་བསྟན་པ་ཕུན་སུམ་ཚོགས་པ། དུས་ཀྱི་མཐར་ཡང་ས་ཆེན་པོ་འདིའི་ཤར་ནུབ་ཀྱི་རིག་པ་གསར་རྙིང་གཉིས་ཆར་གྱི་ནང་ན་ཀུན་ལས་ཁྱད་པར་དུ་འཕགས་ཤིང་ཉི་ཟླ་བཞིན་ལྷང་ངེར་གསལ་བ། ཕྱི་ནང་གི་རྒུད་པ་ཡོངས་སུ་གསོ་བ་ལ་མེད་དུ་མི་རུང་ཞིང་། སྣོད་བཅུད་ལེགས་པའི་ལམ་དུ་འཁྲིད་པར་བྱེད་པའི་ཐབས་ཚུལ་རྨད་དུ་བྱུང་བ་འདི་ཉིད་ཡུན་ནས་ཡུན་དུ་གནས་པ་ཞིག་དགོས་ཕྱིན་དགོན་པ་སོ་སོའི་ནང་རྒྱ་ཆེ་ཆུང་ལ་མ་ལྟོས་པའི་བཤད་སྒྲུབ་ཀྱི་བསྟན་པ་སྤུས་ལེགས་རེ་མེད་ཐབས་མེད།[⑤]ཅེས་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་རིན་ཐང་ངོས་ཟིན་ནས་དེའི་བཤད་སྒྲུབ་འཛིན་པའི་གེགས་སུ་གྱུར་པའི་གནད་དོན་ངོས་ཟིན་པ་ནི་ཤིན་ཏུ་གལ་ཆེ་ཞིང་། གནད་དོན་ངོས་ཟིན་པ་ཙམ་གྱིས་མི་ཆོག་པར་དེ་སེལ་བའི་ཐབས་ལ་འབད་དགོས་པ་ནི་དེ་བས་ཀྱང་གལ་ཆེ། ཁྱད་པར་དུ་དགོན་པའི་བཤད་སྒྲུབ་ཚུལ་བཞིན་དུ་འཛིན་ཐུབ་མིན་གྱི་རྩ་བ་ནི།

……དགོན་དཔོན་དང་དགེ་སྐོས་སོགས་ཀྱི་བསམ་པ་ལ་རག་ལས་པ་ཡིན།[⑥] ཞེས་གསུངས་པ་ནི་སངས་རྒྱས་བསྟན་པའི་བཤད་སྒྲུབ་འཛིན་པའི་གནད་ཀྱི་དམ་པ་ཡིན་ཞིང་། དེ་ནས་ཇི་ལྟར་བྱ་དགོས་སྙམ་ན།

དགོན་པ་དེའི་ཕྱི་ནང་གི་བྱ་བ་ཐམས་ཅད་ལ་བདག་གཉེར་བགྱིད་པའི་དགེ་འདུན་གྱི་སྡེ་ཚོགས་ཞིག་འཛུགས་དགོས།[⑦]ཞེས་གསུང་ཤིང་། དེ་འདྲའི་དགོན་པ་བདག་གཉེར་བྱེད་པའི་དགེ་འདུན་ཀྱི་སྡེ་ཚོགས་དེ་ཇི་ལྟ་བུ་ཞིག་དགོས་ཞེ་ན། དགོན་བདག་དང་དགེ་སྐོས་ངན་པ་སོགས་གང་ཟག་རེ་ཟུང་གི་ཕྱོགས་རིས་ཆགས་སྡང་གི་དབང་དུ་མི་འགྲོ་བར་གང་དགོས་ན།

སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་གོ་བ་ཆགས་ཤིང་བསྟན་འགྲོ་ལ་ལྷག་བསམ་རྣམ་པར་དག་པ་ཡོད་པ་དང་། ཁྱད་པར་དུ་བཤད་སྒྲུབ་ཀྱི་བསྟན་པ་ལ་ཐུགས་ཁུར་ཡང་དག་བཞེས་ངེས་པའི་གང་ཟག་བཞི་ཡན་ཆད་ཚང་བ་ཞིག་དགེ་འདུན་གྱིས་བསྐོ་དགོས།[⑧]ཞེས་དགོན་པའི་བདག་གཉེར་ཀྱང་དམངས་གཙོའི་ལམ་ལ་ཕྱོགས་པ་ནི་དུས་རབས་འཕེལ་འགྱུར་གྱི་ཁ་ཕྱོགས་དང་མཐུན་པའི་མདུན་ལམ་ལས་མ་འདས་ཤིང་། གལ་ཏེ་དགོན་པའི་བདག་གཉེར་ཀྱང་བསླབ་པ་དང་སློབ་གཉེར་གང་ཡང་མེད་པའི་ལྷ་དཔོན་དང་མི་དཔོན། ཚོང་དཔོན་སོགས་ཀྱི་དབང་དུ་ཤོར་ན།

……གཞན་དུ་ཐོས་བསམ་སློབ་གཉེར་ཅི་ཡང་བྱེད་མ་མྱོང་བ་དང་། བསྟན་འགྲོ་ལ་ལྷག་བསམ་མེད་ཅིང་། མི་ཆེན་རྒྱལ་པོའམ་ཚོང་པ་ཆེན་པོ་དག་གི་ལད་མོ་ཁ་ནར་གཡེངས་པ་དང་། རང་གི་ཁྱིམ་གཞིས་ཀྱི་ཆེད་དུ་བྱ་བ་སྣ་ཚོགས་ཀྱིས་དུས་འདའ་བ་རྣམས་ཀྱིས་དགོན་པའི་སྙིང་དོན་ལུང་རྟོགས་ལ་ཕན་ཐོགས་ཅི་ཡང་མེད།[⑨]ཅེས་གསུངས་པ་སོགས་གནད་རྣམས་ངེས་པར་བྱ་དགོས་སོ།

དེ་ཡང་དགོན་པའི་སློབ་གཉེར་གྱི་རིམ་པ་ལ།

བྱིས་པའི་སློབ་གཉེར་དང་། ན་གཞོན་གྱི་སློབ་གཉེར་དང་། དད་ལྡན་མང་ཚོགས་ཀྱི་སློབ་གཉེར་[⑩]ཞེས་གསུམ་དུ་གསུངས་སོ།

དང་པོ་བྱིས་པའི་སློབ་གསོ་ནི། དེ་ཡང་དེང་སང་བོད་ཀྱི་སྤྱི་ཚོགས་སྤྱི་དང་ཡང་ན་དགོན་པའི་སློབ་གསོ་གཉེར་བའི་བསམ་བློའི་གནད་དོན་ཆེས་གཙོ་བོ་ཞིག་ནི།

དེང་སང་རང་རེའི་ཡུལ་ཕྱོགས་ཕལ་མོ་ཆེ་ན་ཕ་མ་དང་ཀློག་སློབ་པའི་གྲྭ་རྒན་རྣམས་ཀྱིས་རྩ་བ་ནས་འཆུག་པར་གྱུར་ཟིན་པའི་བསམ་པ་དེ་ལ་ད་དུང་སྒྱུར་བཅོས་མ་ཐུབ་པའི་རྐྱེན་གྱིས་མིས་པ་ཕལ་མོ་ཆེའི་མི་ཚེའི་འདུན་མ་ཆུད་ཟོས་སུ་གཏོང་བཞིན་ཡོད། [11]ཅེས་པའི་གནད་དོན་ངོས་ཟིན་དགོས་པ་ཤིན་ཏུ་གལ་ཆེ། དེ་སྔར་བོད་མི་ཕལ་ཆེ་བས་དེའི་གནད་དོན་ངོས་མ་ཟིན་པའི་དབང་གིས།

……ཕ་མ་མང་ཆེ་བས་བྱིས་པ་རྣམས་སློབ་གྲྭར་གཏན་ནས་མི་གཏོང་། བྱིས་པ་རྣམས་ཀྱིས་སློབ་གྲྭ་ནས་སློབ་སྦྱོང་བྱ་རྒྱུ་དེ་དགོས་གལ་ཅན་ཞིག་ཡིན་བསམ་པ་ཡིད་ལ་མི་འཆར། ཐམས་ཅད་རང་དགར་གྲོང་གསེབ་ཏུ་འཁྱམས་ཏེ་སྡོད་པའམ་ཡང་ན་ཕྱུགས་ལུག་འཚོ་སྐྱོང་བྱེད་དུ་འཇུག[12]པའི་མཐའ་འབྲས་ནི།

དེ་ལ་སོགས་པའི་དབང་གིས་བོད་མི་ཕལ་ཆེ་བ་ཡིག་རྨོངས་ཁོ་ནར་ལུས་[13]པའི་གནད་དོན་སོགས་བྱུང་ངོ་།

དེ་འདྲའི་གནད་དོན་ངོས་ཟིན་ནས་ད་ཇི་ལྟར་སྒྲུབ་དགོས་སྙམ་ན།

……བྱིས་པ་རྣམས་བོད་རང་གི་རིག་གནས་ཆ་ཚང་སྦྱང་རྒྱུ་ཡོད་པའི་སློབ་གྲྭ་བཟང་ཤོས་རེ་ནས་སློབ་སྦྱོང་ལེགས་པོ་ཞིག་འོང་ཐབས་ལ་ཕ་མ་རྣམས་ཀྱིས་དཀའ་ངལ་ཁྱད་དུ་བསད་དེ་འབད་པ་བྱ་དགོས་སོ། [14]ཞེས་གསུངས་པས་སློབ་གཉེར་གལ་ཆེ་ཚུལ་ངོས་ཟིན་ནའང་། སློབ་གཉེར་བྱ་བའི་ཡུལ་ངོས་འཛིན་ཡང་དག་པ་ཞིག་བྱུང་མེད་པ་ནི།

ཡང་བྱིས་པ་མང་པོ་ཞིག་ནི་འབྲི་ཀློག་ཙམ་རེ་སློབ་ཀྱང་ཆུང་ངུའི་དུས་ནས་གྲོང་ཆོག་ལ་འགྲོ་བ་ཙམ་གྱི་ཕྱིར་དུ་འདོན་ཆ་ཁོ་ན་ལ་ཁ་བྱང་གཏོང་བ་ལས་གཞན་པའི་རིག་གནས་གང་ཡང་མི་སློབ། ཕ་མ་རྣམས་ཀྱིས་དེ་ག་ཁོ་ན་མནོག་པར་སེམས། ཀློག་སློབ་པར་བྱེད་པའི་གྲྭ་རྒན་རྣམས་ཀྱིས་ཀྱང་དེ་ཁོ་ན་བསླབས་ཏེ་འདོན་ཆ་རྣམས་མྱུར་མོར་ཀློག་ཐུབ་མི་ཐུབ་དང་། རྔ་རྡུང་ཤེས་མི་ཤེས་དང་། ཆོ་ག་ཀློག་པའི་གོ་རིམ་ཤེས་མི་ཤེས་ཀྱི་སྒོ་ནས་མཁས་བླུན་གྱི་དབྱེ་བ་འབྱེད་པར་བྱེད། དེ་ལས་གཞན་པའི་ཐོས་བསམ་སློབ་གཉེར་ནི་དགོས་མི་དགོས་ཀྱི་བསམ་བློ་ཙམ་ཡང་མི་གཏོང་[15]བའི་ཀུན་སློང་ངན་པ་རྣམས་བསྒྱུར་བཅོས་བྱ་དགོས། དེ་ཡང་།

འདོན་ཆ་རྣམས་ཤེས་མི་དགོས་པ་མ་ཡིན་ཡང་རན་ཙམ་བྱང་དུ་བཅུག་པས་ཆོག་[16]ཅིང་། སློབ་གཉེར་བྱ་བའི་གནས་ནི།

གཙོ་བོ་གཞུང་ཚིག་བློར་ལེན་དུ་འཇུག་པ་སོགས་དགོས་ཏེ། དེ་ལྟར་བྱས་ན་ཀློག་ཀྱང་དེའི་ཞར་ལ་ཤེས་འོང་བ་ཡིན། དེ་དང་མཉམ་དུ་བྲིས་གཟུགས་དང་སུམ་རྟགས་དག་གསུམ་དང་། སྐར་རྩིས་དང་། སྙན་ངག་གི་གཞུང་སོགས་ཅུང་ཟད་སླ་བའི་རིགས་རྣམས་ལ་སྔོན་དུ་སློབ་སྦྱོང་བྱེད་དུ་འཇུག་དགོས།[17]ཞེས་གསུངས་སོ།

དེ་ནས་ཆུང་བྱིས་པའི་དུས་ནས་བསམ་སྤྱོད་བཟང་པོའི་སློབ་གསོ་ནི་ཤིན་ཏུ་གལ་ཆེ་སྟེ།

གཞན་ཡང་བྱིས་པའི་དུས་ཉིད་ནས་སྲོག་ཆགས་རྣམས་ལ་བྱམས་བརྩེ་བྱ་བ་དང་། གཞན་ཕན་སྒྲུབ་པ་ལྷུར་ལེན་པ། ལས་འབྲས་ལ་འཛེམས་ཏེ་སྤྱོད་ངན་རྣམས་སྤོང་བ། དཀོན་མཆོག་ལ་དད་པ་བྱ་བ་སོགས་ཡ་རབས་སྤྱོད་བཟང་རྣམས་ཀྱི་བག་ཆགས་ལེགས་པོ་འཇོག་པའི་སེམས་ཁམས་ཀྱི་སློབ་གསོ་དེ་ནི་དེ་བས་ཀྱང་ཤིན་ཏུ་གལ་ཆེ་བ་ཡིན་[18]པར་གྲུབ་ཅིང་། བོད་ཀྱི་འདས་དང་ད་ལྟའི་བྱིས་པའི་སློབ་གསོ་གང་ནས་བལྟས་ན།

རང་རེ་རྣམས་ལ་ཆོས་དང་འཇིག་རྟེན་གཉིས་ཀའི་ཕྱོགས་ནས་བྱིས་པའི་སློབ་གསོའི་ཐད་འདིར་མ་འདང་བ་ཤིན་ཏུ་མང་བས་ཕ་མ་དང་དགེ་རྒན་རྣམས་ཀྱིས་རང་གི་བསམ་སྤྱོད་གཉིས་ཀ་མྱུར་དུ་སྒྱུར་བཅོས་མི་བྱེད་ཐབས་མེད་ཡིན་ནོ། [19]ཞེས་གསུངས་པ་ནི་བོད་ཀྱི་སློབ་གསོའི་རྩ་བ་དང་གངས་ལྗོངས་ཀྱི་མི་རབས་གསར་པ་གསོ་སྐྱོང་བྱ་བའི་གནད་དོན་ཆེས་གཙོ་བོ་ཞིག་ལ་ཐུག་ཡོད་ཅིང་།

དེས་ན་དགོན་པ་རྣམས་ཀྱིས་སོ་སོའི་ནུས་ཚོད་དང་བསྟུན་པའི་སློབ་གྲྭ་ཆུང་ངུ་རེ་བཙུགས་ཏེ། རྒྱལ་ཁབ་ཀྱི་སློབ་གྲྭར་ཞུགས་ཟིན་པའི་སློབ་མ་རྣམས་ལས་གཞན་པའི་བྱིས་པ་རྣམས་ལོ་རེའམ་ལོ་རེ་ཟུང་གི་མཚམས་ནས་ཐེངས་རེ་བསྡུས་ཏེ་གོང་དུ་བཤད་པ་བཞིན་འབྲི་ཀློག་ནས་བཟུང་རིག་གཞུང་ཆུང་ངུ་རྣམས་སློབ་པ་དང་། བསམ་པའི་སློབ་གསོ་ལེགས་པོ་བྱས་ནས་སྐྱེད་སྲིང་བར་བྱ་[20]བ་ནི་བྱིས་པ་རྣམས་ནར་སོན་ནས་ཆེན་པོར་གྱུར་ཚེ་གཤིས་ཡོན་གཉིས་ལྡན་གྱི་མི་བཟང་པོ་ཞིག་ཏུ་འགྱུར་ཐུབ་མིན་ལ་བལྟ་བ་ལས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་མིན་ནི་གཙོ་བོ་མི་རང་རང་གི་ཁམས་དང་མོས་པར་མཐུན་པའི་རང་དབང་ཡོད་པ་གལ་ཆེ། མདོར་ན་དགོན་པའི་སློབ་གསོ་མྱོང་བའི་བྱིས་པ་ཞིག་ཆེན་པོར་གྱུར་ཚེ་ཁྱིམ་པ་བྱས་པ་ཁྱིམ་པ་དགེ་སེམས་ཅན་ཞིག་དང་། རབ་ཏུ་བྱུང་བ་བྱས་ན་བསླབ་པ་ཕུན་སུམ་ཚོགས་པའི་གྲྭ་པ་ཞིག་ཏུ་འགྱུར་ཞིང་།

དེ་ལྟར་བྱས་ན་དགོན་པ་རྣམས་ཀྱི་ནང་དུ་ཚུལ་ཁྲིམས་དང་ལྡན་ཞིང་སྤོང་ཀློག་ལ་བརྩོན་པའི་དགེ་འདུན་གྱི་སྡེ་གཙང་མ་ཞིག་བྲི་གང་མེད་པར་རྒྱུན་ཆགས་སུ་གནས་ཐུབ་དང་། ཡུལ་མི་རྣམས་ཀྱང་དམ་པའི་ཆོས་ལ་རྒྱུ་མཚན་ཤེས་པའི་དད་པ་རྙེད་ནས་མི་དགེ་བའི་སྤྱོད་ངན་རྣམས་རང་ཤུགས་ཀྱིས་ཇེ་ཉུང་དུ་འགྲོ་བ་ཡིན་[21]ཞིང་། དེས་ན།

ད་ཕྱིན་ཆད་ནི་གྲྭ་པ་ཞིག་ཡིན་ཕྱིན་དམ་པའིཆོས་ལ་སློབ་གཉེར་བཟང་ཙམ་རེ་བྱེད་ཐུབ་པའི་ཐབས་ལ་དགོན་པ་སོ་སོས་ནུས་པ་གང་ཡོད་ཀྱིས་འབད་པ་བྱ་བ་འདི་ཅིས་ཀྱང་གལ་ཆེའོ། [22]ཞེས་གསུངས་སོ།

གཉིས་པ་ན་གཞོན་གྱི་སློབ་གསོ་ནི། ད་ལྟའི་བོད་ཀྱི་དགོན་པའི་ན་གཞོན་གྱི་སློབ་གསོ་ནི་དེ་བས་ཀྱང་ཉམས་ཤིང་ཉག་ཕྲ་བར་འདུག་སྟེ།

དེང་སང་ཁམས་ཀྱི་ཕྱོགས་འདིར་དགོན་པ་མང་པོའི་ནང་དུ་དུས་མཆོད་དག་གི་སྐབས་ཙམ་མ་གཏོགས་ནམ་རྒྱུན་གྲྭ་པ་བཞུགས་མཁན་ཆེར་མེད། དབུས་གཙང་གི་ཕྱོགས་སུ་ནི་དགོན་པ་ཆུང་འབྲིང་རྣམས་ཀྱི་ནང་དུ་གྲྭ་པ་བཅུ་ཉི་ཤུ་ཙམ་ལས་མེད་ལ། དགོན་པའི་ནང་དུ་བཤད་གྲྭ་དང་སྒྲུབ་གྲྭ་ཚད་ལྡན་འཛུགས་མ་ཐུབ་པས་གྲྭ་པ་ཉུང་ཤོས་རེ་བཞུགས་པ་དག་ཀྱང་བསྙེན་སྒྲུབ་ཕྲན་ཚེགས་ཙམ་རེ་བྱེད་པའམ་རང་དགར་བཞུགས་པ་ལས་སྤོང་ཀློག་ཆ་ཚང་ཞིག་ལ་བརྩོན་པའི་སྐལ་བ་མི་རྙེད་[23]པར་གྱུར་དང་འགྱུར་བཞིན་པ་ནི།

དེ་ལྟར་དམ་པའི་ཆོས་ཀྱི་སློབ་གསོ་མ་ཐེབས་པས་གྲྭ་པའི་ཡོན་ཚད་ཞན། དེའི་དབང་གིས་ལུང་རྟོགས་ཀྱི་བསྟན་པ་ནི་གཟུགས་བརྙན་ཙམ་ཡང་དཀོན། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་མེད་ཕྱིན་སྐྱེ་འགྲོའི་བདེ་སྐྱིད་ཀྱང་མེད། ཅུང་ཟད་རེ་ཡོད་ཀྱང་མིག་རྒྱང་གང་ཙམ་ལས་མེད་པར་འགྱུར་བར་གདོན་མི་ཟ་[24]བའི་ཕྱིར་ན།

དེས་ན་དགོན་པ་སོ་སོའི་རང་གི་ཆ་རྐྱེན་དང་བསྟུན་པའི་བཤད་གྲྭ་དང་སྒྲུབ་གྲྭ་རེ་འཛུགས་རྒྱུ་ནི་ཤིན་ཏུ་གལ་ཆེ་པས།[25]ཞེས་རྒྱུ་མཚན་དང་བཅས་པ་གསལ་བར་གསུངས་སོ།

གལ་ཏེ་བོད་ཀྱི་དགོན་པའི་ན་གཞོན་གྱི་སློབ་གསོ་དམ་འཛིན་བྱས་ནས།

དགོན་པ་སོ་སོ་ལ་བཤད་སྒྲུབ་ཀྱི་བསྟན་པ་སྤུས་དག་རེ་ཡོད་ན། གྲྭ་པ་རྣམས་ཀྱིས་དམ་པའི་ཆོས་རྣལ་མའི་དགོངས་པ་ལེགས་པར་རྟོགས་ཤིང་ཅི་རིགས་པར་ཉམས་སུ་བླངས་པས་རང་མགོ་ཐོན་པར་མ་ཟད་སེམས་ཅན་གཞན་པ་རྣམས་ལའང་ཐར་བའི་ལམ་སྟོན་བྱེད་ནུས་ཤིང་། དེའི་དབང་གིས་བསྟན་པ་རིན་པོ་ཆེའང་ཡུན་དུ་གནས་པར་འགྱུར། སྐྱེ་འགྲོ་རྣམས་ལའང་དམ་པའི་ཆོས་ཀྱིས་སེམས་རྒྱུད་བཏུལ་བས་མི་གསོད་རྟ་སྒྱེལ་དང་། རྐུ་ཇག་དང་། མོ་གྱོད་ཁ་མཆུ། རྫུན་གྱིས་མགོ་སྐོར་བ་སོགས་མི་བདེ་བའི་རྒྱུ་རྣམས་ཇེ་ཉུང་དུ་སོང་ནས་འཕྲལ་དུ་བདེ་བར་འགྱུར་བ་དང་། ལས་རྒྱུ་འབྲས་ལ་འཇུག་ལྡོག་ཚུལ་བཞིན་དུ་བྱེད་ཤེས་པ་དང་། དགེ་བའི་ལས་ལ་འབད་པས་ཡུན་གྱི་བདེ་སྐྱིད་ཀྱང་མི་ཉམས་པར་གནས་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ། [26]ཞེས་གསུངས་ནས་སློབ་སྦྱོང་བྱ་ཚུལ་ལའང་དགེ་ཚུལ་གྱི་བསླབ་བྱ་ནས་བཟུང་སྔགས་བླ་མེད་ཀྱི་བར་གྱི་གོ་རིམ་བཞིན་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་གི་ལྟ་སྒོམ་སྤྱོད་འབྲས་རྣམས་ལ་བྱང་ཆུབ་པ་དང་ཉམས་སུ་ལེན་པ་འབྲེལ་བའི་མ་ཚད་ཞར་ལ་ཐུན་མོང་གི་རིག་གནས་དང་། གཞན་ཡང་དུས་རབས་ཀྱི་འཕེལ་འགྱུར་དང་མཐུན་པའི་རིག་གནས་གསར་པ་ལ་རྒྱུས་ལོན་རན་ཙམ་ཡོད་པ་ནས་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་པར་འགྱུར་བའི་དགོན་པའི་ན་གཞོན་གྱི་སློབ་གསོ་དམ་འཛིན་དགོས་པའི་ཕྱིར་ན།

ད་ནི་བཤད་སྒྲུབ་ཀྱི་གཞི་ཅུང་ཟད་རེ་འཛུགས་རྒྱུ་ཁོ་ན་ལ་འབད་དགོས་ཏེ། རང་རེའི་བསྟན་པའི་ལྷག་འཕྲོ་ཅུང་ཟད་ལས་ཡོད་པ་འདི་རྒྱུན་མཐུད་དེ་གནས་ཐབས་ནི་འཆད་ཉན་དང་སྒོམ་སྒྲུབ་ཁོ་ན་ལ་རག་ལས་ཡོད་པའི་ཕྱིར་རོ། [27]ཞེས་གསུངས་སོ།

གསུམ་པ་མང་ཚོགས་ཀྱི་སློབ་གསོ་ནི།

དགོན་པ་དག་གིས་རང་གི་གྲྭ་པ་རྣམས་ཀྱི་སློབ་སྦྱོང་ལེགས་པོ་འོང་བར་བྱེད་དགོས་པར་མ་ཟད། རང་གི་ལྷ་སྡེའམ་རང་དང་འབྲེལ་བའི་དད་ལྡན་མང་ཚོགས་ལའང་དམ་པའི་ཆོས་ཀྱི་སློབ་གསོ་ལེགས་པོ་ཡོང་བའི་ཐུགས་ཁུར་ངེས་པར་བཞེས་དགོས། [28]ཞེས་དེའི་གལ་ཆེ་ཚུལ་དང་བཅས་པ་གསུངས་ཤིང་། བོད་མི་ནི་ཆོས་ལ་དད་པ་ཆེ་བའི་མི་རིགས་ཤིག་ཡིན་ཕྱིན་ཆོས་ལ་མི་དད་པ་ཧ་ཅང་དཀོན་པས་མང་ཚོགས་ལ་ཆོས་ཀྱི་སློབ་གསོ་སྤེལ་བའི་མིང་གཞི་ལེགས་པོ་ཡོད། འོན་ཀྱང་དེང་སང་ཆོས་པ་རྣམས་ཀྱིས་མང་ཚོགས་ལ་ཆོ་ག་བྲལ་བའི་དབང་ལུང་དང་གཟུངས་སྔགས་ལབ་ཟློས་ཀྱི་འདོན་པ་གནང་བ་ལས་ནང་ཆོས་ཀྱི་རྩ་བའི་བསླབ་བྱའི་སློབ་གསོ་མེད། དེ་འདྲ་མེད་པའི་སྐྱོན་གྱིས་དེང་སང་བོད་ཀྱི་སྤྱི་ཚོགས་ནང་།

དོན་ཕྲན་བུ་ཙམ་རེའི་ཕྱིར་དུ་མི་གསོད། ཚོ་བ་དང་ཚོ་བའི་བར་ལ་དམག་དྲངས། ཉམ་ཆུང་རྣམས་ལ་རྐུ་འཕྲོག་བཅོམ་གསུམ་བྱེད། ཉེས་མེད་ཀྱི་སེམས་ཅན་མང་པོའི་སྲོག་གཅོད་པ་སོགས་མི་དགེ་བའི་ལས་སྣ་ཚོགས་པ་བྱེད།[29]ཅེས་པ་སོགས་ཡུལ་ཁམས་མི་མཐུན་པ་དང་མི་བདེ་བར་གྱུར་དང་འགྱུར་བཞིན་པ་ནི་བོད་ཀྱི་སྤྱི་ཚོགས་ཀྱི་གནས་ཚུལ་སྤྱི་ཙམ་ལ་བཤད་ཅིང་། མི་སྒེར་གྱི་བསམ་སྤྱོད་ཀྱི་ཆ་ནས་བཤད་ན།

ལ་ལར་མ་ཎི་འབྲུ་གཅིག་ཀྱང་གདོན་རྒྱུ་མེད་པར་མ་ཟད་ར་ཕག་སོགས་བསད་དེ་ཤ་བཟའ། ཆང་བཏུང་། ཐ་མག་འཐེན་པ་སོགས་མི་དགེ་བའི་སྤྱོད་པ་སྣ་ཚོགས་པ་བྱས་ཏེ་གཤིན་པོ་ངན་སོང་དུ་འཕེན་པའི་རྒྱུ་སྒྲུབ་པ་སོགས་ཡི་མུག་པའི་བྱ་བ་མང་པོ་འདུག་[30]པའི་འབྱུང་རྐྱེན་གཙོ་བོ་ནི།

དེ་ཐམས་ཅད་མང་ཚོགས་ལ་དམ་པའི་ཆོས་འཆད་མཁན་མེད་པའི་ལན་པ་ཁོ་ནར་སྣང་།[31]ཞེས་མདོར་ན་བོད་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཞེས་པའི་ཆོས་ཤིག་ཡོད་ཀྱང་ཆོས་ཀྱི་སློབ་གསོ་དམ་འཛིན་མ་བྱས་པ་དང་ཆོས་དེ་ཆོས་ཚུལ་བཞིན་དུ་མ་བསྒྲུབ་ན་ཆོས་ཀྱི་ཕན་ཐོགས་ཅི་ཡང་མེད།

དེས་ན་དགོན་པ་རྣམས་ཀྱིས་མ་མཐའ་ཡང་རང་གི་ཡུལ་སྡེའི་ཤི་གསོན་དེ་རྣམས་ཡལ་བར་མི་འདོར་བར་དགེ་སྒྲུབ་སྡིག་སྤང་ཇི་ལྟར་བྱ་བའི་ཚུལ་དག་སློབ་པར་མཛད་པའི་དགེ་བའི་བཤེས་གཉེན་རང་དགོན་ལ་ཡོད་ན་དེ་ཉིད་དམ་མེད་ཀྱང་ཡུལ་གཞན་ནས་བཙལ་ཏེ། དད་ལྡན་མང་ཚོགས་ལ་དམ་པའི་ཆོས་སློབ་སྦྱོང་བྱ་བའི་མཐུན་རྐྱེན་ལེགས་པར་ཚང་བ་ཞིག་བྱས་ཏེ། ཐམས་ཅད་ཀྱི་རྒྱུད་ན་སྐྱབས་འགྲོའི་སྡོམ་པ་དང་སྣ་གཅིག་གམ་སྣ་འགའ་ཡན་ཆད་ཀྱི་དགེ་བསྙེན་གྱི་སྡོམ་པ་རེ་ཡོད་པ་དང་ཆོས་རྒྱ་ཆེན་པོ་མ་ཤེས་ཀྱང་དགེ་སྡིག་བླང་དོར་བྱ་ཚུལ་ཅུང་ཟད་ཞིབ་པ་རེ་དང་། རང་གི་རྒྱུན་པར་ཉམས་སུ་བླང་རྒྱུའི་ཆོས་དེ་མགོ་མཇུག་ཚང་བ་རེ་ཤེས་རྒྱུ་དང་།[32]ཞེས་པ་བྱུང་ན། སེམས་ཅན་སྤྱི་དང་གང་ཟག་རང་རང་གི་དགེ་སྒྲུབ་སྡིག་སྤང་གི་ཚོགས་བསགས་དང་ཉམས་ལེན་སོགས་ལ་ལྟོས་པའི་

སྤྱིར་འཁོར་བའི་ཉེས་དམིགས་དང་ཐར་བའི་ཕན་ཡོན་དཀོན་མཆོག་གི་ཡོན་ཏན་སོགས་ཆོས་ཕྱོགས་ཀྱི་གོ་བ་ཅི་རིགས་པ་རེ་ཡོད་པར་བྱེད་པ་[33]ནས་བཟུང་། ད་གཟོད་དུས་ཀྱི་

ཁོམ་ལོང་དང་བསྟུན་ཏེ་སྔོན་འགྲོའི་བློ་ལྡོག་རྣམ་བཞི་ནས་དངོས་གཞིའི་བར་གྱི་ཉམས་ལེན་རྣམས་ཐུན་དུ་བཅད་དེ་ཉམས་སུ་ལེན་པའི་ལུགས་སྲོལ་བཟང་པོ་རེ་འཛུགས་ཐུབ་པ་བྱུང་ན་སྙིགས་མའི་དུས་སུའང་སངས་རྒྱས་ཀྱི་བསྟན་པ་ལ་བརྟེན་ནས་སེམས་ཅན་མང་པོ་ལ་ཕན་པ་རྒྱ་ཆེན་པོ་ཐོགས་པར་འགྱུར་ཞིང་དེའི་མཐུས་སྟོན་པ་སངས་རྒྱས་ནས་རྩ་བའི་བླ་མའི་བར་གྱི་ཐུགས་དགོངས་རྫོགས་པར་འགྱུར་བས་མི་བརྩོན་དུ་མི་རུང་ངོ་། [34]ཞེས་སྐུལ་མ་དང་བཅས་པའི་སྒོ་ནས་

དགོན་པ་རྣམས་ཀྱིས་ངེས་པར་དུ་སློབ་གཉེར་ལ་དོ་དམ་མཛད་པའི་བསམ་ཚུལ་བརྗོད་པ࿄ཞེས་པའི་ཞལ་རྩོམ་གསུངས་སོ།

མདོར་ན་དེང་གི་བོད་ཀྱི་སངས་རྒྱས་བསྟན་པའི་སྒྲུབ་བཤད་ཀྱི་འཆད་ཉན་ཉམས་དམའ་བའི་དུས་འདིར་ཆོས་ཚུལ་བཞིན་བྱེད་མཁན་བྱུང་ན། མི་གཅིག་གིས་ཀྱང་བསྟན་པ་རིན་པོ་ཆེ་དང་སེམས་ཅན་རྣམས་ལ་ཕན་ཐོགས་པའི་དུས་ཡིན་པས་ན་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་དང་མཛད་པ་ཐམས་ཅད་དེ་ལས་མ་འདས་སོ།

སྨྲས་པ།

སངས་རྒྱས་བསྟན་དང་གངས་ཅན་འགྲོ་དོན་དུ།

ཆོས་རིག་འཛིན་པའི་ལྟེ་བའི་གནས་གྱུར་པའི།

དགོན་པའི་སློབ་གཉེར་སྐྱོང་བའི་ཐབས་ལམ་བཅས།

ཉམས་མྱོང་དོན་དང་འབྲེལ་བའི་གསུང་བཤད་བསྩལ།

ཞེས་པ་ནི་གཞུང་བརྒྱ་སྨྲ་བའི་ཟིན་བྲིས་ལས་དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། །ལ་འཇུག་པར་བསྐུལ་བའི་སྙིང་གཏམ་རིག་པའི་ཁུ་བྱུག་དགྱེས་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །ཞེས་པ་ལས་གསུང་འབུམ་གྱི་གླེགས་བམ་གཉིས་པ་ལས་འཕྲོས་པའི་གངས་ཅན་སློབ་གསོའི་ལྟེ་གནས་སུ་གྱུར་པའི། །དགོན་པའི་སློབ་གཉེར་དམ་འཛིན་དགོས་པར་གསུངས། །ཞེས་པའི་གསུང་ཚན་གྱི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དང་བཅས་པའི་སྒོ་ནས་གངས་ཅན་གཞོན་ནུ་རྣམས་དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། །ལ་འཇུག་པར་རིག་པའི་ཁུ་བྱུག་གིས་རབ་བྱུང་བཅུ་བདུན་པའི་ས་བྱི་སྟེ་སྤྱི་ལོ་༢༠༠༨ལོའི་བོད་ཟླ་དང་པོའི་ཚེས་བཅུ་བདུན་དང་སྤྱི་ཟླ་གཉིས་པའི་ཚེས་ཉེར་གཉིས་ལ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་རྟེན་འབྱུང་ཉི་མའི་འོད་ཁང་ནས་ཐལ་མོ་སྙིང་ཁར་སྦྱར་ཏེ་ཡང་ནས་ཡང་དུ་བསྐུལ་བའོ



[①] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༨༨ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[②] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༨༨ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[③] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༨༨ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[④] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༨༩ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[⑤] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༨༩ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[⑥] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༨༩ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[⑦] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༨༩ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[⑧] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༨༩ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[⑨] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༨༩ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[⑩] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༠ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[11] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༠ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[12] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༠ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[13] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༠ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[14] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༡ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[15] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༡ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[16] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༡ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[17] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༡ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[18] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༢ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[19] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༢ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[20] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༢ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[21] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༣ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[22] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༣ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[23] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༣ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[24] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༣ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[25] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༣ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[26] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༤ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[27] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༥ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[28] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༥ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[29] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༦ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[30] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༦ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[31] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༦ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[32] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༧ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[33] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༧ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[34] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། ། དེབ་གཉིས་པ། ཤོག་ངོས་༣༩༧ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།

0 comments:

ཟིན་བྲིས་འཚོལ་ཡུལ