དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 23 October 2012

ཨེ་ཝྃ་ཆོས་སྨན་གླིང་གི་ཨེ་ཝྃ་ལྔ་རིག་དཔེ་མཛོད་ཁང་གི་མཛད་སྒོའི་སྐབས་སུ་
ཚོགས་གཏམ་ཕུལ་བ་མཆོད་སྤྲིན་རིན་པོ་ཆེའི་ཕུང་པོ་
ཞེས་བྱ་བ་བཞུགས་སོ།།

ཨེ་མ་ཧོ། །

ཨེ་ཝྃ་ཟུང་འཇུག་རོལ་གར་ཤྰཀྱའི་རྒྱལ།
རྒྱལ་ཀུན་སྤྱི་གཟུགས་མཚོ་སྐྱེས་རྡོ་རྗེ་དང་། །
མདོ་སྔགས་བསྟན་པའི་མཁས་གྲུབ་རིག་འཛིན་ལ། །
སྒོ་གསུམ་མི་ཕྱེད་དད་པས་ཕྱག་འཚལ་ལོ། །
 
རབ་འབྱམས་རྩ་གསུམ་ཐུགས་རྗེའི་རང་གཟུགས་ཀྱི།
བླ་མ་དམ་པའི་ཐུགས་དགོངས་ཡོངས་རྫོགས་ཕྱིར། །
ཨེ་ཝྃ་ལྔ་རིག་དཔེ་མཛོད་གསར་དུ་བཞེངས། །
ཕན་བདེའི་དད་བརྩོན་ཤེས་རབ་དགའ་ཚལ་ལགས། །
 
ཨེ་ཝྃ་བཤད་སྒྲུབ་བསྟན་པའི་ཉིན་སྣང་གིས། །
སྐྱེ་རྒུའི་རྨོངས་པའི་མུན་པ་ཀུན་བསལ་ནས། །
ལུང་དང་རྟོགས་པའི་དགའ་ཚལ་རབ་རྒྱས་ཏེ། །
སྐལ་བཟང་གདུལ་བྱའི་དཔལ་ཡོན་རྒྱས་གྱུར་ཅིག །

ཅེས་གང་ཤར་བསྟོད་ཚིག་བསྔགས་པའི་དགོས་དོན་གྱི་མཆོད་སྤྲིན་མདུན་དུ་ལེགས་པར་བཤམས་ནས། དད་གུས་མོས་པའི་ལས་སྨོན་བཟང་པོས་ལྷན་འཛོམས་སུ་བྱོན་པའི་དད་ལྡན་གྱི་མི་དམངས་ཡོངས་དང་། ཏང་དང་རྒྱལ་ཁབ་གྱི་དགེ་རྒན། དགོན་སྡེ་ཁག་ནས་ཕེབས་པའི་གྲྭ་བ་དང་བཙུན་མ། མཁན་སྤྲུལ་དང་། ཁྱད་པར་བདག་ཅག་གི་བླ་མ་དམ་པ་ངེས་པ་དོན་གྱི་རྣལ་འབྱོར་པ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་རྣལ་འབྱོར་དམ་པ་འོད་ཟེར་མཐར་ཕྱིན་ནམ་བླ་མ་ལོ་དགའ་ཉིད་ཀྱི་དངོས་སློབ་དང་སྦྱིན་བདག་ཉེ་འབྲེལ་སོགས་རང་གི་དགོན་སྡེ་དང་། རྫ་སྟོད་མི་དམངས་ཡོངས་དང་། ཕྱོགས་སོ་སོ་ནས་་ཕེབས་པའི་དད་འདུན་ཅན་རྣམས་འདིར་རྟེན་འབྲེལ་སྒོ་འབྱེད་དུ་ཕེབས་པར་སྙིང་ ནས་ཐུགས་རྗེ་ཆེ་ཞུ་བ་དང་། དེ་ཡང་འདིར་ཨ་སྐྱ་བླ་མ་དང་འབྲེལ་ཡོད་མི་སྣས་དཀའ་བ་ཁྱད་དུ་བསད། ངལ་བ་དུང་ལེན་གྱིས་བླ་མ་དམ་པའི་ཐུགས་དགོངས་རྫོགས་པའི་ཆེད་དུ་སྐུ་གདུང་མཆོད་རྟེན་ཚད་དང་ལྡན་པ་ཉིད་གཟུངས་འཇུག་རབ་གནས་བཅས་ལེགས་གྲུབ་བྱུང་ཟིན་པ་དང་། གསུང་རྟེན་གླེགས་བམ། ཐུགས་རྟེན་ལྷ་ཁང་གི་དཔེ་མཛོད་འདི་དག་བཞེངས་བ་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ང་ཚོའི་བླ་མ་དམ་པ་དགོངས་པ་ཆོས་ཀྱི་དབྱིངས་སུ་རྫོགས་ནས་སྐུ་ལུས་འདས་ཟིན་པར་ལྟར་སྣང་ཡང་། བདག་ཅག་གི་དམ་ཚིག་ལ་ཉེ་རིང་མེད་པར་ཡིན་པས་བླ་སློབ་ཀྱི་དམ་ཚིག་དང་མོས་གུས་བྱིན་རླབས་ལ་འདས་འགྲོ་རྒྱུ་ཞིག་མེད་པ་དེ་ངེས་པར་ཤེས་དགོས། ངེས་དོན་གྱི་བླ་མ་དམ་པ་ཁོང་ལྟ་བུ་རྣམས་ལ་ནི། དོན་གྱི་བླ་མ་འདས་སོང་ཟེར་བ་དང་། བྱིན་རླབས་ལ་ཉེ་རིང་དང་། ཐུགས་རྗེ་ལ་ཆེ་ཆུང་མེད་པ་ཡིན། དེས་ན་དམ་ཚིག་ལ་ངོ་ལྐོག་མེད་པར་བླ་མའི་རྣལ་འབྱོར་ལ་བརྩོན་དང་མཆོག་ཐུན་གྱི་དངོས་གྲུབ་ངེས་པ་ཐོབ་འགྱུར་ལ་ཐེ་ཚོམ་མེད་པ་ཡིན་ནོ།དབང་པོ་རབ་ཡིན་ན་མངོན་སུམ་མཇལ་ནས་འདས་རྗེས་ཐོབ་པ་དང་།འབྲིང་ལ་རང་གི་ཉམས་རྟོགས་ཀྱིས་གོ་མྱོང་རྟོགས་པ་རྒྱས་ཞིང་དངོས་གྲུབ་ཐོབ་ཅིང་གྲོལ་བ། ཐ་ན་ཡང་རྨི་ལམ་དུ་ལུང་བསྟན་བྱིན་རླབས་འབྱུང་བ་སོགས་ཡོད་པས་དེ་ལུགས་མཛད་པར་མཁྱེན་ནོ། ། བླ་མ་དམ་པའི་རྣམ་ཐར་ནི་ཀུན་གྱིས་མཁྱེན་གསལ་དང་གདམས་ངག་རྣམས་ཀྱང་བླ་མ་ཉིད་ཀྱི་གསུང་འབུམ་དུ་བཞུགས་པས་དེར་གསལ། དམིགས་བསལ་ནི་དམ་པ་ཉིད་ཀྱི་ཞལ་ནས་འཁོར་བའི་ཆོས་ལ་སྙིང་པོ་ཡོད་པར་མ་འཛིན།སེམས་ཅན་ལ་དམིགས་ནས་བྱམས་བརྩེའི་སྙིང་རྗེ་བསྐྱེད།ཆོས་ལ་དམིགས་པའི་རིག་གནས་ཤེས་དགོས།དམ་པའི་ཆོས་ཡང་དག་ཅིག་རང་རང་སོ་སོའི་སེམས་ཐོག་ནས་སྒྲུབས་ཞེས་གསུངས་པ་དེ་རེད།དེས་ན་ང་ཚོ་ཚང་མས་ཆོས་དང་འཇིག་རྟེན་གཉིས་ལས་དམ་པའི་ཆོས་གཙོ་བོ་སྒྲུབ་དགོས་པ་ཡིན་གསུང་པའི་དོན་དག་རེད།ཆོས་དེ་དག་མི་ཤེས་པ་ཅི་ཡང་མེད།དགེ་བཅུའི་ཆོས་ལ་སྒྲུབ་ཅི་ནུས་སུ་འབད་ཅིང་།སྡིག་པ་སྤང་བ་ལ་འབད་བརྩོན་བྱ་རྒྱུ་དེ་རེད།དེ་ཡང་ཆོས་མཐུན་གྱིས་འཚོ་བ་སྒྲུབ་དགོས་རེད། འཁོར་བའི་ཟས་གོས་ཙམ་ཡང་འཚོ་བའི་རྩོལ་སྒྲུབ་མི་དགོས་པར་ཚང་མ་བླ་གྲྭ་དང་ཇོ་མོ་རབ་བྱུང་དག་དག་བཟོ་དགོས་གསུང་པའི་དོན་དག་མིན་པར་ཆོས་སྡེ་གསུམ་པོ་གང་ཡིན་རུང་འཚོ་གནས་ལ་སོ་སོའི་ངོས་ནས་ཅི་ནུས་སུ་ཆོས་མཐུན་གྱིས་སྒྲུབ་རྒྱུ་དེ་རེད།ངས་བསམ་ན་ང་ཚོ་ཚང་མས་བོད་མི་རིགས་ཡོངས་རྫོགས་ལ་དཔེ་མཚོན་ནས་བཤད་ན་ཡང་།སྔོན་བྱོན་དམ་པ་གོང་མའི་བཀའ་དྲིན་གྱིས་ཆོས་ལྡན་གྱི་ཞིང་ཞེས་ཁྱིམ་གྱི་བྱིས་པ་ཆུང་ནས་བཟུང་དགེ་བསྙེན་གྱི་སྡེ་ཞེས་ཕལ་ཆེ་བ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་ཡན་ཆོད་བོད་མི་རིགས་ཡོངས་རྫོགས་དང་།རབ་བྱུང་ངུར་སྨྲིག་གི་སྡེ་ཞེས་དགོན་པ་དབེན་རིར་བཞུགས་ནས་ལུང་རྟོགས་ཀྱི་ཆོས་ལ་བཤད་སྒྲུབ་ཁོ་ན་མཛད་པའི་གྲྭ་བཙུན་དང་།གོས་དཀར་ལྕང་ལོའི་སྡེ་ཞེས་སྣ་གཅིག་སྣ་འགའ་ཕལ་ཆེར་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་གཞིར་བཞག་ནས་གསང་སྔགས་ཀྱི་ཆོ་གའི་བསྐྱེད་རྫོགས་དང་སྔགས་བླ་མེད་ཀྱི་རྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ཕོ་མོ་ཞེས་སྡེ་གསུམ་དུ་ཕྱེས་ནས་སོ་སོའི་མདུན་ལམ་ལ་དོན་གྱི་སྙིང་པོ་ལོན་པ་ཞིག་ལ་བརྩོན་པར་ཞུ། དེ་ལྟར་འབད་ན་བདེ་བར་སྣང་ངོ་། །
དེ་ཡང་ཚུར་བསྡུ་ན་ཁྱིམ་པ་དང་རབ་བྱུང་གི་སྡེ་གཉིས་རེད།དེ་ཡང་ཚུར་བསྡུ་ན་དམ་པའི་ཆོས་ཀྱི་སྡེ་དགོན་ལ་ཆོས་སྡེ་ཞེས་གཅིག་ཏུ་བཤད་ན་འགྲིག་གི་འདུག དམ་ཆོས་གཞིར་བཞག་ན་ཆོས་ཀྱི་རྩ་བ་ཟིན་ཡོད།
དེ་ལ་དེ་རིང་ངས་གཙོ་བོ་བཤད་རྒྱུའི་ཚོགས་གཏམ་དེའི་མིང་ལ་ཨེ་ཝྃ་ཆོས་སྨན་ཞེས་ཚིག་བཞི་དེ་ཡིན། ཨེ་ཝྃ་ནི་ལེགས་སྦྱར་གྱི་སྐད་དེ་ལོ་པན་གྱི་བཀའ་དྲིན་དྲན་པ་དང་བྱིན་རླབས་ལྡན་པས་བརྟགས་པ་ཡིན། དོན་ལ་ཐབས་ཤེས་ཞེས་པའི་དོན་དང་ཅིག་པ་རེད།ཆོས་སྨན་ནི་ཚང་མས་ཤེས་གསལ་ལྟར་རང་རྒྱུད་ལེགས་པར་འཆོས་པ་དང་ནད་ལ་སྨན་སྦྱིན་པ་ལྟ་བུ་དག་དང་ཕྱི་ནང་གསང་བའི་ཆོས་སྨན་དུ་གོ་རྒྱུ་ཡོད། དེས་ན་ཨེ་ཝྃ་ཆོས་སྨན་ཞེས་པའི་ཚིག་འདི་ཕན་ཐོག་དང་བདེ་སྐྱིད་བསྐྱེད་པའི་ཚོགས་གཏམ་ཞིག་ཡིན། འདིའི་དོན་དག་རྣམས་མཐར་ཐུག་པ་ཞིག་ཤེས་ན་མདོ་སྔགས་ཀྱི་ཆོས་ཀྱི་སྙིང་པོ་ཀུན་ཀྱང་ཤེས་ཐུབ་པ་ཡིན།དཔེར་ན་ཉན་ཐོས་ཐེག་པའི་ཐབས་ཤེས་ཆོས་སྨན་གྱི་གཞི་ལམ་འབྲས་བུ་ནས་ཡ་ཀི་རྫོགས་པ་ཆེན་པོ་བར་སྦྱར་ནས་འཆད་ཚུལ་དང་སྒྲུབ་ཚུལ་ཡོད།ལེགས་སྦྱར་སྐད་ཡིག་དེ་གཞིར་བཞག་ནས་བཤད་ན་གོ་རིམ་ཡག་པོ་བྱས་ནས་གོ་རྒྱུ་ཡོད་པས་དེ་བཞིན་དུ་བཤད་རྒྱུ་ཡིན།བོད་ཡིག་གཞིར་བཞག་ནས་བཤད་ན་ཤེས་ཐབས་ཆོས་སྨན་ཡིན།གཙོ་བོ་ནི་སུ་ཞིག་ལ་ངེས་ཤེས་ལས་འཁྲུངས་པའི་སྙིང་རྗེ་བྱང་ཆུབ་སེམས་ཞིག་ཡོད་ན་འགྲོ་བ་འདུལ་བའི་ཐབས་མཁས་དང་དམ་པའི་ཆོས་ཀྱི་ཉམས་ལེན་གྱི་རྩ་བ་དངོས་ཡིན་པས་ཅི་ནས་ཀྱང་འབད་བརྩོན་དྲག་པོས་རྒྱུད་ལ་སྐྱེ་བར་བྱ་དགོས་པ་ནི་གལ་ཆེན་པོའི་གཞི་རྩ་ཡང་ཡིན་ནོ། །

༈ དམ་པའི་ཆོས་ཡང་རྒྱུ་མཚན་ཤེས་པའི་སྒོ་ནས་སྐྱབས་སུ་འགྲོ་བ་དང་གཞན་ཕན་སྒྲུབ་དགོས་པ་དང་། འཇིག་རྟེན་པའི་ཤེས་བྱ་ཡང་ཤེས་ནས་འཚོ་སྒྲུབ་དགོས་པ་དང་།ཤེས་ཡོན་མི་སྦྱང་པར་ལྟོ་གོས་ཀྱི་རྩོལ་སྒྲུབ་ཙམ་མ་གཏོགས་བསམ་རྒྱུ་མེད་ན་དུད་འགྲོ་ཕྱུགས་དང་ཁྱད་མེད་དུ་ཆགས་ན་མིའི་ལུས་རྟེན་ཐོབ་པ་ཆུད་ཟོས་སུ་བཏང་པ་རེད། དེས་ན་ཤེས་ཡོན་སྦྱང་རྒྱུ་ཉིད་ཤིན་ཏུ་གལ་ཆེན་པོའི་གནད་འགག་ཅིག་རེད། དམ་པའི་ཆོས་ལས་གཞན་དག་རིག་གནས་རྣམས་སྦྱང་མི་དགོས་པ་མ་རེད། ངེས་པར་སྦྱང་དགོས་རེད། ང་ཚོ་བོད་པ་ཡོངས་ཀྱི་ཕ་ནོར་བཅུ་ཕྲག་རིག་གནས་ཆ་ཚང་སྦྱང་ཐུབ་ན་ནི་ངེས་པར་སྦྱང་དགོས་རེད། ཀུན་མཁྱེན་གྱི་དངོས་རྒྱུ་རེད། ཚན་རིག་གི་རྣམ་གྲངས་དང་རྒྱ་དབྱིན་གྱི་སྐད་རིག་ལ་སྦྱང་དགོས་རེད། དེ་མིན་ཡང་དམ་པའི་ཆོས་ཀྱི་ཐབས་ཤེས་ཆོས་སྨན་འདི་ངེས་པར་སྦྱང་དགོས་པ་སྒྲུབ་དགོས། དེ་ཡང་གོ་བློ་དང་ཐོས་བློ་ཙམ་གྱིས་མི་ཕན་པར་ཐོས་དོན་ལ་བསམ་ཞིང་དཔྱད་དོན་ཚུལ་བཞིན་བསྒོམ།

ཏང་གི་སློབ་གྲྭ་ལ་འགྲོ་མྱང་བ་ཕལ་ཆེ་ནི་བསམ་ཤེས་སྤྱོད་པ་དག་འགྱུར་འགྲོ་ཚར་བས་ཕ་མེས་བཟང་པོའི་སྲོལ་རྒྱུན་ལྷན་སྐྱེས་ལྟ་བུ་ཡ་རབས་ཀྱི་དྲང་བདེན། ངོ་ཚ་དང་ཁྲེལ་ཡོད། ལས་འབྲས་ལ་ཡིད་ཆེས། དཀོན་མཆོག་གསུམ་ལ་དད་གུས་དང་སེམས་ཅན་ཀུན་ལ་འདྲ་མཉམ་མཛད་པའི་དག་སྣང་། བྱམས་བརྩེ་དང་ཤེས་རབ་ཟབ་མོས་གོམས་གཤིས་བཟང་པོ་རྣམས་མི་འགྱུར་བ་དེ་ནི་ཤིན་ཏུ་གལ་ཆེའོ། ། ང་ཚོའི་རིག་གཞུང་ཆ་ཚང་སྦྱང་རྒྱུ་ཡོད་སའི་ཏང་གི་སློབ་གྲྭ་ནི་མེད་པས་དགོན་པའི་བཤད་གྲྭ་དང་ཆོས་སྒར་ཆེ་ཆུང་གི་དགེ་རྒན་དང་མཁན་སློབ་ཡང་དག་ཚོ་ལས་སློབ་སྦྱོང་གནང་ན་མི་ཚེ་སྙིང་པོ་ལོན་པ་རེད།

དེ་ལྟར་མ་ནུས་ན་ཡང་གཟའ་འཁོར་རེའི་ནང་དུ་ལྔ་རིག་དཔེ་མཛོད་ཁང་ནས་དཔེ་ཀློག་དང་བརྙན་འཁོར་བརྙན་ཐག་ལས་ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་སྤྱོད་འཇུག་དང་སྡོམ་གསུམ་དང་དཔེ་ཁྲིད་རིགས་ལ་གསན་བསམ་དང་བགྲོ་གླེང་བྱས་ན་བཟང་ངན་དང་བླང་དོར་ཡག་པོ་མཁྱེན་པར་འགྱུར་རོ། ། འཇིག་རྟེན་ཕྱོགས་ནས་བཤད་ན་ཡང་ཞིང་འབྲོག་གི་ཚོང་ལས་དཔལ་འབྱོར་ཕྱུག་འཚོ་བ་དང་།ལུད་སྐྱེལ་བ་ཙམ་མིན་པར་རྣམ་དཔྱོད་ཀྱི་རིག་པ་བསྒྲིམ་ནས་དགེ་བཅུ་ཁྲིམས་དང་མཐུན་པའི་ཚོང་ལས་དང་། འཁོར་ཡུག་སྲུང་སྐྱོབ་དང་མ་འོངས་མདུན་ལམ་རིང་མོ་ཞིག་ལ་ཐུགས་བསམ་བཞེས་ནས་སྤྱི་ཕན་གྱིས་བྱ་བ་སྒྲུབ་ཤེས་ནས་ཡང་དག་པའི་ཚེ་འདི་ཕྱི་གཉིས་སྨན་གྱི་འཚོ་ཐབས་ལ་འབད་བརྩོན་བྱ་དགོས་པ་དང་། ཁྱད་པར་དེང་དུས་ཁ་པར་དང་དྲ་ཚིགས་གློག་འཕྲིན་དུ་བོད་ཡིག་བེད་སྤྱོད་གཏོང་ནས་སྐད་ཡིག་ལེགས་པོ་སྦྱང་ན་འཛམ་གླིང་རྒྱལ་ཁབ་ཀུན་ལས་ང་ཚོའི་རིག་གཞུང་ལྷག་ཚུལ་གྱི་ངེས་ཤེས་ཁྱད་པར་ཅན་སྐྱེ་ནས་ངེས་ཟབ་རྒྱས་གཞན་རྗེས་རྒྱུགས་མི་དགོས་པའི་གཟུབས་སྤོབས་ཀྱི་རིག་པ་སྐྱེ་བར་འགྱུར་རོ། ། ང་རང་གིས་ཤ་ཞེན་ཅན་གྱིས་ཤེས་རིག་ཀུན་ཕན་གླིང་དང་ཨེ་ཝྃ་ཆོས་སྨན་ཁང་ལ་སྒེར་གྱི་སྒོར་མོ་བཏང་སྟེ་བོད་ཀྱི་ཤེས་རིག་སྦྱང་སའི་ཉམ་ཆུང་དྭ་ཕྲུག་གི་སློབ་གྲྭ་འདི་དག་གསར་འཛུགས་བྱས་པ་ཡིན། དགོན་པ་དང་སློབ་གྲྭའི་སྐོར་ལ་ཤེས་ཡོན་གོང་སྤེལ་དུ་རེ་ནས་དཀའ་སྤྱད་བྱས་པ་དེ་ལ་ང་ཡི་མི་ཚེའི་ནང་ལ་ཡང་དཀའ་ངལ་བསམ་ཡུལ་ལས་འདས་པ་དག་འཕྲད་ཡོད་པ་ཕལ་ཆེ་བས་ཤེས་གསལ་ལྟར་རེད། དེས་སྐབས་སུ་ཡང་དྲང་བདེན་ཐབས་ཤེས་ལ་བློ་ཕུག་གཏད་དེ་རང་གི་གྱོང་རྒུད་ལ་མགོ་བོ་མ་སྒུར་བར་གཡོ་སྒྱུའི་ཟློས་གར་ཆོས་བརྒྱད་ཀྱི་བྲན་དུ་མ་ཤོར་བས་དངོས་ནས་ཡག་པོ་ཞིག་ཆགས་ཡོད་ལགས། ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་ཞལ་ནས་བསམ་པ་བཟང་པོ་འདི་འདྲ་བས་རང་རིགས་དང་རང་རིགས་ཀྱི་ཡོན་ཏན་རྣམས་ཀྱི་དོན་དུ་འབད་པ་བྱེད་རྒྱུ་འདི་ཤིན་ཏུ་ཡི་རངས་བའི་གནས་དང་།དེང་དུས་སུ་མེད་དུ་མི་རུང་བ་ཞིག་ཀྱང་རེད།གཞན་ཡང་རང་རེ་བོད་ལ་རྒྱུས་མངའ་མེད་པའི་དངོས་ཁམས་དང་།རྫས་འགྱུར་སོགས་ནུབ་ཕྱོགས་ཀྱི་རིག་པ་གསར་བ་རྣམས་ལས་ཁོར་ཡུག་སོགས་ལ་གནོད་པ་མེད་པ་དག་ནི་ངེས་པར་དུ་སྤྱོད་ཤེས་དགོས་པར་འདུག།འདི་རྣམས་འཛམ་གླིང་གི་མི་རིགས་དེ་སྙེད་ཅིག་གིས་སྦྱངས་ནས་ཤེས་འདུག་པ་བོད་ཀྱིས་མི་ཤེས་པའི་རྒྱུ་མཚན་ཅི་ཞིག་ཡོད།དེ་ཡང་བོད་རང་གི་སྐད་ཡིག་གི་སྟེང་ནས་སྦྱང་རྒྱུ་ཡོད་དགོས།དེའི་ཕྱིར་དུ་ཡིག་བསྒྱུར་གྱི་བྱ་བའང་མང་པོ་ཞིག་བྱེད་དགོས་པར་འདུག རང་གི་སྐད་ཡིག་གི་ས་མ་ཤོར་བའི་སྟེང་ནས་གཞན་གྱི་སྐད་ཡིག་སྦྱང་རྒྱུའང་ཤིན་ཏུ་གལ་ཆེ་སྟེ།བརྡ་མ་འཕྲོད་ན་གཞན་དང་འབྲེལ་བ་བྱེད་པའི་ཐབས་མེད།སུ་དང་ཡང་འབྲེལ་འདྲིས་མེད་པར་ལུང་ཀྱོག་ཞིག་ཏུ་གནས་ན་ཤེས་རིག་དང་དཔལ་འབྱོར་གང་ལའང་ཡར་རྒྱས་འོང་དཀའ་བ་ཡིན་ནོ།དེ་སོགས་མང་པོ་ཞིག་དུས་རབས་གསར་བའི་བོད་ཀྱི་ན་གཞོན་ཚོའི་ལས་ཀྱི་བགོ་སྐལ་དུ་བབ་ཡོད་དོ།།དེ་བས་ན་དབང་ཆ་དང་།འབྱོར་བ།ཤེས་ཡོན་ཅུང་ཟད་རེ་ཡོད་པའི་བོད་རིགས་སེར་སྐྱ་ཕོ་མོ་ཡོངས་ཀྱིས་རང་རང་གི་ལྟོ་གོས་ཙམ་ལ་མགོ་མི་འཁོར་བར་བོད་སྤྱིའི་རིག་གནས་སློབ་གསོ་སོགས་ཀྱི་དོན་གལ་བོ་ཆེ་འདི་དག་ལ་ཅིས་ཀྱང་ཐུགས་བསམ་ཞིག་གཏོང་བར་ཞུ་ཞེས་ཐལ་མོ་སྙིང་ཁར་སྦྱར་ཏེ་ཞེ་ཐག་པ་ནས་གསོལ་བ་འདེབས་པ་ལགས་སོ། ཞེས་གསུངས་པ་ང་ཚོའི་སྒྲུབ་དགོས་རེད། དེ་རིང་བདག་གི་ཞུ་བྱའི་སྙིང་པོ་དངོས་ཡང་དེ་ཡིན། ཚུར་བསྡུ་ན། ལྟ་སྒོམ་སྤྱོད་འབྲས་སམ་ཨེ་ཝྃ་ཆོས་སྨན་ཞེས་པའི་མིང་ཚིག་གི་ནང་དོན་ལ་འདུས་ཡོད། དེ་ཡང་ཨེ༵་མ་ལྟ་བ་རྨད་དུ་བྱུང་བ་ནི་ལས་འབྲས་ལ་ཡིད་ཆེས་དང་དགེ་སྡིག་གི་ཚུལ་རྣམས་ཡང་དག་པ་ཞིག་ལ་ཐེ་ཚོམ་བྲལ་བའི་ངེས་པའི་ཤེས་རབ་འཁྲུངས་ཐུབ་པ་དང་།ཝ༵ྃ་ཡིག་སྟེ་སྒོམ་པ་ཐབས་མཆོག་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་གོམས་ནས་ལས་ཉོན་བག་ཆགས་ཀྱི་རྩ་བ་བསལ་ནུས་པ་དང་།ཆོས༵་ཏེ་ཆོས་མཐུན་གྱི་སྤྱོད་པ་རྣམ་པར་དག་པས་གཞན་ཕན་བྱས་ནས་དྭངས་འདྲེན་པའི་དགེ་འདུན་རྣམ་དག་ཅིག་དང་།སྨན༵་ཞེས་སྨན་པ་མཁས་པས་ནད་ངན་བསལ་ནུས་པ་བཞིན་དུ་སྐྱེ་རྒུ་ཡོངས་ལ་ལ་ཕན་ཐོག་འབྱུང་བ་ དངོས་པོའི་ཆོས་ཉིད་ཡིན་པ་འབྲས་བུ་ཡིན།དེ་དག་ངེས་པར་ཤེས་དགོས།བསྟན་འགྲོའི་དོན་དག་ཅེས་པ་ ཡང་དེ་ཡིན་ནོ།།དེ་རིང་འདིར་སྐྱེན་པོ་དགོན་པ་དང་ཨ་ནེའི་དགོན་པའི་གཙོའི་དགོན་པ་སོ་སོའི་ནང་ལ་ཡང་དགེ་འདུན་པ་རྣམས་ཐུགས་མཐུན་ཁྲིམས་གཙང་སྤང་ཀློག་གི་བཤད་སྒྲུབ་ཡོད་པ་ཞིག་ངེས་པར་མཛད་དགོས།ཇི་སྐད་དུ་སློབ་དཔོན་དབྱིག་གཉེན་གྱིས།སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།།ལུང་དང་རྟོགས་པའི་བདག་ཉིད་དོ།།དེ་འཛིན་བྱེད་པ་སྨྲ་བྱེད་དང་།།སྒྲུབ་པར་བྱེད་པ་ཁོ་ནའོ།།ཞེས་བཤད་སྒྲུབ་ཁོ་ན་ཡིན་གསུངས་པ་ལྟར་མཁས་བཙུན་བཟང་གསུམ་དང་ལྡན། འཆད་རྩོད་རྩོམ་གསུམ་ལ་མཁས་པར་འབད། ལུང་རྟོགས་ཀྱི་ཆོས་ལ་བཤད་སྒྲུབ་ཕྲིན་ལས་ཀྱི་ཡོན་ཏན་ཚད་དང་ལྡན་པ་ཚུལ་དང་མཐུན་པར་མཛད་རོགས་ཞུ།ང་ཚོའི་ཡུལ་སྡེ་བའི་ནང་ལ་མཚོན་ན་སྲོག་གཅོད་རྐུ་རྫུན་འཕྲོག་པའི་བྱ་བ་ངན་པ་སྤང་ནས་དགེ་བཅུའི་ཁྲིམས་ལུགས་བཞིན་དུ་སྒྲུབ་དགོས། རང་རང་སོ་སོར་འོས་བབ་ཀྱི་བྱ་བ་རེ་སྒྲུབ་རྒྱུ་ཡོད་པ་རེད། དཔེར་ན།ཁྱིམ་པ་དང་རབ་བྱུང་སྔགས་པ་ཚོ་ལ་ལྟ་སྒོམ་སྤྱོད་འབྲས་ཀྱི་ལམ་བསླབ་པ་གསུམ་ལ་ཉམས་ལེན་ལུང་སྡེ་སྣོད་གསུམ་ལ་ཐོས་བསམ་སྒོམ་པ།བསྟན་པའི་བྱ་བ་འཆད་རྩོད་རྩོམ་པ་རྣམས་ཀྱིས་བརྒྱུད་འཛིན་སྐྱོང་དར་སྤེལ་གནད་དུ་སྨིན་པ་ཞིག་བྱ་རྒྱུ་ནི་ང་ཚོ་ཚང་མ་ཡོངས་ཀྱི་ཕྲག་ལ་བབས་པའི་ལས་འགན་རེད། ཨེ་ཝྃ་འམ་ཐབས་ཤེས་ཆོས་སྨན་གླིང་འདིས་མཚོན་རྒྱལ་ཁམས་སྐྱེ་འགྲོ་ཡོངས་ལ་སོ་ཐར་གྱི་སྡོམ་པ་དག བྱང་སེམས་ཀྱི་བསླབ་པ་གཙང་།གསང་སྔགས་ཀྱི་དམ་ཚིག་ལྡན་པ་སྟེ་དག་གཙང་ལྡན་གསུམ་ཚང་བ་ཞིག་བྱུང་ན་འཛམ་གླིང་ཞི་བདེའི་རྒྱལ་ཁམས་ཞེས་པ་དེ་རེད། འཛམ་གླིང་སྤྱི་མཐུན་གྱི་བསོད་ནམས་རེད། འཇིག་རྟེན་བདེ་ཞིང་ལོ་ལེགས་དང་ཞེས་པ་འབྱུང་གི་རེད།དེ་ལྟ་བུའི་ལས་འགན་དེ་ནི་ང་ཚོ་ཚང་མས་སྒྲུབ་ན་འགྲུབ་ངེས་ཞིག་ཡིན། དེས་ན་འགལ་རྐྱེན་བསལ། མཐུན་རྐྱེན་སྒྲུབ་ནས་ལས་རྒྱུ་འབྲས་དང་རྟེན་ འབྲེལ་ཟབ་རྒྱས་མ་རལ་བ་ཞིག་ཅི་ནས་ཀྱང་ང་ཚོ་ཚང་མས་འབད་དགོས་པ་གལ་ཆེན་པོ་རེད།
མདོར་ན་དམ་པའི་ཆོས་དང་རིག་གནས་ཀྱི་སྙིང་པོ་ལ་སློབ་སྦྱང་བྱས་ནས་ཤེས་ཞིང་འཛིན་ཐུབ་པ།
དམ་པའི་ཆོས་ཤེས་པའི་སྙིང་རྗེ་ཉིད་ཚུལ་བཞིན་སྒོམ་པ་དང་རིག་གནས་ལག་ཏུ་ལེན་ནས་རྒྱུན་སྐྱོང་བ།
སྤྱོད་ལམ་རྣམ་བཞིའི་སྐབས་སུ་ཡང་དྲན་པ་དང་ཤེས་བཞིན་བག་ཡོད་ལ་བརྟེན་ནས་ཕན་བདེ་སྤེལ་བ།
མཐར་འབྲས་རང་གཞན་ཚང་མ་ཚེ་འདི་ཕྱིའི་བདེ་དགའ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་གྲུབ་འབྲས་སོ། །
འོ་ཡ་ད་དེ་རིང་ཡར་ངོའི་ཚེས་པ་བཅུ་ལ་ང་ཚོ་འཛམ་གླིང་ཤར་ནུབ་ཀྱི་དད་ལྡན་ཚང་མ་མཉམ་དུ་ཚོམ་བུ་གཅིག་ཏུ་འཚོགས་ནས་རིག་འཛིན་དཀོན་མཆོག་སྤྱི་འདུས་ཀྱི་དཀྱིལ་འཁོར་གྱི་ཞལ་ཕྱེས།ལྷ་སྒོམ་སྔགས་བཟླས་ཀྱི་སྒྲུབ་མཆོད་གནང་བྱེད་ཐུབ་པ་དེང་གི་རིག་རྩལ་ནུས་པ་དང་དད་འདུན་རྟེན་འབྲེལ་ལེགས་འགྲིགས་རེད།ད་ནི་སྨོན་ལམ་ཡང་རྒྱལ་བསྟན་སྤྱི་དང་ཡང་གསང་རྫོགས་པ་ཆེན་པོའི་བསྟན་པ་འདི་ཉིད་དར་ཞིང་རྒྱས་པའི་སྨོན་འདུན་དང་དམ་བཅའ་གསོལ་འདེབས་དང་དབྱིངས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པས་མཐུན་འགྱུར་གནང་བའི་ཐུགས་བསྐྱེད་ཟབ་རྒྱས་དང་།དེ་ཡང་བསྟན་པ་དེ་ཉིད་འཛིན་པའི་སྐྱེས་བུ་དམ་པ་སྔོན་བྱོན་རྒྱལ་བ་གོང་མ་རྣམས་དང་བདག་ཅག་གི་སྐྱབས་གནས་མཚུངས་པ་མེད་པ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་དང་།རྣལ་འབྱོར་པ་འོད་གསལ་མཐར་ཕྱིན་སོགས་སྔོན་བྱོན་དམ་པ་གོང་མ་ཡོངས་ཀྱི་ཐུགས་དགོངས་ཟག་མེད་ཆོས་ཀྱི་དབྱིངས་སུ་རྫོགས་པ་དང་།ད་ལྟར་བཞུགས་པའི་སྐྱེས་ཆེན་དམ་པ་རིས་མེད་བསྟན་པ་ཡོངས་ཀྱི་མངའ་བདག་མ་ལུས་འགྲོ་བ་ཡོངས་ཀྱི་མཛའ་བཤེས་ཆེན་པོ་ཆོས་རྗེ་དམ་པ་༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་སོགས་ཕྱོགས་བཅུར་གང་ན་བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་དག་སུ་ཞིག་བཞུགས་པ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་བཞེད་དོན་བསྟན་འགྲོའི་དོན་ཆེན་ལྷུན་གྱིས་འགྲུབ་པའི་སྨོན་ལམ་དང་།འབྱུང་འགྱུར་རྒྱལ་བའི་བསྟན་པ་ལ་འཛིན་སྐྱོང་སྤེལ་གསུམ་གྱི་བཤད་སྒྲུབ་ཁོ་ནས་མཛད་པའི་དགེ་འདུན་དང་འཕགས་པ་སྲས་རྒྱལ་བ་བཅས་པའི་བཞེད་དོན་མཐའ་དག་འབད་མེད་དུ་འགྲུབ་པ་དང་།འཛམ་གླིང་འདིས་མཚོན་སྣོད་བཅུད་ཀྱི་བསྡུས་པའི་ཞིང་ཁམས་ཀུན་ཏུ་འབྱུང་འཁྲུག་དུས་ཀྱི་རྒུད་པ་མཐའ་དག་རྨིང་མེད་དུ་ཞི་ནས་འཇིག་རྟེན་བདེ་ཞིང་སྐྱིད་པས་སྣང་སྲིད་དམ་པའི་ཆོས་ལ་ལོངས་སུ་་སྤྱོད་ནས་བདེ་དགའ་སྐྱིད་པའི་འཚོ་བ་རྣམས་རྫོགས་ལྡན་དང་པོ་དཔལ་ཡོན་འཆར་བའི་བསམ་སྤྱོད་ཀྱིས་ཚོགས་གཉིས་བསགས་པའི་བསོད་ནམས་དང་། དེ་ལ་སྨོན་ལམ་བཟང་པོ་རྒྱ་མི་ཆུང་བ་ཟབ་ཅིང་རྒྱ་ཆེན་པོ་ཀུན་གྱིས་མཉམ་དུ་གནང་བར་མཁྱེན་མཁྱེན། དེ་རིང་འདིར་ཁྱེད་རྣམ་པ་ཕེབས་མགྲོན་ཚོ་ཡང་ལུས་ལ་ན་ཚ་བྲལ་ཞིང་སེམས་ཀྱི་སྡུལ་བསྔལ་ཞི་སྟེ་ཨེ་ཝྃ་ཆོས་སྨན་གྱི་ལོངས་སྤྱོད་ཚུལ་བཞིན་ནུས་ནས་ཕན་བདེའི་འདོད་དགུ་ཡིད་བཞིན་དུ་འཇོ་བའི་ལྷག་བསམ་བཟང་པོའི་སྨོན་ལམ་བཅས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་བདེན་ཚིག་གྲངས་མང་ཞུ་ཞུ་ཞུ།།

སླར་སྨྲས་པ།

ཨེ་ཝྃ་ཆོས་སྨན་རྨད་བྱུང་བདུད་རྩིའི་མཛོད། །
ཀུན་ཕན་ཞི་བདེ་འཛམ་གླིང་མཛེས་པའི་རྒྱན། །
མ་ལུས་སྐྱེ་དགུའི་རྣམ་འདྲེན་གསོ་བྱེད་གླིང་། །
བསྟན་འགྲོའི་དཔལ་དུ་ཡུན་རིང་འཚོ་གྱུར་ཅིག །
 
ཨེ་མ་གཟུར་གནས་བློ་ལྡན་དོན་གཉེར་ཚོགས། །
ཨེ་ཝྃ་ཆོས་སྨན་ཀུན་ཕན་གསོ་བྱེད་གླིང་། །
ཨེ་མ་ངོ་མཚར་རྒྱལ་བསྟན་འཛིན་པའི་དཔུང་། །
ཨེ་ཝྃ་རིག་པའི་དཀྱིལ་འཁོར་ཨེ་མ་ཧོ། །
 
ཚོགས་གཏམ་སྨོན་ལམ་དཀར་པོའི་རྒྱལ་དར་འདི། །
བསྟན་དང་འགྲོ་ལ་ཕན་བདེའི་དཔལ་དུ་འབུལ། །
དགེ་བས་བཤད་སྒྲུབ་འོད་སྣང་ས་གསུམ་ཁྱབ། །
མདོ་སྔགས་བསྟན་པའི་རྒྱལ་མཚན་བསྒྲེངས་གྱུར་ཅིག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་སྨིན་ཟླའི་ཡར་ངོའི་ཚེས་བཅུ་ལ་ཨེ་ཝྃ་ཆོས་སྨན་གླིང་གི་མཛད་སྒོའི་སྐབས་སུ་ཚོགས་གཏམ་དང་བྱིན་རླབས་ཞིག་དགོས་ཞེས་ཨེ་ཝྃ་ཆོས་སྨན་གླིང་གི་སྤྱི་མགྲིན་ནས་དང་ཨ་སྐྱ་བླ་མ་དང་མཁན་པོ་འོད་གསལ་མཐའ་ཡས་དང་མཁན་པོ་བསོད་ནམས་དོན་གྲུབ་སོགས་རང་ལ་སྙིང་ཉེ་བའི་དད་གུས་ཅན་འགའ་ཞིག་གིས་བསྐུལ་ངོ་མ་སྟོང་ཙམ་དུ་འཆོལ་གཏམ་དུ་མཁན་ཆེན་བླ་མ་འམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་དབྱིན་ཡུལ་ཨེ་ཝྃ་ཀུན་བཟང་ཆོས་གླིང་གི་དཔེ་མཛོད་ཁང་ནས་ཅི་དྲན་མྱུར་བྲིས་བགྱིས་པ་དགེའོ། །  
ཤྲྰི་སརྦ་ཨེ་ཝྃ་བིརྱ་དྷྰ་ར་བི་ཛ་ཡནྟུ། །

0 comments:

ཟིན་བྲིས་འཚོལ་ཡུལ