དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 15 September 2012
མཁས་གྲུབ་གཉིས་ལྡན་གྱི་བླ་མ་དམ་པ་འཇུ་བསྟན་སྐྱོང་དྲན་པ། །
ན་མོ་མ་ཧྰ་གུ་རུ་ཡེ།
གངས་རིའི་ལྗོངས་སུ་མཁས་བཙུན་བསྟན་པ་སྐྱོང་། །
འཕགས་པའི་ཡུལ་ནས་གྲུབ་པའི་གོ་འཕང་བརྙེས། །
ངེས་མེད་ཞིང་དུ་བཟང་པོའི་ཕྲིན་ལས་ཅན། །
བདག་གི་བླ་མ་སྙིང་གི་དཀྱིལ་ནས་དྲན། །
གང་སྐུ་བཤེས་གཉེན་དམ་པའི་མཚན་ཉིད་ཅན། །
དུས་གསུམ་རྒྱལ་དང་རྒྱལ་སྲས་གསུང་དབྱངས་ཅན། །
མུ་མཐའ་མེད་པའི་འགྲོ་ཁམས་འདྲེན་མཛད་པའི། །
འཇུ་རིགས་བསྟན་སྐྱོང་བླ་མ་བདག་ལ་དགོངས། །
སུམ་བརྒྱ་དྲུག་ཅུའི་ཉིན་ཞག་འཁོར་ལོ་རུ། །
ཐོས་བསམ་སྒོམ་པའི་ཏིང་འཛིན་ངང་གནས་པའི། །
བཅོས་མིན་དོན་དམ་བླ་མ་དགེ་བའི་བཤེས། །
མཆོག་གི་གཉུག་མའི་མཛད་པར་བདག་ཡི་རང་། །
རྒྱང་རིང་ཤར་ནུབ་རྒྱ་མཚོའི་བསྐལ་ན་ཡང་། །
བརྩེ་དམ་དད་གུས་འགྱུར་མེད་ངོ་ལྐོག་ཅན། །
དགྱེས་དཔལ་རྡོ་རྗེའི་ཕྱོགས་ལ་དལ་ཅིག་དགོངས། །
གང་འཆར་ནང་མཆིད་བདེན་པའི་ཚིག་འདི་གསོན། །
ཕྱོགས་དུས་རྒྱལ་བ་སྲས་བཅས་བདེན་པ་བརྡར། །
མཆོག་སྐུ་དྭངས་གསལ་བདེ་བའི་སྨོན་ལམ་དང་། །
གསུང་དབྱངས་ཆོས་འཆད་སྙན་བརྒྱུད་སྤེལ་བ་དང་། །
མཁྱེན་བརྩེ་ནུས་པའི་ཐུགས་རྒྱུད་སྙིང་ནས་སྐུལ། །
ཀ་དག་ཆོས་སྐུའི་དགོངས་པ་མངོན་གྱུར་ནས། །
ཁ་སྦྱོར་ཡན་ལག་བདུན་ལ་དབང་འབྱོར་པས། །
ག་སར་གང་དུ་ཕེབས་ཀྱང་བསྟན་སྐྱོང་བ། །
ང་ཡི་བླ་མ་རིག་འཛིན་བརྒྱུད་པའི་སྲས། །
ཅ་དག་ཚུལ་འཆོས་སྤྱོད་པ་མཆོག་ལ་དབེན། །
ཆ་ལུགས་ཆོས་མཐུན་མཛད་པའི་རྣལ་འབྱོར་པ། །
ཇ་རྩམ་ཆོག་ཆེས་ཀུན་ལྡན་བྱ་བྲལ་བ། །
ཉ་རྒྱས་ཟླ་ལྟར་སྤོངས་རྟོགས་ཀུན་རྫོགས་ཐུགས། །
ཏ་ཐྰ་ག་ཏའི་བསྟན་པའི་སྙིང་པོ་རྟོགས། །
ཐ་སྙད་ཤེས་བྱའི་གནས་ལ་མཁྱེན་རྒྱ་ཆེ། །
ད་ལྟའི་དུས་རབས་འདྲེན་པའི་མཁས་གྲུབ་མཆོག །
ན་མོ་དད་གུས་འདུན་པ་ཁྱེད་ལ་ཕྱོགས། །
པ་ལོ་མཐིང་མདོག་མཛེས་པའི་ཟུར་ཕུད་རྒྱན། །
ཕ་གཅིག་པདྨའི་རྒྱལ་ཚབ་རིན་པོ་ཆེ། །
བཛྲ་དྷྰ་རའི་བསྟན་པའི་བརྒྱུད་འཛིན་མཆོག །
མ་ལུས་འགྲོ་བའི་འདྲེན་པ་ཁྱེད་མིན་སུ། །
ཙཀྲའི་དེ་ཉིད་གསང་བའི་སྙིང་དོན་དང་། །
ཚ་གྲང་མནར་བའི་ནད་སེལ་བྱང་སེམས་སྨན། །
ཛ་ཡའི་བསྟན་སྐྱོང་མཁན་ཆེན་རྡོ་རྗེ་འཆང་། །
ཝ་ལེར་དྲན་པའི་དུང་བ་དགོངས་ལགས་སམ། །
ཞྭ་དམར་བསྟན་པའི་གསལ་བྱེད་བསྟན་བཅོས་དང་། །
ཟ་མ་ཏོག་བཞིན་སྙན་ངག་བདུད་རྩིའི་མཛོད། །
འ་ཅག་ལུང་རྟོགས་བསྟན་སྐྱོང་རིན་པོ་ཆེ། །
ཡ་མཚན་རྨད་བྱུང་བླ་མ་དམ་པ་རྒྱལ། །
ར་བ་གངས་ཅན་བོད་ཀྱི་མཁས་གྲུབ་རྗེ། །
ལ་རྒྱའི་རྟུལ་ཞུགས་ལྡན་པའི་གངས་སེང་གིས། །
ཤ་ཚ་སྙིང་རྗེས་བསྟན་སྲིད་ལེགས་སྐྱོང་པའི། །
ས་བཅུའི་དབང་ཕྱུག་གླིང་དཀར་དཔའ་བོའི་རྒྱུད། །
ཧ་ཅང་དྲན་པས་མཁས་གྲུབ་དམ་པ་ཁྱེད། །
ཨ་མཚར་རྩེད་མོས་ཚུལ་དུ་མ་དགོངས་པར། །
མཁྱེན་བརྩེ་འོད་དཀར་འཇོ་བའི་བྱིན་རླབས་དཔལ། །
འགྲོ་ཁམས་ལྷ་ལམ་ཁྱོན་དུ་རྟག་བཞུགས་གསོལ། །
བདག་ཅག་སྙིགས་མའི་འགྲོ་བ་མགོན་མེད་ལ། །
ཐུགས་རྗེས་དགྱེས་འཛུམ་དགེ་བའི་ལེགས་བཤད་ཆར། །
ཅིར་དགའ་སྨིན་ཅིང་གྲོལ་བའི་ཡེ་ཤེས་དོན། །
གང་བསམ་ཡིད་བཞིན་འཇོ་བའི་དཔལ་སྩོལ་ཅིག །
ཅེས་པ་རབ་རྒྱན་ཆུ་འབྲུག་ཁྲུམས་སྟོད་ཟླ་ཚེས་དགེ་བར་ཆོས་མཆེད་བླ་མ་དམ་པ་འཇུ་བསྟན་སྐྱོང་ཉིད་དྲ་སྟེང་ནས་མཇལ་ཙམ་གྱི་མོད་ལ་རང་སྣང་གང་ཤར་དུ་དམ་པ་ཉིད་ལ་བཅོས་མིན་གྱི་དད་གུས་ཅན་ཤྲྰི་སྨྱོན་པས་གསོལ་བ་འདེབས་པ་དགེའོ། །
Subscribe to:
Post Comments (Atom)
0 comments:
Post a Comment