དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 15 November 2012

མཁན་པོ་འོད་གསལ་མཐའ་ཡས་རྒྱ་ནག་ཏུ་ཕེབས་ཁར་གདམས་པ་
དྲན་ཤེས་བག་ཡོད་ཀྱི་མེ་ལོང་ཞེས་བྱ་བ། །

ན་མོ་གུ་རུ་དྷེ་ཝ་ཌྰ་ཀི་བྷྱ །
རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་འཇམ་དཔལ་དང་། །
མཛེས་སྡུག་གར་གྱི་རྩེན་པའི་དབྱངས་མས། །
མཁྱེན་རབ་འོད་གསལ་མཐའ་ཡས་ཁྱོད་ལ་སྩོལ། །
ཀུན་ཏུ་ཤིས་པའི་མེ་ཏོག་བཞད་གྱུར་ཅིག །
ནག་པོ་རྒྱ་ཡི་ཡུལ་དུ་ཕེབས་ན་ཡང་། །
དཀར་པོ་དགེ་བའི་ཕྱོགས་དང་མ་འགལ་ན། །
གྲོང་དགོན་ཁྱད་མེད་ཐབས་ཤེས་འཕེལ་འགྱུར་བས། །
རང་ཚུགས་མ་ཤོར་མཛད་པར་སྙིང་གཏམ་ཡིན། །
ངེས་འབྱུང་རྣལ་མའི་ཀུན་སློང་ཡང་ཡང་གྱིས། །
བྱང་ཆུབ་སེམས་མཆོག་སྨོན་འཇུག་ཡང་ཡང་མཛོད། །
རྩ་གསུམ་རྒྱལ་བའི་ཐུགས་དམ་ཡང་ཡང་བསྐུལ། །
བསྟན་འགྲོར་ཕན་བདེ་མཛད་པར་སྙིང་གཏམ་ཡིན། །
ཨེ་ཝྃ་ཆོས་སྨན་བདུད་རྩིའི་རྒྱ་མཚོ་ཆེར། །
ཕན་བདེའི་རླབས་ཕྲེང་སྲིད་ཞིའི་དབྱིངས་སུ་གཡོ། །
དགེ་ལེགས་ཡོན་ཏན་ཀུན་གྱི་གཞི་མ་མཆོག །
དྲང་བདེན་རིགས་པའི་སྦྲང་ཆར་འཇོ་བར་མཛོད། །
ཡིད་འཕྲོག་འཕྱོ་སྒེག་གར་གྱིས་རྩེན་པ་ཡི། །
ཙི་ནའི་སྲས་མོ་སྨིན་ལེགས་ཡིད་འོང་མས། །
དྲུག་ཅུའི་རྩ་བཞིའི་སྒྱུ་རྩལ་ངོམ་ན་ཡང་། །
ཤྰཀྱའི་རྒྱལ་པོའི་རྣམ་ཐར་དྲན་པར་མཛོད། །
ལེགས་བྱས་བསོད་ནམས་བཟང་པོའི་འབྲས་བུའི་མཐུས། །
གང་འདོད་ལོངས་སྤྱོད་འབུལ་བའི་སྦྱིན་བདག་དང་། །
ཅི་བསམ་ལྷུན་གྱིས་འགྲུབ་པའི་དུས་བྱུང་ཚེ། །
ང་རྒྱལ་རྒྱགས་པའི་ལས་ངན་སྤོངས་བར་མཛོད། །
ཕྱི་བརྫིག་རླངས་འཁོར་འགྲན་པའི་གྲགས་འུར་གཅིག །
ནང་དོན་གཡོ་སྒྱུ་ཁྲམ་པའི་མགོ་སྐོར་གཉིས། །
གསང་བ་རང་ཕྱོགས་ཁོ་ནའི་ལོག་འཚོ་གསུམ། །
འཆི་བའི་སྲོག་ལ་བབས་ཀྱང་སྤོངས་ཞིག་ཨང་། །
གཞན་ཕན་ཆོས་འཆད་སྐྱབས་སྡོམ་སྦྱིན་དང་གཅིག །
དད་རྫས་དཀོར་ལ་སྙིང་པོ་ལོན་དང་གཉིས། །
གནའ་དེང་རིག་པའི་སྒྱུ་རྩལ་འབད་དང་གསུམ། །
མི་ཚེའི་སྙིང་པོ་ཡིན་པས་སྒྲུབས་ཤིག་ཨང་། །
མདོར་ན་གང་དུ་སྤྱོད་ལམ་ཅི་མཛད་ཀྱང་། །
དྲན་ཤེས་བག་ཡོད་བརྟག་དཔྱོད་ལེགས་གནང་ནས། །
འགྱོད་མེད་ངེས་ཤེས་སྒྲོན་མེ་བསྟེན་མཛོད་དང་། །
འདི་ཕྱིའི་དོན་འགྲུབ་བསྟན་འགྲོའི་རྒྱན་དུ་ལགས། །
ཞེས་པ་རབ་གནས་ཆུ་འབྲུག་མགོ་ཟླའི་ཡར་ཚེས་དགེ་བར་ཁ་པར་རྒྱུད་ནས་གཏམ་དུ་བྱས་པ་ཤྲྰིས་ཚིགས་སུ་བཅད་པར་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ