དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 24 October 2012
༄༅།།ངག་གི་དབང་ཕྱུག་ལ་བསྔགས་པ་པད་དཀར་བཞད་པའི་འཛུམ་མདངས་ལེགས་བཤད་དབྱངས་ཀྱི་
[ 2012-10-23 18:14:16 | By: amaho ]


ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ།།
སྲས་དང་བཅས་པའི་རྒྱལ་བ་ཡོངས་ཀྱི་མཁྱེན་རབ་ཡེ་ཤེས་ཕུང་པོའི་མདངས།།
མཚན་དང་དཔེ་བྱད་གཟུགས་སུ་ཤར་བ་འཇམ་དབྱངས་མཁྱེན་པའི་གཏེར་ཆེན་པོར།།
སྲིད་པའི་གཡང་སར་བར་མེད་འཕྱན་པའི་སྐྱབས་མེད་བུ་ངས་འབོད་ལགས་ན།།
མི་མངོན་དབྱིངས་ནས་ཡུད་ཙམ་དགོངས་ཤིག་ལྷག་པའི་ལྷ་མཆོག་འཇམ་པའི་དཔལ།།
གྲངས་མེད་ཞིང་བཞུགས་རྒྱལ་བ་འབུམ་གྱིས་མཁྱེན་རབ་བདག་པོའི་གསང་གསུམ་གྱི།།
ཡོན་ཏན་རྒྱ་མཚོར་དུ་མའི་བསྐལ་བར་བསྔགས་བརྗོད་ལས་ལ་རབ་ཞུགས་ཀྱང་།།
འཕགས་མཆོག་ཁྱེད་ཀྱི་མཛད་པའི་ཕ་མཐའ་ནམ་ཡང་དམིགས་སུ་ཡོད་མིན་ན།།
རྨོངས་ཆེན་བདག་འདྲས་བསྙད་ནུས་མིན་ཀྱང་ངག་སྒྲིབ་དག་ཕྱིར་བསྟོད་པའི་ཚུལ།།
གསེར་གྱི་རྡུལ་མང་བརྩེགས་པའི་ལྷུན་པོར་ཉིན་བྱེད་སྟོང་གིས་འཁྱུད་པ་བཞིན།།
ལྟ་བས་མི་བཟོད་དམར་སེར་འོད་ཀྱི་གཟི་བྱིན་འབར་བའི་རྩེད་འཇོ་ངོམ།།
དཔེ་ཡིས་མི་མཚོན་ཟུང་འཇུག་སྐུར་བཞེངས་ཡེ་ཤེས་སེམས་དཔའི་གྲགས་སྙན་ཅན།།
བསྐལ་མང་གོང་ནས་མངོན་སངས་རྒྱས་ཀྱང་རྒྱལ་སྲས་སེམས་དཔའི་རྣམ་པར་འཕྲུལ།།
བརྒྱད་གཉིས་ལང་ཚོའི་མཚར་སྡུག་དཔལ་འཆང་སྣང་སྟོང་མི་ཕྱེད་རྡོ་རྗེའི་སྐུ།།
དག་དང་མ་དག་མུ་མེད་ཞིང་ལ་སྣ་ཚོགས་གཟུགས་ཀྱིས་རྣམ་རོལ་ཀྱང་།།
ཇི་སྙེད་སྲས་བཅས་རྒྱལ་བ་ཡོངས་ཀྱིས་བསྟོད་བསྔགས་བྱེ་བའི་དབྱར་སྐྱེས་རྔ།།
རབ་འབྱམས་ཞིང་གི་ཁྱོན་ལ་སྙན་པས་ལུས་ཅན་ཀུན་ཀྱང་ཁྱེད་རྗེས་ཕྱོགས།།
རྣམ་དཀར་ཚོགས་ཟུང་ཉལ་འགྲོའི་གཏེར་ཆེན་ཡང་ཡང་བསྲུབས་ལས་ཉེར་འཁྲུངས་པའི།།
རྨད་བྱུང་མཛེས་སྐུ་གསེར་གྱི་རི་ལྟར་ཡིད་འོང་བརྗིད་ཆགས་ཟླ་གཞོན་ལས།།
མཐའ་མེད་འགྲོ་ལ་ཕན་བདེའི་དཔྱིད་དུ་བདུད་རྩིའི་ཟེགས་མ་འབུམ་འགྱེད་པ།།
སྲིད་པའི་གྲོང་ཁྱེར་སྐྱེད་མོའི་ཚལ་གནས་སྐལ་བཟང་ཀུ་མུད་བཞད་པའི་གསོས།།
མ་ལུས་སྲས་བཅས་རྒྱལ་བ་ཡོངས་ཀྱི་ཡོན་ཏན་མི་ཟད་བྱེ་བའི་གཏེར།།
ཁྱེད་སྐུའི་ཆ་ཤས་བ་སྤུའི་འཁྲི་ཤིང་ཕྲན་བུ་རེར་ཡང་མངོན་རྫོགས་པའི།།
མཚན་དཔེའི་རྩེ་དགའ་ཕྱོགས་དང་དུས་ཀྱི་རྗེས་སུ་འགྲོ་བའི་ཉིན་བྱེད་ཀྱིས།།
བློ་གྲོས་སྣང་བའི་པད་ཚལ་རྒྱས་མཛད་ལེགས་བཤད་ཟེར་ཕྲེང་འབུམ་དུ་སྤྲོ།།
སུམ་ཅུ་རྩ་གཉིས་མཚན་མཆོག་བཟང་པོའི་གསེར་མདོག་པད་མའི་འདབ་བརྒྱ་བཞད།།
བརྒྱད་ཅུའི་གྲངས་ལྡན་དཔེ་བྱད་བཟང་པོའི་མཛེས་ལྡན་ཟེ་འབྲུའི་འོད་མདངས་འཚེར།།
བཅུ་གསུམ་ཆས་གོས་རྒྱན་ཆ་བཟང་པོའི་ཡལ་འདབ་ལོ་མ་སྡུག་གུར་བཀྲ།།
གནག་སྣུམ་དབུ་སྐྲའི་ཐོར་ཅོག་བཟང་པོའི་འབྲས་བཟང་སྙེ་མའི་ལང་ཚོ་དུད།།
དམར་སེར་ཚོན་གྱིས་བྱུག་པ་མ་ཡིན་མཚམས་སྤྲིན་གསར་བའི་གཟི་བྱིན་འབར།།
དྭངས་གསལ་རྫིང་བུར་བཀྲུས་པ་མ་ཡིན་སྟོན་མཚན་ཟླ་ལྟར་མཆོག་ཏུ་མཛེས།།
གདོས་བཅས་སྒྱུ་ལུས་ཟག་ཕུང་མ་ཡིན་ཡིད་འཕྲོག་ཟུང་འཇུག་ཡེ་ཤེས་སྐུ།།
འདུ་བྱེད་ཆོས་ཀྱིས་གོས་པ་མ་ཡིན་བགྲེས་རྒུད་དང་བྲལ་གཞོན་ནུའི་ཚུལ།།
མཛེས་པའི་མདངས་ལྡན་མེ་ཏོག་བྱེ་བའི་ཆུན་འཕྱང་འཛིན་པའི་ཐོར་ཙུག་རྩེར།།
ཡིད་འོང་བརྗིད་ལྡན་ནོར་བུ་དུ་མས་མཛེས་པའི་རྒྱན་
ཕྲེང་འབུམ་བྱིན་པ།།
མཐིང་མདོག་རལ་བའི་སྐྲ་ཞགས་ཆུན་པོའི་ཟུར་ཕུད་ལྔ་ཕྲག་སྤྱི་བོ་རུ།།
རྣམ་ལྔའི་ཁ་དོག་རྒྱན་དུ་འཆང་བའི་དར་ཚོན་ལེགས་པས་མཛེས་པར་བཅིངས།།
དག་གསལ་མཛེས་པའི་ཡེ་ཤེས་སྐུ་ཁྱོད་ལྟ་བས་ནམ་ཡང་ངོམས་མི་ཤེས།།
དག་ཆེན་ཡེ་ཤེས་སྒྱུ་མའི་སྣང་བརྙན་མཐོང་བས་མཚན་རྟོག་ངང་གི་ཞི།།
དག་པའི་སར་བཞུགས་རྒྱལ་སྲས་ཐུ་བོར་ཡོན་ཏན་རྒྱ་མཚོའི་རྒྱན་སྤུད་ཅིང་།།
དག་དང་མ་དག་སྣ་ཚོགས་གཟུགས་ཀྱིས་རྣམ་མང་འགྲོ་ལ་རྟག་པར་སྨན།།
མཉེན་ལྕུག་འཁྲིལ་ལྡེམ་ཉམས་བརྒྱས་སྒེག་པའི་ཤིན་ཏུ་ཡིད་འོང་གཞོན་ནུའི་སྐུར།།
མཚམས་སྤྲིན་གསར་བའི་བཀྲག་མདངས་འབུམ་གྱིས་ཉེ་བར་འཁྱུད་པའི་ལང་ཚོ་ཡིས།།
ཉིན་བྱེད་སྟོང་གི་གཟི་འོད་ཀུན་ཀྱང་མོག་པོར་བྱེད་པའི་མདངས་འབར་ཞིང་།།
སྲིད་ཞིའི་མཛེས་སྡུག་མ་ལུས་རྫོགས་ཁྱོད་དཔའ་ཆེན་ཡོངས་ཀྱི་རྩེ་མོར་བསྔགས།།
ཀུན་ནས་མཛེས་པའི་རིན་ཆེན་སིལ་ཁྲོལ་ནོར་བུའི་དོ་ཤལ་རྒྱན་གྱིས་ཀླུབ།།
ཡིད་འོང་མདངས་ལྡན་འོད་ཕྲེང་སྟོང་གིས་ཇི་སྙེད་རྒྱལ་བའི་ཞིང་ཀུན་མཛེས།།
འཆར་ཁའི་ཉི་གཞོན་བྱེ་བའི་དཔལ་འཆང་ངོ་མཚར་འབུམ་ལྡན་གཞོན་ནུའི་གཟུགས།།
མཛེས་ལྡན་ཡོངས་ཀྱི་ཕུལ་དུ་སོན་གང་འགྲོ་ཀུན་མིག་གི་དཔྱིད་དུ་ཆེ།།
མ་རུངས་འཆིང་བྱེད་དུག་ལྔའི་རང་གཟུགས་འཁྲུལ་སྣང་འཁོར་བའི་མུན་སྟུག་ངོར།།
མི་བཟད་བདུད་སྡེའི་དཔུང་ཚོགས་དང་བཅས་ངར་འཛིན་རཱུ་ཏྲའི་ས་འཛིན་དང་།།
གཉིས་མེད་ལྟ་བའི་མེ་ཆར་ཟེགས་ལྡན་སྔོ་བསངརལ་གྲིའི་འཕྲུལ་ཐབས་ཀྱིས།།
མི་མེད་རྩད་ནས་བརླག་པར་མཛད་ཕྱིར་ཤེས་རབ་མཚོན་གྱི་འཁྲི་ཤིང་གཡོ།།
ལུས་ཅན་སྐྱེ་འགྲོའི་རེ་འདོད་མའ་དག་ཡིད་བཞིན་ཡོངས་སུ་སྐོང་བྱེད་ཅིང་།།
རིན་ཐང་བྲལ་བའི་ཟབ་རྒྱས་ཆོས་ཚུལ་གནོད་སྦྱིན་མཛོད་ཀྱི་དཔལ་འཆང་བའི།།
ལེགས་བཤད་ཟེར་བརྒྱས་བློ་གྲོས་སྣངབའི་སྒོ་འཕར་ཕྱེ་བའི་བརྡ་རྟགས་སུ།།
མཛེས་སྡུག་ཡིད་འོང་ཨུཏྤལ་གཞོན་ནུ་འདབ་མ་སྟོང་ལྡན་ཕྱག་ན་བསྣམས།།
ཇི་སྙེད་ཞིང་བཞུགས་མ་ལུས་རྒྱལ་བའི་གསུང་རབ་རབ་འབྱམས་དཔག་ཡས་པ།།
ཤེས་རབ་འཁོར་ལོའི་ཐུགས་ཀྱི་རྒྱན་དུ་ཡོངས་སུ་འཆང་བའི་མཚོན་དོན་དུ།།
པདྨའི་འདབ་སྟེང་གླེགས་བམ་གྱིས་མཛེས་མཁས་བླུན་བར་མའི་འགྲོ་རྣམས་ཀྱིས།།
དྲི་བ་ཀུན་ལ་ཆགས་ཐོགས་དང་བྲལ་ཐེ་ཚོམ་ཡིད་ཀྱི་དྲྭ་རྒྱ་གཅོད།།
གཞུང་ལུགས་འཆད་པའི་ངག་གི་དབང་ཕྱུག་ངག་རྣམས་བྱེ་བའི་འབྱུང་གནས་ཏེ།།
སྟོང་ཉིད་རྟེན་འབྱུང་དབྱེར་མེད་སྨྲ་བས་རྟག་ཆད་སྨྲ་བའི་སྤོབས་པ་ཕྲོག།།
ཤེས་བྱའི་ཆོས་ཚུལ་གསལ་བར་སྟོན་པས་ཡོངས་རྫོགས་སྟོན
པའི་ཁྱུ་ཡི་མཆོག།
ཡན་ལག་དྲུག་ཅུའི་ཚངས་པའི་དབྱངས་ལྡན་ཚངས་པ་ལས་ཀྱང་ཁྱད་དུ་འཕགས།།
མཐར་འཛིན་ལྟ་བའི་རི་རབ་ལྷུན་མཐོ་མཐའ་བྲལ་མེ་ཆར་ཟེགས་མས་བསྙིལ།།
ཕྱི་ནང་ལོག་སྨྲའི་ཝ་སྐྱེས་ཚོགས་ཀུན་སྟོང་ཉིད་སེང་གེའི་ང་རོས་འཇོམས།།
མ་རུངས་དུག་ལྔའི་ཚང་ཚིང་སྟུག་པོ་ལྷག་མཐོང་ལྟ་བའི་མེ་ལྕེས་བསྲེགས།།
རྣམ་མང་བདུད་དང་མཐའ་དམག་དཔུང་ཚོགས་མཐུ་དང་ནུས་པའི་རྩལ་གྱི་བཏུལ།།
ཁྱེད་གསུང་ལེགས་བཤད་དབྱར་སྐྱེས་རྔ་གསེང་རིས་མེད་གདུལ་བྱ་མདོངས་མཐའ་མོའི།།
སྒྲ་འཛིན་དབང་པོར་ཡུད་ཙམ་སོན་ཀྱང་འཆིང་བྱེད་དུག་ལྔའི་ཟུག་རྔུ་ཀུན།།

གཏན་དུ་གཞིལ་ནས་ངོམ་མེད་དགའ་བདེའི་སྣང་བ་འབུམ་ཕྲག་མང་སྟེར་བའི།།
སྙན་འཇེབས་ཆོས་ཀྱི་སྒྲ་དབྱངས་སྟོང་གི་རོལ་མོ་འཁྲོལ་ལ་འགྲན་ཟླས་དབེན།།
འབད་རྩོལ་ཀུན་རྟོག་རི་མོ་དང་བྲལ་བྲག་ཆའི་དབྱངས་ལྡན་ཆོས་ཀྱི་གཏམ།།
སྣ་ཚོགས་འགྲོ་བའི་ཁམས་དབང་མོས་པའི་བྱེ་བྲག་དང་འཚམས་རིམ་དགུའི་ཆོས།།
ཐོག་མ་བར་དང་ཐ་མར་དགེ་གྱུར་གསུང་བཟང་བདུད་རྩིའི་སྣང་བ་ཡིས།།
རབ་འབྱམས་ཞིང་གི་མུ་མེད་འགྲོ་རྣམས་གཏན་བདེའི་ས་ལ་དབུགས་དབྱུང་མཛད།།
དབུལ་ཞིང་ཕོངས་པའི་ཆོས་ནོར་དོན་གཉེར་སློང་མོའི་བུང་བ་བྱེ་བ་ཕྲག།
དཔའ་ཆེན་ཁྱེད་ཀྱི་མཚན་སྙན་གྲགས་པའི་དྲི་བསུང་ཞིམ་པོས་ཉེར་བཀུག་སྟེ།།
ལེགས་བཤད་གཞུང་དང་ཟང་ཟིང་ནོར་གྱི་གཏོང་བ་དམ་པའི་སྦྲང་རྩི་ཡིས།།
ངོམས་ཤིང་ཚིམ་མཛད་འཇམ་པའི་དཔལ་གྱིས་འགྲོ་རྣམས་ཕན་བདེའི་དཔལ་ལ་བཀོད།།
སྣང་ཞིང་སྲིད་པའི་ཤེས་བྱ་མཐའ་དག་འཇིག་རྟེན་ཐ་སྙད་ཙམ་གྱི་ངོར།།
རྣམ་མང་རྒྱུ་རྐྱེན་རྟེན་འབྱུང་ཚུལ་ཅན་སྒྱུ་མ་ལྟ་བུའི་རྣམ་རོལ་ཀུན།།
མཁྱེན་པའི་སྤྱན་གྱིས་སྐད་ཅིག་གཅིག་ལ་ཆགས་ཐོགས་སྒྲིབ་མེད་གསལ་གཟིགས་ནས།།
བསྐལ་དང་སྐད་ཅིག་མཉམ་པར་སྟོན་པའི་རྫུ་འཕྲུལ་མཆོག་ལས་སྙེལ་བ་མེད།།
ཤེས་དང་ཤེས་བྱའི་མཚན་མ་ཉེར་ཞི་ཚུལ་མཐོང་ཡུལ་ལས་རབ་འདས་ཤིང་།།
ཆོས་དང་ཆོས་ཉིད་མཉམ་པར་སྣང་བའི་ཟབ་གསལ་གནས་ལུགས་དེ་བཞིན་ཉིད།།
ཡུལ་དང་ཡུལ་ཅན་དབྱེར་མི་ཕྱེད་པའི་ཡེ་ཤེས་ཟབ་མོས་མངོན་གཟིགས་ནས།།
སྲིད་དང་ཞི་བ་མཉམ་པར་གཟིགས་པའི་ལྟ་བའི་དབྱིངས་ལས་གཡོ་བ་མེད།།
ཇི་ལྟ་ཇི་ལྟར་གནས་ལུགས་མཐའ་བྲལ་ཆོས་དབྱིངས་ཤིན་ཏུ་རྒྱ་ཆེ་བ།།
དེ་ལྟ་དེ་ལྟར་ཟུར་ཕུད་ལྔ་པའི་མཁྱེན་རབ་ཡེ་ཤེས་ཡོངས་སུ་རྒྱས།།
ཇི་ལྟ་ཇི་ལྟར་མཐའ་ཡས་འགྲོ་རྣམས་བཟོད་མེད་དུཿཁས་ཆེར་མནར་བ།།
དེ་ལྟ་དེ་ལྟར་སེམས་དཔའ་མཆོག་གི་ཚད་མེད་སྙིང་རྗེའི་གོ་ཆ་བརྟན།།
མི་ཟད་ཡོན་ཏན་བྱེ་བ་རྒྱ་མཚོའི་ཕ་མཐར་ཡང་དག་སྔོན་ནས་སོན།།
མི་ཤེས་རྨོངས་པའི་ཉོན་མོངས་བྱེ་བ་མཉམ་ཉིད་ལྟ་བས་དྲུང་ནས་ཕྱུང་།།
མི་བརྗེད་གཟུངས་ཀྱིས་མཁའ་ཁྱབ་ཞིང་གི་ཆོས་རྣམས་མ་ལུས་རབ་ཏུ་བཟུང་།།
མི་འཇིགས་སྤོབས་པའི་གཏེར་ལ་དབང་འབྱོར་རབ་འབྱམས་ཆོས་ཚུལ་ཐོགས་མེད་སྨྲ།།
རྣམ་ཀུན་འགྲོ་ལ་བྱམས་དང་བརྩེ་བའི་རྩ་བ་བཟང་པོ་རབ་ཏུ་བརྟན།།
ཕུལ་བྱུང་ཐབས་མཁས་བྱང་ཆེན་སྤྱོད་པའི་ཡལ་འདབ་ལོ་མ་སྡུག་གུར་བཀྲ།
ཟབ་གསལ་དབྱིངས་ཀྱི་དེ་ཉིད་གཟིགས་པའི་མཁྱེན་ཟུང་ཡེ་ཤེས་ཡོངས་འདུའི་ལྗོན།།
བྲལ་སྨིན་ཡོན་ཏན་བྱེ་བ་རྒྱ་མཚོའི་འབྲས་བཟང་ལང་ཚོ་གཡུར་དུ་ལྡེམ།།
རྣམ་ལྔའི་ཡེ་ཤེས་མཁའ་ལྟར་ཡངས་པས་དུས་གསུམ་ཆོས་ལ་གཟིགས་པ་འཇུག།།
དམིགས་མེད་སྙིང་རྗེ་མཚོ་ལྟར་ཟབ་པས་མཐའ་མེད་འགྲོ་རྣམས་ཐུགས་བརྩེས་འཁྱུད།།
མཐུ་སྟོབས་ནུས་པ་གློག་ལྟར་མྱུར་བས་ངན་སོང་གཡང་ལས་འགྲོ་ཀུན་འདྲེན།།
དགོས་འདོད་གསེར་ཤིང་ལྗོན་ལྟར་སྩོལ་བས་རྟག་ཁྱབ་ཕྲིན་ལས་ལྷུན་གྱིས་གྲུབ།།
སྟོབས་བཅུ་མངའ་བའི་སྲས་ཀྱི་ཐུ་བོ་འཕགས་ཆེན་འཇམ་པའི་དཔལ་ཞེས་པའི།།
མཚན་མཆོག་ལན་གཅིག་རྣ་བར་སོན་པས་སྲིད་དང་ཞི་བའི་ཁྱོན་འདི་ཡི།།
ཉེས་ཚོགས་རྒུད་པའི་འཁྲུལ་སྣང་ཀུན་དང་ཉོན་མོངས་མ་ལུས་མཐར་བྱེད་ཅིང་།།
དགེ་མཚན་བྱེ་བའི་དཔལ་ཡོན་ཀུན་སྩོལ་ཡང་དག་ཡེ་ཤེས་སྣང་བ་སྟེར།།
སྤྲོས་པའི་ཀུན་རྟོག་དབྱིངས་སུ་ནུབ་ཀྱང་མཐའ་ཡས་འགྲོ་ལ་དགོས་འདོད་སྩལ།།

སྒྲ་ཚིག་བརྗོད་པ་ཀུན་དང་བྲལ་ཡང་ཡན་ལག་དྲུག་ཅུའི་རྒྱལ་རྔ་བརྡུང།།
གཟུང་འཛིན་མཚན་མས་རིང་དུ་དབེན་ང་ཤེས་བྱའི་ཆོས་ཚུལ་མངོན་པར་གསལ།།
སྲས་བཅས་རྒྱལ་བའི་ཡབ་ཏུ་གྱུར་ཀྱང་རྒྱལ་སྲས་དཔའ་ཆེན་གཞོན་ནུའི་ཚུལ།།
ཚད་མེད་སྙིང་སྟོབས་གོ་ཆ་བརྟན་པོ་ཐུགས་ཀྱི་རྒྱན་དུ་ལེགས་འཆང་ནས།།
རྨད་བྱུང་ཐབས་མཁས་འཕྲུལ་དང་འགྲོགས་པའི་འཕགས་ཆེན་སྤྱོད་ཕྱོགས་རྒྱ་མཚོ་ཡི།།
མཁའ་ཁྱབ་ཞིང་གི་གདུལ་བྱའི་མོས་ངོར་རྟག་ཁྱབ་ལྷུན་གྲུབ་མཛད་རྗེས་མཆོག།།
རྒྱལ་ཀུན་ཕྲིན་ལས་གཅིག་ཏུ་བསྡུས་ཀྱང་ཁྱེད་ཀྱི་མཛད་པར་འགྲན་མ་ལགས།།
སྨྲ་བའི་སེང་གེའི་མཚན་སྙན་རབ་གྲགས་གྲགས་པའི་བ་དན་མཁའ་ལས་བརྒལ།།
མཁྱེན་རབ་ཡེ་ཤེས་འོད་སྟོང་ལྡན་ཞིང་ཞིང་ཁམས་བྱེ་བའི་མུན་པ་བསལ།།
བརྒྱད་ཁྲི་བཞི་སྟོང་ཉོན་མོངས་ལས་རྒྱལ་རྒྱལ་བའི་གོ་འཕང་མཆོག་ཏུ་བརྙེས།།
མུ་མེད་ཞིང་གི་རྒྱལ་བས་རབ་བསྔགས་བསྔགས་འོས་ཡོངས་ཀྱི་ཕུལ་དུ་སོན།།
སྲིད་ཞིའི་ཁྱོན་ན་ཇི་སྙེད་དགེ་མཚན་ཁྱེད་སྐུའི་དཔལ་དུ་ལེགས་འཆང་ཞིང་།།
མཚན་སྙན་གྲགས་དཀར་ཕྱོགས་སུ་སྙན་པས་ས་གསུམ་གཡོ་ཞིང་འདར་བར་བྱས།།
སུམ་རྩེན་གྲོང་གི་གསེར་མངར་ཅན་དང་ནབས་སོ་སྐྱེས་སོགས་ཆེ་རྒུས་ཀྱང་།།
ཁྱོད་ཞབས་རལ་བའི་རྒྱན་དུ་བསྙེན་ལ་རྣམ་མང་འབད་པས་ལུས་སེམས་བྲེལ།།
ཨེ་མ་ཞིང་འདིའི་དྲེགས་ལྡན་ཡོངས་ཀྱི་མཐོན་མཐིང་རལ་བའི་ཅོད་པན་རྩེར།།
རྩིབས་སྟོང་འཁོར་ལོའི་རེ་ཁཱས་མཚན་པའི་ཞབས་ཟུང་ཆུ་སྐྱེས་གསར་བའི་རྡུལ།།
ཉེ་བར་བཀོད་པའི་གཟི་བྱིན་སྟོང་གི་ཕན་བདེ་སྣང་བའི་མུ་ཁྱུད་ཀྱིས།།
སྲིད་ཞིའི་ཁོར་ཡུག་ཟླུམ་པོར་འཁྱུད་ཅིང་ཞི་བསིལ་ཐར་བའི་སྒོ་འཕར་ཕྱེས།།
མགོན་ཁྱོད་བསམ་འཕེལ་ནོར་བུ་མཆོག་དང་བུམ་བཟང་ཡོངས་འདུའི་ལྗོན་བཟང་བཞིན།།
སྐྱེ་རྒུའི་ཡིད་ཀྱི་གདུང་བ་ཀུན་སེལ་རེ་བའི་འདོད་དོན་གང་སྨོན་ཡང་།།
གེགས་མེད་བདེ་མྱུར་འགྲུབ་པར་མཛད་པའི་བདེན་གཏམ་རྣ་བར་སོན་མ་ཐག།།
རབ་དགའི་འོ་མཚོ་རླབས་ཕྲེང་འཕྱུར་ཞིང་ལུས་སྐྱེས་འཁྲི་ཤིང་དབང་མེད་གཡོས།།
དེ་ལྟའི་ཚད་མེད་གསང་གསུམ་ཡོན་ཏན་ཡང་ཡང་ཡིད་ལ་རབ་བྱས་ཏེ།།
དད་གསུམ་ཆུ་འཛིན་ཡིད་མཁར་བསྐྲུན་ཅིང་བསྔགས་ཚིག་ཕྲེང་བའི་སྤྲིན་གྱི་སྒྲས།།
འགྲོ་ཀུན་གྱིས་བགྱིས་ཐོག་མེད་སྡིག་ལྟུང་ལྷག་མེད་དག་པའི་མཐུན་འགྱུར་བཅས།།
གཟུངས་སྤོབས་བློ་ཡི་སྒོ་འཕར་ཕྱེས་ཤིང་མཁྱེན་ཟུང་ཡེ་ཤེས་སྣང་བ་སྩོལ།།
ཞེས་རབ་རྒྱན་ས་ཡོས་ཟླ་ཚེས་དགེ་བ་ལ་བྲིས་པ་འདིས་ཀྱང་ཚེ་རབས་ཀུན་ཏུ་ལྷ་མཆོག་ཟུར་ཕུད་ལྔ་ས་རྗེས་སུ་འཛིན་ཅིང་བྱིན་རླབས་ཡེ་ཤེས་ཀྱི་སྣང་བ་དང་འབྲལ་བ་མེད་པའི་རྒྱུར་གྱུར་ཅིག།

0 comments:

ཟིན་བྲིས་འཚོལ་ཡུལ