དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Wednesday, 17 October 2012
༄༅། །སྐུ་གསུམ་ལ་བསྟོད་པ་ངེས་དོན་ཆོས་ཀྱི་སྒྲ་དབྱངས།
ཨེ་མ་ཧོ། །
ཀ་དག་གདོད་མའི་དབྱིངས་ལས་མ་གཡོས་བཞིན། །
ཁ་སྦྱོར་ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས། །
གང་ལ་གང་འདུལ་སྤྲུལ་པའི་རོལ་གར་ཅན། །
ང་ཡི་བརྒྱུད་གསུམ་བླ་མའི་ཚོགས་ཀུན་རྒྱལ། །
ཅ་ཅོའི་ཚིག་ཙམ་སྨྲས་ཀྱང་གདམས་དོན་གསུང་། །
ཆ་ལུགས་སྣ་ཚོགས་བསྒྱུར་ཀྱང་གང་འདུལ་སྐུ། །
ཇ་ཆང་འདོད་ཡོན་ཐུགས་དམ་རྒྱན་འཆར་བའི། །
ཉ་རྒྱས་ཟླ་ལྟར་སྤྲུལ་སྐུའི་གསང་གསུམ་རྒྱལ། །
ཏ་ཐྰ་ག་ཏྰའི་བསྟན་པའི་བརྒྱུད་འཛིན་མཆོག །
ཐ་སྙད་རིག་པའི་ཤིང་རྟ་སྤྲུལ་པའི་སྐུ། །
ད་འདས་མ་འོངས་འདྲེན་པའི་དེད་དཔོན་རྗེ། །
ན་མོ་མཆོག་གསུམ་རྒྱལ་བའི་རྒྱལ་ཚབ་རྒྱལ། །
པ་ལོ་དབུ་ལ་བཅིངས་པའི་སྔགས་འཆང་སྡེ། །
ཕ་མའི་གནང་བར་ཐོབ་པའི་རབ་བྱུང་སྡེ། །
བ་གླང་ཕྱུགས་ལྟར་འཚོ་བའི་ཁྱིམ་སྡེ་སོགས། །
མ་ལུས་འགྲོ་ཁམས་འདུལ་མཛད་སྤྲུལ་སྐུ་རྒྱལ། །
ཙྭ་རི་སྦས་ཡུལ་བཞུགས་པའི་སྒོམ་ཆེན་དང་། །
ཚ་གྲང་དཀའ་སྤྱད་མཛད་པའི་ཕན་བདེའི་གྲོགས། །
ཛ་ཡའི་བསྟན་པའི་བཤད་སྒྲུབ་ཕྲིན་ལས་ཀུན། །
ཝ་ལེར་གསལ་མཛད་སྤྲུལ་པའི་སྐུ་རྣམས་རྒྱལ། །
ཞྭ་མདོག་སྣ་ཚོགས་འཆང་བའི་རིས་མེད་དང་། །
ཟ་ཧོར་མཁན་ཆེན་ལྟ་བུ་ཆོག་ཤེས་མཁན། །
འ་འུར་གྲགས་རྒྱུག་མེད་པའི་ཚོགས་ཆེན་རིགས། །
ཡ་མཚན་རྨད་བྱུང་དག་མཉམ་སྐུ་གསུམ་རྒྱལ། །
ར་བ་གངས་རིའི་མངའ་བདག་ཆོས་ཀྱི་རྒྱལ། །
ལ་རྒྱའི་བསྟན་སྲིད་འཛིན་པའི་སྤྲུལ་པའི་སྐུ། །
ཤ་རུས་གདོང་རྒྱུད་གཅིག་པའི་རྗེ་འབངས་ཀུན། །
ས་བཅུའི་དབང་ཕྱུག་སེམས་པའི་ཚོགས་རྣམས་རྒྱལ། །
ཧ་ཅང་སྙིགས་མའི་དུས་ཀྱི་ཡང་མཐར་འདིར། །
ཨ་དོན་སྐྱེ་མེད་རྟོགས་པའི་སྐུ་གསུམ་བདག །
ཤྰཀྱའི་རྒྱལ་དང་པདྨ་ཀ་ར་སོགས། །
འཛམ་གླིང་མཛེས་པའི་རྒྱན་ཀུན་རྒྱལ་གྱུར་ཅིག །
ཆོས་སྐུ་ཀུན་བཟང་དྲུག་པ་རྡོ་རྗེ་འཆང་། །
ལོངས་སྐུ་རྒྱལ་བ་རིགས་ལྔ་ཞི་ཁྲོའི་ལྷ། །
སྤྲུལ་སྐུ་འཕགས་བོད་པན་གྲུབ་རྩ་བ་གསུམ། །
ཆོས་སྐྱོང་དམ་ཅན་ཚོགས་ཀུན་རྒྱལ་གྱུར་ཅིག །
ཆོས་སྐུའི་བསྟན་པ་ཡང་གསང་རྫོགས་པ་ཆེ། །
ལོངས་སྤྱོད་རྫོགས་སྐུའི་བསྟན་པ་ཕྱག་རྒྱ་ཆེ། །
སྤྲུལ་སྐུའི་ཐེག་ཆེན་བསྟན་པ་དབུ་མ་ཆེ། །
སྐུ་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ཆོས་ཉིད་རྣམ་དག་མཉམ་པའི་མཐུ་སྟོབས་དང་།།
རྟེན་འབྲེལ་རྒྱུ་འབྲས་བསླུ་མེད་བདེན་པ་དང་།།
དཀོན་མཆོག་རིན་ཆེན་གསུམ་གྱི་བྱིན་རླབས་ཀྱིས།།
ཇི་ལྟར་སྨོན་པའི་དོན་ཀུན་ལྷུན་འགྲུབ་ཤོག།
ཅེས་པ་རབ་རྒྱན་ཆུ་འབྲུག་སྨིན་ཟླའི་གཟའ་ཚེས་དགའ་བའི་ལྷག་དཀར་ཉིན་ཤྲྰིས་གང་དྲན་དུ་གུས་པས་སྨོན་པར་དགེའོ། །
Subscribe to:
Post Comments (Atom)
0 comments:
Post a Comment