དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 15 November 2012

རྒྱལ་གཅེས་པའི་རྟོགས་བརྗོད། ༼ ཁ་བྱང་གཅིག་པའི་སྙན་ངག་གི་སྡེ་བ། ༽




བྱང་གཅིག་པའི་སྙན་ངག་གི་སྡེ་ཚོ་དང་པོ།

བཙན་པོའི་སྙིང་རྩིད།


དཔའ་བོའི་རྟོགས་བརྗོད།

ལྷ་ཆབ་སྦྱིན་པ།


ཡ་གའི་སྟོད་ན་གངས་ཤིག་མཐོང་བ་མེས་པོ་དམ་པའི་བླ་རི་སྟེ། །
དམའ་མོའི་གཤོངས་ན་མཚོ་ཞིག་འཁྱིལ་བ་མ་དང་སྲི་མོའི་མིག་ཆུ་ཉིད། །
བདག་གི་ཕ་ཡུལ་གཞན་ལ་ཤོར་ནས་མི་ལོ་དྲུག་ཅུ་ཧྲིལ་གྱིས་འདས། །
མུན་པའི་བམ་ཁ་དྲག་ཏུ་བྱེར་བའི་སྙིགས་མའི་དུས་ཀྱི་མཐའ་མ་འདིར། །
སུ་དང་གང་གིས་སྙིང་རྩ་སྒུལ་བའི་བཀའ་དང་ལམ་སྟོན་མེད་ནའང་།།
ཚེ་སྲོག་གསོན་པོ་མེ་རུ་སྒྲོན་ནས་དྲག་པོའི་དཔུང་གི་རྡང་གཏོར་བ། །
ལྷ་དང་ལྷ་མོས་བསྐྱབས་པར་མ་མཛད་རང་ཉིད་འགྲེང་ཚུལ་ལོས་ཡིན་ཏེ། །
མཉམ་འབྲེལ་རྒྱལ་ཚོགས་མིང་ཙམ་ཡིན་པའི་ངེས་ཤེས་གཏིང་ནས་རྙེད་ཚུལ་ལོ། །
གཞན་ལ་རེ་ནས་མི་ལོ་དྲུག་ཅུ་སེ་གོལ་ཙམ་གྱིས་འདས་སོང་སྟེ། །
སྡུག་སྒོམ་བརྒྱབ་སྟེ་གཉའ་གནོན་འཁུར་ནས་མི་ཡི་རབས་གཅིག་རྫོགས་སོང་ལོ། །
ད་ནི་དཔའ་བོ་དཔའ་མོ་རེ་རེས་ལུས་དང་ལོངས་སྤྱོད་བློས་བཏང་ནས། །
སྔ་གཞུག་ཐམས་ཅད་ཐག་གིས་ཆོད་ཚུལ་སུས་ཀྱང་དཀའ་བའི་རྟོགས་བརྗོད་ཉིད། །
དམར་འབྱར་བྱིས་པའི་ནུ་མ་བཅད་ནས་ཨ་མས་མེར་མཆོད་གནང་བཞག་ལོ། །
བརྒྱད་ཅུའི་མ་ཡུམ་ཤུལ་དུ་བཞག་ནས་བུ་ཡིས་སེམས་ཐག་ཆོད་བཞག་ལོ། །
གཞན་ལ་རེ་ནས་ཉི་མ་གཏོང་བའི་བོད་དོན་གླེང་ཚུལ་མ་ཡིན་ཏེ། །
ཡོད་ཚད་རང་གི་འགན་དུ་བླངས་པའི་ངེས་དོན་དཔའ་བོའི་རྟོགས་བརྗོད་ཡིན། །
དཔའ་བོ་དམ་པའི་ཞིང་དུ་བསྔགས་པའི་རྔ་ཁོག་རིང་མོའི་མེ་ལྕེ་དེ། །
ད་ནི་བོད་ས་སྟོད་སྨད་ཀུན་ཏུ་ལྷབ་ལྷུབ་མཆེད་པའི་ངང་ཚུལ་ནི། །
སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ་བཙན་པོའི་རྒྱུད་ཀྱི་སྙིང་སྟོབས་ཏེ། །
སྐྱིད་པའི་ཉི་མ་ཅུང་ཙམ་ཤར་བའི་སྐྱ་རེངས་དང་བོ་ཅི་ལ་མིན། །
ཕ་ཡི་མདུན་ནས་བུ་ཆུང་འབར་ཞིང་བུ་ཡི་འཁྲིས་ནས་ཨ་མ་འབར། །
ཕ་བུ་མང་བོ་མཉམ་དུ་འབར་བའི་དཔའ་བོའི་མེ་དཔུང་གསོན་པོ་འདིས། །
འཇིག་རྟེན་ཞི་བདེའི་དཔལ་ལ་སྤྱོད་པར་སྐུལ་བའི་གཡར་དམ་ཆེན་པོ་སྟེ། །
སྔར་མེད་གླིང་བཞིའི་དེབ་ཐེར་ཁྲོད་ལ་སྟོབས་ཀྱིས་བྲིས་པའི་ལོ་རྒྱུས་ཉིད། །
སྔོན་ཚེ་སྟག་མོ་མ་བུ་འགའ་ལ་ལུས་ཀྱི་སྦྱིན་པའི་སེམས་སྐྱེད་དེས། །
མངོན་པར་རྫོགས་པའི་སངས་རྒྱས་ཐོབ་པ་སྟོན་པའི་འཁྲུངས་རབས་ཡིན་སོ་སྐད། །
ས་ཡ་དྲུག་ལ་རང་ལུས་འབུལ་བ་ཆོས་མིན་འཚེ་བར་སྨྲ་བ་འགའ། །
ཉི་མའི་འོད་ཀྱིས་ལོང་བར་འགྱུར་བའི་སྲིན་བྱ་མིན་ན་དེ་ཅི་ཞིག།།
དུས་དང་སྐལ་བ་འདི་འདྲ་ལ་ཡང་ཁ་ཅིག་ནང་དཀྲུག་ལས་ཀྱིས་བྲེལ། །
ཆོས་བརྒྱུད་ལུང་ཚན་བྱེ་བྲག་རེ་ཡི་ཞེན་ཁོག་ཕྲག་དོག་མེ་རུ་འབར། །
དཔའ་བོར་དགའ་བའི་བསྟོད་གླུ་མེད་པར་རྒྱལ་འཚོང་ལས་ཀྱིས་ཤི་བ་ནི། །
བདེ་གཤེགས་དཔའ་བོ་དཔའ་མོ་རྣམས་ཀྱི་མདུན་སར་གནོང་བ་མེད་འདི་མཚར། །
དེང་ན་སྤྲུལ་རྫུན་ཆུ་ཤིང་དར་མས་རྒྱལ་ཁམས་ཁེངས་པར་གྱུར་བ་ན། །
འགྲོ་བའི་སྡུག་བསྔལ་ཁ་ཚིག་ཙམ་གྱིས་གཞན་མགོ་ཧྲིལ་གྱིས་བསྐོར་བ་འདིས། །
བྱང་ཆུབ་སེམས་ཀྱི་རྩ་བ་ཕར་ཟད་རྩེ་མོའི་ཕྱོགས་ཙམ་མ་མཐོང་བའི། །
བདེན་པའི་མེ་ལྕེ་ལྷབ་ལྷུབ་བསྐྱོད་པ་དཔའ་བོ་དཔའ་མོའི་རྟོགས་བརྗོད་ཡིན། །
དགྲ་བོའི་དཔུང་ཆེན་འགུལ་བར་བྱེད་པའི་དཔའ་བོ་རེ་རེའི་འབོད་སྒྲ་དེ། །
དབང་དང་བཙན་གྱིས་འགོག་ཏུ་མ་བཏུབ་གླིང་བཞིའི་ཁྱོན་ལ་མཆེད་པ་འདིས། །
ཤ་ཡི་གསེང་ན་རུས་ཤིག་ཡོད་ཅིང་རུས་ཀྱི་གསེང་ན་རྐང་ཞིག་སྟེ། །
གདོང་དམར་དཔའ་བོའི་ཁྲག་རྒྱུན་དྲོན་མོ་རླབས་ཀྱིས་འཕྱོ་བའི་བརྡ་རུ་སོང་། །
ངུས་པའི་མིག་ཆུ་སྐམ་པ་མེད་པའི་གདོང་དམར་བོད་པའི་ངོ་གདོང་འདི། །
སྐྱོ་བའི་ཤུགས་རིང་འཛད་པ་མེད་པའི་ཐུ་བྷོད་བཙན་པོའི་རྒྱུད་པ་འདི། །
སྟོངས་པར་འགྱུར་བའི་གཡོ་སྒྱུའི་རྨི་ལམ་ཉིན་མོར་རྨི་བའི་སྲིད་གཞུང་ལ། །
བདེན་པའི་ངོ་བོ་མཐའ་ལ་དེད་པའི་དཔའ་བོའི་རྟོགས་བརྗོད་འདི་ཀོ་རྨད། །
ཐེ་ཚོམ་དྲ་བ་དུམ་སེར་ཆོད་པའི་གདོང་མཆོངས་དཔའ་བོ་དཔའ་མོའི་ཚོགས། །
ཉི་མ་རེ་རེར་གཅིག་འཕྲོར་གཅིག་གིས་འོད་ཀྱི་ཕོ་བྲང་བཞེངས་པ་འདི། །
བསམ་ཞིང་བསམ་ན་སྙིང་ཁམས་འགས་པའི་སྨྲ་བསམ་བརྗོད་ལས་འདས་པ་སྟེ། །
འཚེ་བ་མེད་པར་རྒྱལ་ཁམས་སྐྱོབས་པའི་ཐུ་བྷོད་བཙན་པོའི་རྟོགས་བརྗོད་ཡིན། །
སྔོན་ཚེ་གྲི་དང་མདུང་ལ་བརྟེན་ནས་དགྲ་བོ་བསྐྲད་པའི་གཏམ་རྒྱུད་ཡོད། །
ད་ལྟ་བདེན་པའི་མེ་ལྕེ་འདི་ཡིས་དགྲ་བོའི་སྙིང་ཁམས་བསྲེག་པར་བྱེད། །
འཚེ་བའི་སྒྱོགས་ཆེན་སྙིང་ཁར་གཏད་ཀྱང་བརྩེ་བའི་ཐལ་མོའི་ཁ་སིམ་ནས། །
གཞན་གྱི་ཆེད་དུ་རང་ཉིད་འདོར་བའི་དཔའ་བོ་དཔའ་མོ་ངོ་མཚར་ཆེ། །
བདེན་པའི་མེ་ལྕེ་དབེན་པའི་རི་ནས་གྲོང་དང་གྲོང་ཁྱེར་རེ་རེར་མཆེད། །
འཁྲབ་ལྡན་དམག་དང་དྲག་པོའི་མཚོན་གྱིས་འགོག་པར་མ་ནུས་བོད་ཁམས་ཁྱབ། །
དགྱ་བོད་བར་གྱི་ཤ་འཁོན་འདི་ནི་མི་ལོ་སྟོང་ལ་མི་འཛད་པའི། །
དམར་ནག་ཁྲག་གི་མཚོ་ཞིག་འཁྱིལ་ཡོད་རྣམ་ཤེས་སྟོང་གིས་བསྐོར་ནས་ཡོད། །
ཁྱེད་ཀྱི་ལྟེ་ཁྲག་ས་ལ་འཐོར་སྐབས་ལྷ་བསང་སྔོན་མོའི་བསུ་བ་ཡོད། །
ཁྱེད་ཀྱིས་གོམ་པ་དང་བོ་སྤོ་དུས་ཕ་རྒན་ཞིག་གི་རེ་བ་ཡོད། །
ས་ཡ་དྲུག་གི་ཆག་འཇིག་གླེང་བའི་བྱ་དཀའི་སྤྱོད་པ་དེ་འདྲ་ནི། །
ད་སྔ་འཛམ་གླིང་ལོ་རྒྱུས་ཁྲོད་ལ་བྱུང་བའི་གཏམ་གྱི་ཟུར་ཙམ་མེད། །
ཨ་མའི་ནུ་རིན་འཇིག་རྟེན་ཟས་རིན་དཔའ་བོ་ཁྱོད་ཚོས་སོད་སོང་ལོ། །
བོད་དུ་སྐྱེས་ཤིང་བོད་སྐད་བཤད་པའི་མགོ་ནག་བོད་དོན་ཆོད་སོང་ལོ། །
བསྐལ་བ་ཇི་སྲིད་མ་སྟོང་བར་དུ་དེ་སྲིད་གཟི་བརྗིད་ཉམས་པ་མེད། །
ས་ཡ་དྲུག་གི་སྙིང་གི་དབུས་ནས་གཏན་ཏུ་བརྗེད་པ་ག་ལ་ཡོད། །

༢༠༡༢ ༡༢ ༧ ལ་རྡ་སར་བྲིས།
དངོས་མིང་། ལྷ་ཆབ་སྦྱིན་པ། སྨྱུག་མིང་། གནམ་ལྕགས། དགུ་བཅུ་གསུམ་སློབ་གྲྭའི་སློབ་སྤྱི།
—————————————————————————————

དཔའ་བོའི་རྟོགས་བརྗོད།

རྡོ་རྗེ་དབང་ཕྱུག


ལྷུན་པོའི་ལྟོ་བ་དབྲལ་བའི་རྡུལ་གྱིས་ཁོར་ཡུག་མཛེས་མའི་བཞིན་མདངས་ཟོས། །
ཆུ་ཀླུང་མང་པོའི་བཞུར་རྒྱུན་བཅད་པས་གྲམ་ཐང་སྐམ་པོ་རླུང་བུས་བྱེར། །
རྡོ་དང་ལྕགས་ཀྱི་ལམ་ཐིག་རིང་མོས་རྒྱ་དམག་འདུར་བའི་འཚང་ཁ་གྱོན། །
ལྔ་བཅུའི་བགྲང་བྱར་ཆོལ་གསུམ་རི་ལུང་དམར་རླུང་འཚུབ་མའི་མུན་གྱིས་གཏགས། །

དགོན་གྲོང་མང་པོའི་མཁར་རྩིག་བསྒྱེལ་བའི་རྡུལ་ནག་སྤྲིན་པ་ཀླད་ན་འཁྲིགས། །
འཛིན་བཟུང་གཅར་རྡུང་འོ་དོད་གཟན་པོས་ཁོར་ཡུག་ལྷིང་འཇགས་ཕྱོགས་སུ་བདས། །
དམར་གསོད་ལྟོགས་གཟོད་མུ་གེས་བསད་གྲངས་འབུམ་ཕྲག་གཅིག་དང་ཉག་མ་གཉིས། །
གཤིན་རྗེ་གཤེད་མའི་འཕྲང་ལ་བརྫངས་མཁན་བརྩེ་མེད་དམར་པོ་རྒྱ་མིའི་གཞུང་། །

ཤིན་ཏུ་རྙེད་དཀའ་ཚེ་སྲོག་ལྗོན་པར་བདེན་པ་མེ་ལྕེའི་གོས་མནབས་ཏེ། །
ཞི་བ་དམ་པའི་བགྲོད་སྟངས་གཅིག་གིས་དམར་སྲིད་མནར་གཅོད་མུན་པའི་གོས། །
རལ་བའི་ཁུ་ཚུར་ནམ་མཁར་བསྒྲེངས་ནས་ཕྱིར་མིག་མེད་པར་ཕེབས་སྟངས་དེས། །
སེམས་དང་བསམ་པའི་གདགས་སྲིབ་གཉིས་ལ་དྲི་བ་རྣོན་པོས་ཡང་ཡང་གཙགས། །

མ་གཅིག་བུ་ལ་བརྩེ་བ་དེ་ཀོ་བརྩེ་བ་དམ་པའི་མཐའ་ཡིན་ཞེས། །
སྔོན་དང་ད་ལྟའི་དཔྱོད་ལྡན་སྟོང་གིས་གཏན་ཚིགས་རི་མོས་མནན་པ་ཡང་། །
རུམ་ན་འཛུམ་པའི་གཅེས་ཕྲུག་བཞག་ནས་ཨ་མའི་ཚེ་སྲོག་འབར་སྟངས་འདིས། །
མི་བདེན་རྫུན་གྱི་ཀློང་དུ་བསྒྱེལ་འདིས་བསམ་གཞིགས་སྣེ་ཞིག་སེམས་ལ་བསྲིངས། །

དལ་འབྱོར་ལུས་སྲོག་ཕངས་མེད་བསྲེགས་འདི་བསམ་པ་ཙམ་ཡང་བཟོད་དཀའ་བ། །
གཅིག་མིན་དུ་མའི་དཔུང་རྡང་སྦྲེལ་ནས་འབར་ཞིང་འབར་བའི་འོད་སྣང་འདི། །
ཕྲེང་འཛིན་ཕོ་མོ་རྒན་གཞོན་སྟོང་གི་ཡ་ཆུང་སེམས་ཀྱི་ཚེ་འབར་ཏེ། །
བསྐལ་བ་བསྐལ་བའི་བར་དུ་འབར་བའི་བརྡ་སྟོན་སྣེ་མོ་འདི་ན་འདུག།།

གསོད་གཏུབ་ཡ་ངའི་འཇིགས་པ་དང་ནི་གཡོ་བསླུ་འགོང་པོ་སྐྱ་ཁ་མར། །
གདོང་ལེན་ཁུ་ཚུར་གདན་དུ་བཏིངས་པའི་ཚེ་སྲོག་མེ་ལྕེའི་རྩེ་མོ་ན། །
སྤོབས་པས་བྲིས་པའི་རང་དབང་རི་མོ་གཡས་སུ་འཁྱིལ་བའི་ནང་རོལ་ནས། །
དཔའ་གདེང་གད་མོའི་འཛུམ་པ་གྲོལ་བ་དཔའ་བོ་དཔའ་མོའི་ཞལ་རས་མཇལ། །

སེམས་ཀྱི་ཆུ་བོ་མིག་ནས་བཞུར་བ་བཟོད་སྒོམ་རི་བོའི་གསེང་དུ་བབས། །
ཤིན་ཏུ་ཐེག་དཀའི་སྡུག་བསྔལ་ན་ཚས་ལུས་ཀྱི་རི་ལུང་མནན་པ་ལས། །
ཡར་ལངས་མགོ་བོ་བཙན་གྱིས་བཏེགས་ཏེ་རང་དབང་ཉི་མ་འབོད་པའི་བརྡར། །
ལུས་སྲོག་མེ་ལྕེའི་རི་བོ་བསླངས་འདིས་སྲིད་པ་གསུམ་གྱི་བླ་མཁར་མནན། །

བཟའ་བཏུང་ཞིམ་པོས་མཆོད་ཅིང་བོས་ན་ཁ་གདངས་མཆེ་བ་གཙིགས་པ་དག།།
ཚེ་སྲོག་འབར་བའི་མེ་ཡི་རི་བོ་ངུ་འབོད་ཀློང་ན་སྐྱོམ་པ་འདི། །
མིག་དང་རྣ་བ་ཡ་མཚན་དག་གིས་མཐོང་དང་ཐོས་པ་མེད་དམ་ཅི། །
དེ་རིང་ཞིང་ཁམས་གང་དུ་ཡོད་ན་སྐྱོང་ཡུལ་ཞིང་ལ་མིག་དཀྱུས་མཛོད། །

གླིང་ལྔའི་ཁྱོན་ན་བོད་གདོང་འཁུར་བའི་མི་བུ་ཆེ་ཆུང་ཚང་མས་ཉོནད། །
དམའ་བ་དོག་མོ་ས་ན་ཉལ་བའི་ལྷ་ཀླུ་གཞི་བདག་ཡན་ཆད་ཉོནད། །
མེ་ལྕེ་སྐྱོམ་པའི་རྒྱ་མཚོའི་ཀློང་ལ་སྤོབས་པས་བཞུད་པའི་གཉེན་ཉེ་ཚོར། །
གདུང་སེམས་གློ་སྙིང་ཐང་ལ་འདིང་བའི་སེམས་པའི་རི་ལུང་སྒུལ་རོགས་གྱིས། །

སེར་པོ་གསེར་གྱི་ཁྲི་ན་འགྱིང་བ་བླ་མ་སྤྲུལ་སྐུའི་ཚོགས་དག་གསོན། །
བདག་གི་གཉེན་དང་ཉེ་དུ་འདི་ཚོ་བདེ་བ་ཅན་ལ་འདྲེན་མི་དགོས། །
གངས་ཅན་ཞིང་འདིར་ཡར་བསྐྱར་སྐྱེས་ནས་བདེན་དོན་རྩོད་པའི་དཔའ་སྙིང་གིས། །
དགྲ་བོའི་སྙིང་རྩ་སྤར་མོས་འཛིན་པའི་བྱེད་པོ་ཉིད་དུ་སྨོན་ལམ་ཐོབས། །

དངོས་མིང་། རྡོ་རྗེ་དབང་ཕྱུག ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་དང་སྤྱི་ཁྱབ་རྩོམ་སྒྲིག་པ།

——————————————————————–

དཔའ་བོའི་རྟོགས་བརྗོད།


 _____དཔའ་བོའི་རྟོགས་བརྗོད་མེ་ཡིས་འབྲི།
ཨ་འཇམ། (སྦེང་ལོར།)

གངས་རི་དཀར་བོའི་ངོ་མདོག་བསླུ་བའི་ཤར་གྱི་མེ་སྒྱོགས་བོད་དུ་གཏད། །
ལྷ་ཁང་སེར་པོའི་དབུ་འཕང་བསྙིལ་བའི་རྒྱ་དམག་ཀི་སྒྲ་བོད་ནས་སྤེལ། །
ཕོ་བྲང་དམར་པོའི་གློ་མཆིན་བྲུས་པའི་གཞུང་ལུགས་གཏུམ་པོ་བོད་ལ་བཙུགས། །
བཙན་པོ་ཚང་གི་རུས་རྐང་བཅག་པའི་ལོ་རྒྱུས་ནག་པོའི་ཁ་བྱང་བྲིས། །

དགོན་སྡེ་གཏོར་བའི་རྩིག་རོ་འཛིང་བས་ཁ་བའི་སུལ་མོའི་ཞི་བདེ་རྒུད། །
རུ་གྲོང་བཅོམ་པའི་ཁང་ཤུལ་སྟོང་བས་ཕ་ས་དཀར་མོའི་གླུ་རྟ་ཉམས། །
སྦྲ་ནག་སྲེག་པའི་འབྲོག་ཐང་དབུལ་བས་ཐུ་བྷོད་ནམ་ཟླ་གློ་བུར་འཁྱག།།
དམར་པོའི་སྡིགས་མཛུབ་བོད་ལ་ཀེར་བས་གདོད་མའི་དཔལ་ཡོན་ས་ལ་བརྡབས། །

རྒན་པོ་ཁྲིམས་ར་ནག་པོར་དེད་པས་སྙིང་ལ་ལྕགས་ཐག་བྲབས་རིས་བབས། །
གཞོན་པ་ངལ་རྩོལ་འཕྲང་ལ་བརྫངས་པས་གདོང་ལ་མུ་གེར་ཐལ་བ་འཁོར། །
བྱིས་པའི་ངེས་མེད་དྭ་ཕྲུག་བསྐྱུར་བས་ཁེར་རྐྱང་ངུ་འབོད་བྲག་ཅར་རྒྱུ། །
སྨུག་པོ་གདོང་གི་མི་རྒྱུད་བཟང་བོ་གཞན་དབང་མེ་མདས་ཀུ་རེ་རྩེད། །

ཀླ་ཀློ་རྗེས་ལུས་དམོད་ཚིག་རྩེག་མའི་བྲན་གཡོག་ལྷན་པ་བོད་ལ་བརྒྱབ། །
རྨོངས་དད་མུན་འཐོམས་བརྙས་ཚིག་རྩུབ་མོའི་ཉེས་ཅན་ཞྭ་མོ་བོད་ལ་བསྐོན། །
ཁྱི་སྤྱང་ནོར་ནག་གཤེ་ཚིག་གཏུམ་པོའི་ལོ་དུས་སངས་མེད་བོད་ལ་བཏབ། །
འདི་ལྟར་དར་དམར་འོག་ཏུ་བཅུག་པའི་ཁ་བ་བོད་པར་ན་ཟུག་བཞག།།

ལོ་ཟླའི་མིག་ཆུ་ཞེ་ལ་འཁུར་བས་ས་བྱིའི་ཞི་རྒོལ་སྟོབས་ཀྱིས་འཕྱུར། །
བཙན་གནོན་འཁོན་སེམས་སྙིང་ལ་བཞག་པས་ཕུ་ནུའི་ལག་རྡང་གཅིག་ཏུ་སྦྲེལ། །
སྲིད་ཇུས་ནག་པོ་བྲང་ལ་བཙུགས་པས་ཚེ་སྲོག་མེ་ལྕེ་གྱེན་དུ་བསླངས། །
གངས་ཀྱི་ས་ཁྲ་འོད་དུ་གསལ་བའི་ཚེ་འབར་ཐིག་རིས་ལམ་ལམ་སྤེལ། །

ཞི་འཇགས་དགོན་པའི་ལྕགས་རིའི་འདབས་ན་མངགས་གཏོང་ཁང་གི་སོ་ཁུང་བསྒྲིགས། །
འབྲོག་ཐང་རྫོང་མཁར་སྲང་ལམ་བར་ན་དམག་མི་བཙན་པོའི་རུ་ཁག་བསྟར། །
ཁུ་སིམ་སྡེ་ཆེན་གྲོང་གི་མཐའ་ན་ཉེན་རྟོག་རླངས་འཁོར་འུར་སྒྲ་རྒོད། །
ཆོས་ལྡན་མི་རིགས་བག་ལྷོད་མེད་པའི་གཏུམ་དྲག་འཇིགས་སྣང་བསམ་བཞིན་བསླངས། །

བླ་མ་དམ་པ་ལྐོག་ཏུ་བཀྲོངས་པའི་གཡོ་ཇུས་ཁ་དང་ལག་པ་མྱུར། །
མཁས་དབང་མང་པོ་དམར་འཛིན་བྱས་ཏེ་མ་ཉེས་ཁྲིམས་ཀྱི་བྱང་བུ་བཀལ། །
སྐྱ་སེར་འཇོན་པོ་ཐབས་ཀྱིས་བཀུག་ནས་མུན་པའི་འཇིག་རྟེན་ཀློང་དུ་བཅུག།།
བདེན་པའི་གནས་ལུགས་ཁུངས་རྩ་མེད་པའི་ཕྱོགས་རིས་བཙན་པོའི་དབང་ཤེད་ངོམ། །

ལྟག་སྒོ་ཁོ་ནའི་ལམ་ལས་མེད་པས་མེ་ལྕེ་སྲོག་གི་ངར་གྱིས་བུས། །
སྒེར་གཅོད་ཐུ་མོའི་ཁྲིམས་ལས་མེད་པས་མེ་ལྕེ་བདེན་པའི་དོན་དུ་སྤར། །
རུལ་སུངས་སྟོང་སྐད་ཙམ་ལས་མེད་པས་མེ་ལྕེ་གཞན་དོན་ལས་སུ་བསྒྲོན། །
ཕྱོགས་རིས་ལམ་གྱི་སྲོལ་ལས་མེད་པས་མེ་ལྕེ་དྲང་བདེན་སླད་དུ་འུར། །

རྩ་བའི་བླ་མ་མཇལ་དབང་མེད་པས་མེ་ལྕེ་དད་པའི་སྟོབས་ཀྱིས་སྤེལ། །
སྨྲ་བརྗོད་རང་དབང་ཐོབ་ཐང་མེད་པས་མེ་ལྕེ་རེ་བའི་འབོད་པས་གསོས། །
འགྲོ་འདུག་འདོད་པའི་གདམ་ག་མེད་པས་མེ་ལྕེ་ཞི་བདེ་ཚིག་གིས་དཀྲོགས། །
རང་སྐད་སློབ་པའི་གོ་སྐབས་མེད་པས་མེ་ལྕེ་བོད་ཡིག་བླ་རུ་མཆོད། །

མེ་ལྕེ་འདི་ཉིད་གནོན་ཤུགས་འོག་གི་པོ་ཏཱ་ལ་ཡི་གཙུག་ཏོར་ཡིན། །
མེ་ལྕེ་འདི་ཉིད་ཁྲིམས་མེད་འོག་གི་གངས་རིའི་དཀར་པོའི་དབུ་འཕང་ཡིན། །
མེ་ལྕེ་འདི་ཉིད་སྒྱོགས་མདེལ་འོག་གི་རྨ་རྒྱལ་སྦོམ་རའི་བྲང་ཁ་ཡིན། །
མེ་ལྕེ་འདི་ཉིད་ལྕགས་སྒྲོག་འོག་གི་འབྲི་ཆབ་སྔོན་མོའི་ཟེ་བ་ཡིན། །

གྲྭ་བའི་ལུས་ཀྱི་མེ་ལྕེ་སེར་པོ་གནམ་སྡེ་སྒོ་མོའི་ཤ་ལན་རེད། །
མི་སྐྱའི་སྲོག་གི་མེ་ལྕེ་དམར་པོ་ཚོགས་ཆེན་རྫུན་མའི་ཁྲག་ལན་རེད། །
སློབ་མའི་སྙིང་གི་མེ་ལྕེ་ནག་པོ་སྲིད་ཇུས་ངན་པའི་ཡ་ལན་རེད། །
མི་མང་གཞུང་གི་མེ་ལྕེ་ཚ་བོ་ཡུན་རིང་ཉར་བའི་འཁོན་ལན་རེད། །

མེ་ལྕེ་ཐོགས་པའི་བུད་མེད་དཔའ་བོ་སྐྱབས་མགོན་འདྲེན་པའི་ཕོ་ཉ་ཡིན། །
མེ་ལྕེ་གྲུབ་པའི་ཨ་ནེ་མཛངས་མ་ཞི་བདེ་བསུ་བའི་སྐྱ་རེངས་ཡིན། །
མེ་ལྕེ་འཁྱུད་པའི་ན་གཞོན་རུ་ཁག་ལོ་རྒྱུས་ཤིག་གི་གསལ་བརྡ་ཡིན། །
མེ་ལྕེ་མཆེད་པའི་དུས་རབས་འདི་ཡང་རྟེན་འབྲེལ་ཞིག་གི་སྔོན་འགྲོ་ཡིན། །

ཁ་སང་སྤུན་ཟླར་ལག་ལྕགས་རྒྱག་མཁན་དེ་རིང་མེ་ལྕེ་སྤར་ནས་འཚོལ། །
མདང་ནུབ་བཀྱིག་རྡུང་མནར་གཅོད་འབེབ་མཁན་དེ་རིང་མེ་ལྕེ་ལམ་ནས་འདེད། །
ད་ནངས་བཙན་ཁྲིད་ཁྲོད་ནས་བོར་བ་དེ་རིང་མེ་ལྕེ་བསྐོར་ནས་འཛིན། །
འདི་ལྟར་དཔའ་བོའི་དམ་བཅའི་ཁྲོད་ན་ཉེས་ཅན་ངོ་གདོང་རྔུལ་ཆུས་སྦངས། །

གངས་རི་འབར་བའི་མེ་ལྕེ་ཆེན་པོ་དབུ་མའི་ལམ་གྱི་ས་ཐིག་ཡིན། །
རྩྭ་ཐང་མཆེད་པའི་མེ་ལྕེ་ངར་མ་འཚེ་མེད་པའི་ཞི་བའི་དཔང་རྟགས་ཡིན། །
མུན་ནག་གཤགས་པའི་མེ་ལྕེ་རྣོན་པོ་མི་མང་ཞིག་གི་སྙིང་སྟོབས་ཡིན། །
དུས་སུ་འཕྱོ་བའི་མེ་ལྕེ་མཐོན་པོ་ཕུ་ནུའི་སེམས་ཀྱི་མཚོན་དོན་ཡིན། །

ལྷ་ཡི་ལྡེབས་རིས་གྲི་ཡིས་གཤགས་པས་མེ་ཁ་སྙིང་གི་རུས་པར་སྤར། །
མགོན་པོའི་སྐུ་པར་རྡོག་པས་བརྫིས་པས་མེ་དཔུང་ཁྲག་རྩའི་སྦུབས་སུ་ཞུགས། །
གཉའ་གནོན་ཐམ་ག་ལག་པར་བཀོད་པས་མེ་ཞགས་མཆི་མའི་ཀློང་ནས་བསླངས། །
དྲག་རྡུང་སྦྱར་ཡིག་བཀའ་རྒྱ་བཀྲམས་པས་འུ་ཐུག་མེ་དཔུང་བོད་ལ་དྲངས། །

རང་ཉིད་སྤར་བའི་ལམ་ལུགས་གཙང་མས་གཞན་ཉིད་སྐྱོབ་པའི་སེམས་དཔའ་བྱུང་། །
མི་རིགས་ཤིག་གི་སྡུག་ཡུས་འགོག་ཕྱིར་མེ་ཡི་འོད་སྣང་བོད་ནས་མཆེད། །
དུས་རབས་འདི་ཡི་ལས་འགུལ་ཆེན་པོས་ས་ཆེན་ཡམ་ཡོམ་གཡོ་བར་བྱས། །
ཚེ་འབར་སྟོང་གི་ཟེར་མ་ཤར་བས་དཔའ་བོའི་ཞབས་རྗེས་འོད་དུ་འདྲེས། །
༢༠༡༢ ༡༡ ༡༣ ལ་བྲིས།
དངོས་མིང་། འཇམ་དབྱངས་ཚུལ་ཁྲིམས། སྨྱུག་མིང་། འདྲེ་མེ་འབུད། ཏཱ་ལའི་བླ་མ་མཐོ་རིམ་སློབ་གྲྭའི་དགེ་རྒན།
—————————————————————————————

དཔའ་བོའི་རྟོགས་བརྗོད།

ཁ་བ་སྐམ་པོ།
ཡར་ལུང་ཕུག་ནས་ཤུགས་ཀྱིས་བརྡོལ་བའི་སྤྲེའུ་རིགས་ཤིག་སྐྱེས་ནས་འཚར་བྱུང་། །
ལྷ་རི་གྱང་ཐོར་ཁད་ཀྱིས་བབ་པའི་བཙན་རྒོལ་རྒྱལ་རབས་ཕྲེང་བར་སྨིན་སོང་། །
ཁ་བ་རི་བོའི་ལྕགས་རི་རིང་མོ་ངང་གིས་གྲུབ་ཞིང་ལྷང་གིས་འབུས་དུས། །
རྟ་དམག་བྱེ་བའི་རྨིག་སྒྲ་གསོན་པོས་ཡ་གླིང་ཧྲིལ་བོ་འགེབ་ལ་བྲེལ་ཡོད། །
སྙིང་སྟོབས་ཁྲོ་ཆུའི་ཕ་བོང་རྗིད་པོ་ཁྲག་རྩའི་སྤུབས་ལ་འཁྱིལ་ཞིང་འཐིམས་ནས། །
རང་གི་རིགས་ཀྱི་འདུ་ཤེས་ཟབ་མོ་རུས་པའི་རྐང་ལ་འབེལ་བོར་འཕྱུར་དུས། །
བྷོ་ཊ་བ་ཡི་མཚན་སྙན་འོད་ཆེན་གོ་ལའི་སྒང་ལ་རིམ་གྱིས་འཕྲོས་ཞིང་། །
བོད་པ་ཚང་གི་གསེར་ནག་གཞི་རྐང་བཙུགས་ཤིང་ཚུགས་ནས་འདབ་ལོ་གྲོལ་ཡོད། །

སྔོན་གྱི་རྟོོགས་རིགས་རྡོ་རྗེ་ཕ་ལམ་བཙན་པོའི་མིག་ལས་མཁའ་ལ་འཕུར་ཞིང་། །
ཤེར་རྟོགས་རིག་པ་དུང་གི་མདའ་མོ་མཛངས་བློན་རེ་རེས་གངས་ལ་འཕངས་ཡོད། །
མ་མ་གྲོ་ཞིའི་སྐྲ་ཡི་ལན་བུ་དངུལ་དཀར་ཟོ་ཡི་ནང་ལ་བསླས་བ། །
ཨེ་མ་བཙན་པོའི་བུ་ཡི་སྦྲ་ཁྱིམ་སྣུམ་ཞགས་གྱི་ལེར་གླིང་ལ་བརྒྱང་ཡོད། །

ཉེར་གཅིག་དུས་ཀྱི་མགོ་རྐང་བསྒྲིགས་དུས་བཙན་པོའི་སྙིང་སྟོབས་མྱེ་ལྕེ་ཆིལ་ཆིལ། །
རིགས་ཞེན་འོ་མའི་མཆོངས་གར་རྩེ་ནས་སླར་ཡང་འབུས་སོ་བཙན་པོའི་རྟོགས་རིགས། །
དད་འདུན་ཆུ་ཤེལ་ཟླ་བའི་དཀྱིལ་དུ་བཅོས་རྫུ་མཚན་མའི་རི་བོང་འགྱིང་མེད། །
ལར་རྒྱའི་གསེར་ནག་སྒལ་ཚིགས་སྦོམ་པོ་སྲོང་ངེར་བསྲིང་ཡོད་ཨ་མའི་བུ་རྒོད། །

ཤེས་པའི་རྒྱུད་ཀྱི་ཆོད་སེམས་ཟླུམ་པོ་ཕྱིར་ལྡོག་མེད་པའི་བཞི་ཤད་གླན་ནས། །
གློ་མཆིན་མཚམས་ཀྱི་དམ་ཚིག་བརྟན་པོ་ཕྱག་རྒྱ་ཆེན་པོས་ཡང་ཡང་བཅིངས་སོང་། །
གོ་ལ་གསལ་བའི་སྒྲོན་མེ་འོད་ཆེན་ཡང་དང་ཡང་ནས་རབ་ཏུ་སྦར་བ། །
གངས་རིར་དཔར་བའི་རྟོགས་བརྗོད་གསོན་པོ་དུས་མཐའི་མེས་ཀྱང་འཚིག་པ་མི་གདའ། །

དལ་བརྒྱད་འབྱོར་བཅུའི་ཉེ་བར་ཕྱུག་པའི་སྲོག་གི་རྒྱུ་བ་གསེར་ནག་ལན་ཛ། །
སྒང་བ་བོད་ལ་སྐྱེས་སུ་བཏེགས་པའི་ཤེལ་དཀར་ཟླ་བའི་དུང་ཕྲེང་འཛོམས་པོ། །
མྱེ་ལྕེའི་གྱི་ལིང་གཤོག་ཐོགས་རེ་རེ་ཆིབས་པར་བཅིབས་པའི་བཙན་པོའི་དཔུང་རྒོད། །
གངས་རིའི་སྤོ་ནས་ཧྲག་བསྡུས་གཤར་བ་རྟོགས་བརྗོད་དངུལ་གྱི་སྙེ་མ་ཕོན་པོ། །

མྱེ་ལྕེའི་མེ་ཏོག་ཆུན་པོའི་ཀློང་ནས་རི་སྡེ་དཀྲོགས་པའི་གད་རྒྱངས་ཚོན་པོ། །
དད་སེམས་གོར་མའི་ཆིངས་བུར་བཏབ་པ་ཁྲི་ལོར་འབོད་པའི་དུང་བརྡ་གསལ་བོ། །
རིགས་ཞེན་འོ་མ་དཀྲུགས་པའི་མར་ལོ་ཐང་མར་བརྡལ་བ་དཔའ་བོའི་རུ་དར། །
བསིལ་ལྗོངས་བོད་ཀྱི་འབྲོང་རྒོད་དུམ་བུའི་རྟོགས་པ་བརྗོད་པ་བདུད་རྩིའི་ཕོར་བ། །

བྱམས་བརྩེའི་དུང་བ་རུས་པར་འཐིམས་པའི་ཕ་ལོ་མ་ལོའི་སྙིང་གི་ནོར་བུ། །
ཤ་ལས་སྨིན་པའི་བུ་ཕྲུག་དག་གིས་མིག་ཟུང་གཏད་པའི་བ་སོའི་རྒྱབ་རི། །
མཛའ་མཐུན་འོ་ཆུ་གཅིག་ཏུ་འདྲིས་བའི་ཞེ་མཐུན་རོགས་ལོས་དྲན་པའི་དྭངས་མ། །
འདི་དག་ལས་ཀྱང་མི་རིགས་ཤིག་ལ་གློ་བ་གཏད་པ་རྨད་བྱུང་རྟོགས་བརྗོད། །

མཁའ་ལ་གཤེགས་པའི་གངས་སེང་དག་ལ་ཆོལ་ཞེན་སྡུག་གི་ཚེར་མ་མེད་ལ། །
ལམ་ལ་བཞུད་པའི་དཔའ་རྒོད་དག་གི་ཕྱོགས་གཅོད་ལྐོག་གཡོའི་གྲི་ཐུང་བཏགས་མེད། །
ད་དུང་དུ་ཡང་ལུང་ཚན་བར་ལ་དབྱེ་འབྱེད་ཧམ་པའི་ཁ་ཤོམ་དག་ནི། །
ལ་རྒྱའི་གོང་བུར་སྨིན་ཐག་ཆོད་པའི་གངས་ཅན་པ་ཡི་གཉུག་གཤིས་མ་ཡིན། །

རིགས་ཞེན་གཏེར་མཛོད་སྒོ་མོ་ཕྱེས་ཤིང་འཚེ་མེད་ལྟ་བུར་འཐམ་ཞིང་བཏབ་པ། །
མི་ཚན་གཞན་ལ་ཅིས་ཀྱང་དབེན་པའི་རིན་ཆེན་ནོར་བུ་ཆ་ལག་བདུན་འཛོམས། །
རང་དབང་གསར་བའི་ལམ་རྒྱགས་མོད་པོ་ཁ་བ་རི་བར་ཡང་ཡང་ཕུལ་བའི། །
རྟོགས་བརྗོད་ཤེལ་གྱི་འཛུམ་ཆུང་དྲོན་མོ་ཁ་བ་སྐམ་པོས་ངག་ལས་འཕུར་སོང་། །

༢༠༡༢/11/14ཉིན་བྲིས་གྲུབ།
དངོས་མིང་། བྱམས་པ་དགེ་འཕེལ། སྨྱུག་མིང་། ཁ་བ་སྐམ་པོ། ནོར་གླིང་མཐོ་སློབ་ཀྱི་སློབ་མ།
—————————————————————————————

དཔའ་བོའི་རྟོགས་བརྗོད།


 འབྲོང་དར་རྒྱས།

བདེན་པའི་སྙིང་པོ་སྲོག་ལ་ཞུགས་པའི་ཁ་བའི་ལས་དབང་རླུང་གིས་བྱེར། །
དམུ་ཐག་གསོན་ཤུགས་རྒྱུད་སྐུད་ཕྲ་མོ་རེ་བཞག་སྟོང་གི་དཔང་དུ་བཙུགས། །
མངོན་འདོད་བློ་རིག་ཞི་རྒོལ་རྩལ་ཆེན་དམར་པོ་མེ་ཡི་སྟོབས་སུ་མཆེད། །
ཞི་བའི་ཁམས་ནས་ཞི་བའི་སྙིང་པོ་ཐབས་དང་ཤེས་པའི་ཁམས་ལ་འཐིམས། །

སྲ་མཁྲེགས་སྙིང་པོ་སྟོབས་ཀྱིས་བསྲིངས་ཤིང་འཇུག་པ་མཁའ་མཐའི་ཀློང་ལ་འཁྱར། །
དམིགས་མེད་ཞེན་ཆགས་ཞི་བའི་བདེན་དོན་རྒྱལ་གཅེས་དཔའ་བོའི་བཞུད་ལམ་སྟེ། །
ཡང་དག་འཇུག་ངོགས་ཐབས་དང་ཤེས་པས་བདེན་དོན་མཁའ་ཡི་ཀློང་རིམ་ནས། །
ངོ་མཚར་རྒྱལ་སྲས་དཔའ་བོའི་རྟོགས་བརྗོད་དམར་པོ་མེ་ཡི་གཞུང་ནས་བསླངས། །

བྱམས་ལྡན་ཕ་མ་སྐྱོར་ཞིང་གཉོར་བའི་འཇིག་རྟེན་གནས་མའི་དགུ་ཚིགས་འཐོར། །
སྙིང་རྗེ་བྱིས་པའི་འཛུམ་ཀོང་མེ་ཏོག་ན་རཀ་འབྱུང་བོའི་ཚོགས་ཀྱིས་འཇིབས། །
བརྩེ་ལྡན་མཛའ་མོའི་མི་ཚེའི་བཅུད་སྙིང་རྡོ་རྗེའི་སྲོག་གི་འཚེར་ཡ་ཤོར། །
དོན་གྱི་བདེན་པའི་གནས་སྣང་འདི་ཀོ་སུ་ཡིས་བཟོད་པར་འཚལ་ལམ་ཅི། །

རྒས་ཤིང་འཁོགས་པའི་རྒན་རྒོན་མང་པོས་ཚེ་རྟེན་བུ་ལོ་དྲན་ཞིང་ལྷགས། །
དམར་འབྱར་བྱིས་པའི་ངུ་ངག་གཟན་པོས་བྱམས་པའི་ཕ་མར་རེ་ཞིང་འབོད། །
དུངས་ཅན་བཟའ་ཟླའི་གོམ་སྒྲར་སྒུག་པའི་ཁེར་རྐྱང་སྐྲ་ལོ་འཛིང་ཞིང་གཟེངས། །
ཀྱེ་ཀྱེ་ཁ་བའི་ལས་དབང་འདི་དག་གནམ་གྱི་རྒྱལ་མོས་བསྐོས་སམ་ཅི། །

ཁ་བའི་བསོད་ནམས་ཆུང་བས་ཡིན་ནམ་ལྷ་ཚོགས་དགྱེས་བསྐྱེད་གཡས་ལ་ཐལ། །
ཁ་བའི་དབུ་འཕང་ཉམས་པས་ཡིན་ནམ་ཀླུ་ཚོགས་སྡོང་གྲོགས་གཡོན་ལ་ཤོར། །
ཁ་བའི་དཔུང་སྟོབས་ཞན་པས་ཡིན་ནམ་རྒྱལ་ཚོགས་དབང་ལྔ་ཉམས་ཤིང་དིག །
ཁ་བའི་ལས་དབང་འཕྱུག་པས་ཡིན་ནམ་རྒྱུ་འབྲས་རྒྱ་མ་ཡོ་ཞིང་འཁྱོག།།

བཟོད་མེད་ན་ཟུག་མེ་ཡིས་བསླངས་ཏེ་འཇིགས་མེད་ཚེ་མཐའི་སྲོག་ལ་རྒོལ། །
ཞུམ་མེད་དཔུང་སྟོབས་རྣོན་པོའི་རལ་གྲིས་དམར་ནག་མཚང་གི་གཏིང་རིམ་བྲེགས། །
ངེས་དོན་བདེན་པའི་མེ་ལྕེ་དམར་པོས་འཛམ་གླིང་ཆེ་རྒུ་མཚར་ལ་བཀོད། །
རྒྱལ་སྲས་དཔའ་བོའི་ཞེན་ཆགས་ཕྱིར་མིག་མེ་ལྕེའི་ཀློང་ནས་བོད་ལ་འཕངས། །

ཁྱེད་ཚོ་བཞུད་པའི་རྩུབ་དྲགས་བཤུལ་ལམ་ཚ་རྒྱུད་དག་གི་རྐང་པར་འཁྲེན། །
ཁྱེད་ཚོས་བཞེངས་པའི་ནུབ་མེད་རྡོ་རིང་འཛམ་གླིང་ཟླུམ་པོའི་གཙུག་ན་ཡོད། །
ཁྱེད་ཚོས་བཞག་པའི་ཞལ་གྱི་ཆེམས་ཡིག་ས་ཡ་དྲུག་གི་རུས་ལ་བབས། །
ཁྱེད་ཚོའི་སྐུ་ཡི་ལུས་སྲོག་ལོངས་སྤྱོད་ཁ་བ་རི་བའི་ཞིང་ལ་འཐིམས། །

གཡོལ་མེད་ཆོས་གཤིས་གཟུགས་སུ་བསྐྲུན་པའི་ངེས་དོན་བདེན་པའི་སྙིང་སྟོབས་ཡོད། །
ཟླ་མེད་བློ་གྲོས་དཔུང་དུ་བསྒྲིགས་པའི་དཔའ་སྙིང་སྟག་གི་མཆེ་སྡེར་ཡོད། །
ཞིག་མེད་ཆིག་སྒྲིལ་ཐགས་སུ་སྦྲན་པའི་མཛའ་མཐུན་ཞི་བའི་གདེངས་ཀ་ཡོད། །
དྲང་སྙོམ་རྒྱུ་འབྲས་བློ་མིག་བཀྲ་བའི་གླིང་བཞིའི་ཁམས་ཀྱི་གནས་ལུགས་ཡོད། །

སྣང་སྲིད་འཇིག་རྟེན་ཡངས་པོའི་ངོགས་ན་རེ་བཞག་སྟོང་གི་ཞེན་ཆགས་ཡོད། །
བདལ་དྲུག་མེས་པོའི་རྒྱུད་རུས་ཚལ་ན་རྣོ་དབལ་བཙན་གྱི་གསོན་སྙིང་ཡོད། །
ཕས་རྒོལ་གཡུལ་སའི་ཁྲག་དམར་ཀློང་ན་ཡལ་མེད་དཔའ་བོའི་ཞལ་ཆེམས་ཡོད། །
སྲ་མཁྲེགས་སྲོལ་གྱི་འཇིགས་རུང་ཁམས་ན་ཨུ་ཚུགས་དོན་གྱི་བདེན་པ་ཡོད། །

མར་མེའི་མཆོད་པས་ཐར་ལམ་གསལ་མིན་ངེས་དོན་དེ་ཉིད་མ་མཐོང་ཡང། །
ཤུལ་ལུས་བོད་མིས་བརྒྱ་ཚར་མཆོད་མེའི་འོད་ཀྱི་ཕུང་པོ་སྟོང་དུ་བརྩིགས། །
བསྔོ་སྨོན་གསོལ་འདེབས་ཁྱོད་ལ་ཕན་པའི་ཡང་དག་རིགས་ལམ་མ་རྙེད་ཀྱང་། །
སྐྱིད་སྡུག་གཅིག་གི་རྒྱུན་ཐག་འཕྲེང་འདིར་མགོ་ནག་བོད་པས་ཧྲིལ་གྱིས་བསྒྲིལ། །

མགྲིན་པའི་གྲེ་བ་འགྱུར་དུ་ཁུགས་པའི་གླུ་ཡིས་ཁྱེད་ཅག་ལྷང་ལྷང་གྱེར། །
ལོ་རྒྱུས་གླེགས་བམ་མཐུག་པོའི་གསེང་ནས་ཁྱེད་ཅག་གསེར་ཡིག་འབུར་མས་གྲུབ། །
ཆོས་སྲིད་བསྟན་པའི་གདུགས་དཀར་ཡུག་ལས་ཁྱེད་ཅག་འགྱུར་མེད་རྡོ་རིང་རེད། །
སྙན་ངག་མཁན་པོའི་གསེར་སྙུག་རྣོན་པོས་དཔའ་བོའི་རྟོགས་བརྗོད་འདི་ལྟར་བྲིས། །

རྣོ་ངར་འབྱུང་བོའི་བཙན་སྟོབས་སྲིད་བྱུས་ལྡོག་མེད་ལྕགས་ཁྲབ་ཟོལ་མ་སྟེ། །
འབྱུང་གཞི་འཁོར་མའི་བགྲོད་རིམ་མཚམས་ནས་རིང་ལྡོག་ཆོས་ཉིད་ཡང་དག་གིས། །
ཐོག་སེར་ཁངས་ཆར་འཁྲིགས་རིམ་ཀློང་ནས་འཕོས་པའི་སྣང་ཚུལ་རེ་རེ་འདིས། །
རྒྱལ་གཅེས་དཔའ་བོའི་རྟོགས་བརྗོད་འདི་ཀོ་འགོག་མེད་སྙིང་གི་དབུས་ནས་ཐལ། །

དངོས་མིང་། འབྲོང་བློ་བཟང་དར་རྒྱས། སྨྱུག་མིང་། འདྲེ་མྱེ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་པ།
—————————————————————————————

དཔའ་བོའི་རྟོགས་བརྗོད།


____རྒྱང་རིང་ནས་འཚིག་བཞིན་པའི་ཕུ་ནུ་ཚོར་བལྟས་པ།

ཏཱ་ན་བློ་བཟང་།
ཀེར་རེར་སྒྲེངས་པའི་དཔའ་གདེང་རྒོད་པོ་ནམ་མཁའི་མཐོངས་སུ་བཞེངས་ནས་སོང་། །
རང་ས་སྲུང་བའི་དམ་བཅའ་གོར་མོ་གསེར་འོད་ལམ་ལེམ་འཁྱུག་ནས་སོང་། །
ཤར་རླུང་འཚུབ་པའི་ལྕགས་འཛེར་སྐྱ་བོས་མི་སེམས་རེ་རེར་བསྣུབས་ན་ཡང་། །
གཅེས་པའི་སྲོག་དེས་མེ་ལྕེ་ཀློང་ནས་ལ་རྒྱའི་ངར་སྐད་སྒྲོག་བཞིན་སོང་། །

འབྲོང་ཁྱུ་གཤར་བའི་རྫ་ལམ་སྨུག་པོར་ཚོར་བའི་གློག་ཞགས་བསྐྱིལ་ནས་སོང་། །
རྒོད་པོ་འཕུར་བའི་མཁའ་ལམ་རེ་ན་ལྷ་ཆེན་ཚངས་པའི་ཐིག་སྐུད་ཡོད། །
ཐ་སྙད་སྒྲིག་པའི་གསང་ཚིག་དེས་ཀྱང་ས་ཆེན་བྲང་གཞུང་བཤགས་ནས་སོང་། །
གཅེས་པའི་སྲོག་གི་མདུན་རྒྱབ་རེ་ན་བདེན་པ་སྟོང་གི་ལེའུ་ཡོད། །

འཁྱག་ཤི་ཐེབས་པའི་རི་བོའི་བསྟར་ཕྲེང་ལང་ལོང་འཐིབ་པའི་སྨུག་པས་བཟུང་། །
སྐྱོ་གདུང་སེལ་བའི་དགུ་ཆུའི་རླབས་སྒྲ་གཡོ་འཛུམ་ཁྲོད་ནས་དུར་ཏུ་སྦས། །
ཐུར་ཏུ་བབ་པའི་ལོ་རྒྱུས་འདི་དག་ཁྱེད་ཚོས་ཁ་ལོ་བསྒྱུར་བཞིན་སོང་། །
གཅེས་པའི་སྲོག་གི་དཔང་བོ་འདི་ལ་ལྷ་དབང་ཆེན་པོས་མགོན་སྐྱབས་གཟིགས། །

ཨ་མ་འབོད་པའི་ཨག་སྐད་གཉོམ་པོ་ཕྱིར་མིག་ཁྲོད་དུ་ལུས་ནས་སོང་། །
ཨ་ཕས་བོས་པའི་སྐད་གདངས་སྦོམ་པོ་མེ་འོད་ཁྲོད་ནས་བསྐྱར་ཏུ་ཐོས། །
ཤི་གསོན་མཚམས་ཀྱི་འཇིགས་སྐྲག་ཀློང་ནས་བཟའ་ཟླ་བུ་ཕྲུག་སྣང་བཞིན་སོང་། །
གུས་ཞུ་གུས་ཞུ་འཛམ་གླིང་མི་རིགས་གཅེས་པའི་སྲོག་འདིར་གཟིགས་རོགས་ཞུ། །

ལྷབ་ལྷབ་འབར་བའི་མེ་ལྕེ་ལྡོམ་པོ་ཚ་གདུག་ཉི་མར་འདྲེས་ཏེ་སོང་། །
ཤ་པགས་གས་པའི་ཙག་སྒྲ་རྩུབ་མོས་གསོན་པོའི་བླ་སྲོག་སྒུལ་བཞིན་སོང་། །
ཕྱི་བགྱེ་ནང་བགྱེ་ཕྱག་རྒྱ་ཆེན་པོས་༧གོང་ས་མཆོག་ལ་སྒུག་བཞིན་སོང་། །
གཅེས་པའི་སྲོག་གི་དཔང་བོ་འདིས་ཀྱང་བདེན་པའི་སྒོ་མོ་རྡུང་བཞིན་སོང་། །

གཡུ་འབྲུག་འཁྱུག་སའི་ཕ་ས་སྨུག་པོ་ཤ་རུས་འཚིག་པའི་བསུར་དྲིས་བཟུང་། །
ཨ་མ་ཞིག་གི་སྡུག་གི་ངུ་ཤུམ་མཚན་སྨག་ཁྲོད་ནས་ཡང་ཡང་བཞུར། །
ཨ་ཕ་ཞིག་གི་ཨུ་ཚུགས་མིག་ཆུས་ཕུ་ནུའི་སེམས་ཀྱང་ཡང་ཡང་བརླན། །
ཕ་ས་ཤོར་བའི་དུས་ལོག་འདི་ཡིས་ཁྱེད་ཚོའི་གཅེས་སྲོག་འཕྲོག་ནས་སོང་། །

ཞི་བ་དུང་གི་ཁ་བ་རང་འབབ་བོད་པའི་དཔའ་བོ་དཔའ་མོ་ཚོ། །
རྒོད་པོ་ཁྲོས་བའི་སྙིང་སྟོབས་དྲོད་མོ་གསོན་པོའི་མིག་ཆུའི་རྒྱུན་ན་ཡོད། །
ཡུན་རིང་སྒུག་པའི་འདུན་པ་དེ་ཡང་གསོན་པོའི་རུས་པའི་རྐང་ན་ཡོད། །
བདེན་པ་འཚོལ་བའི་ལེའུ་འདི་དག་གསོན་པོའི་སེམས་སུ་འཐིམ་བཞིན་ཡོད། །
༢༠༡༢ ༡༡ ༡༤ལ།
དེང་སྐབས་ངའི་ཕ་ཡུལ་གྱི་གྲོང་སྡེ་ནས་མེར་བསྲེགས་བསྟུད་མར་བཏང་བ་དང་། སྐབས་འདིར་ངས་ང་རང་རྒྱ་གར་ཡོང་བ་ཡང་ནོར་འཁྲུལ་ཞིག་ཏུ་བསམ་ནས་འགྱོད་པ་སྐྱེ་བཞིན། ཕ་ཡུལ་དུ་ཡོད་ན་མ་མཐའང་ཁོ་ཚོ་དང་སྡུག་གི་ཁུར་རོ་མཉམ་ཁུར་བྱེད་ཐུབ་ནི་རེད་སེམས་སྟེ། རང་གིས་རང་ལ་ལས་བརྡ་བྱེད་བཞིན། མིག་གིས་མཐོང་སའི་འཇིག་རྟེན་ཐམས་ཅད་སྐྱ་ཐང་ཐང་ཡོད་པའི་སྐབས་འདིར། གྲོགས་བོན་རྒྱས་ཚིག་འདི་འདྲ་མ་ཞིག་འབྲི་དགོས་པའི་ཁ་པར་ཡང་ཡང་ཐོན་པས། དེ་ལྟར་བྲིས་ནི་ཡིན་པས་འདིས་ཀློག་པ་པོ་དག་ལ་སུན་པོ་བཟོས་སོང་ན་དགོངས་འདེགས་ཞུས་པ་ཡིན། ཚིག་སྦྱོར་དག་གང་གི་ཐད་ནས་ཡག་པོ་ཞིག་འབྲི་མ་ཐུབ་ཐལ།
དངོས་མིང་། ཏཱ་ན་བློ་བཟང་། སྨྱུག་མིང་། རླུང་ནག ལྗང་རླུང་རྩོམ་སྒྲིག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟུར་བ།

—————————————————————————————

དཔའ་བོའི་རྟོགས་བརྗོད།

གཅན་ཡུ་མོ།


འདོད་རྒུའི་མེ་ཏོག་རྣམ་པར་བཀྲ་བའི་རྒྱུ་འབྱོར་ཟེའུ་འབྲུའི་དགའ་ཚལ་དུ། །
གནག་སེམས་སྤྲིན་རིམ་སྟུག་པོའི་རླུང་གིས་མཛེས་བའི་ཡུལ་འདི་ངར་གྱིས་བཅོམ། །
ཟུར་མིག་སྐྱོ་བའི་སྐྱེ་འགྲོའི་ཚོགས་ཀྱི་ཆགས་སྡང་ནག་པོའི་རྣམ་ཤེས་ལས། །
དྲི་བསུང་འཐུལ་བའི་མཛེས་ལྡན་ཞིང་དེ་བར་དོ་རླུང་གི་ཞགས་པས་བསྡམས། །

ཁ་སང་མི་ཞིག་དྲང་བདེན་ཟེར་བཞིན་མེ་ལྕེ་མཉམ་དུ་བཞུད་པ་ཐོས། །
གནས་ལུགས་དྲང་བོར་བརྗོད་ས་མེད་ཀྱང་སྲོག་གིས་བྲིས་པའི་འཕྲིན་ཡིག་མཐོང་། །
དྲག་སྤྱོད་ཅན་གྱི་རྒྱ་དམར་གཞུང་གི་གསང་བ་གཏོར་བའི་རྒྱབ་དཔུང་དུ། །
མཉམ་འབྲེལ་རྒྱལ་ཚོགས་སེམས་ཤིག་ཡོད་ཚེ་མགོ་བོ་མ་དུད་བདེན་ལུགས་སྐྱོངས། །

དེ་རིང་ནུ་ཞོ་དྲིན་གྱིས་སྐྱོང་མཁན་ཡུམ་ཁྱོད་སྡེ་ནས་འབར་སོང་ཟེར། །
མིག་རྩ་དམར་བོ་ལ་རྒྱར་གཏད་དེ་མི་རིགས་ཤིག་གི་རང་དབང་སླད། །
བྱིས་པས་ཨ་མའི་བེམ་པོའི་མདུན་དུ་དྲང་བདེན་གང་དུ་ཡོད་པ་དྲིས། །
ཨ་རི་རྒྱལ་ཁབ་སྙིང་ཞིག་ཡོད་ཚེ་ཁ་བ་བོད་པར་ལན་ཞིག་སྩོལ། །

ཤར་ནུབ་བར་ཏུ་མཚམས་འཇོག་མེད་པར་དྲང་བདེན་མེ་ལྕེ་ཡང་ཡང་འཕྱུར། །
རེ་བའི་མཐེ་བོང་གནམ་ལ་བསྐོར་བའི་གདོང་དམར་བུ་ཡིས་མ་བཟོད་པས། །
སྐྱོབས་པའི་ཉིན་ཞག་སྨོན་པས་བསུས་ཏེ་ཞུམ་མེད་དམ་བཅའ་ཕྲག་ཏུ་ཁུར། །
འོན་ཀྱང་ང་ཡིས་ཁྱོད་ལ་སྒྲུབ་པ་མ་ཎི་ཙམ་ཞིག་ཡིན་པས་སྐྱོ། །

ཇི་སྙེད་མཁྱེན་པའི་མེ་ལོང་གསལ་བ་འུ་ཅག་ཚང་ལ་མེད་ནའང་། །
ཆོལ་གསུམ་གཅིག་ཏུ་གཞོམ་མེད་ཚིག་གིས་སྤོབས་སེམས་བདག་འཛིན་བྱས་པའི་ཚེ། །
བདེན་པའི་མེ་ལྕེ་དགུང་ལ་འཕྱུར་བའི་ཉམ་ཆུང་སྲོག་གི་བདེན་ཚིག་དེར། །
མི་འགྱངས་ཞི་བདེ་དྲང་བདེན་བརྒྱུད་དེ་བོད་པའི་ན་ཟུག་ཚོར་འོས་སྙམ། །

མེས་པོའི་སྟོབས་དང་གཟི་བརྗིད་འཚོལ་བའི་གསེར་ཡིག་ཁྲོད་ཀྱི་དཔའ་བོ་ཁྱོད། །
ཐུབ་བསྟན་རྒྱས་པའི་ཚིག་གིས་མཆོད་སྦྱིན་ས་ཆེན་འདི་ཡི་སྤྱི་གཙུག་ན། །
རང་ལུས་གསེར་གྱི་རྨུ་ཐག་བཅད་དེ་བདེན་པའི་དཔང་གིས་བསྲེགས་ཉིན་ནས། །
ཤུལ་ལུས་གང་ཟག་མྱ་ངམ་ཐང་ནས་སྐྱོ་གདུང་སེམས་པ་རྣག་གིས་ཟགས། །

གཅིག་མིན་གཉིས་མིན་དཔའ་བོ་བདུན་ཅུ་ཕྲེང་བསྟར་བརྒྱུད་པ་རྒོད་པའི་ཀླུང་། །
ཐེངས་གཅིག་མི་སྙན་གཏམ་ངན་ཐོས་པ་འཇིག་རྟེན་ཞིག་གི་ཆོས་ཉིད་ཟེར། །
འོན་ཀྱང་ཉིན་མཚན་དབྱེར་མེད་ཐོས་པས་བཟོད་མེད་དྭ་ཕྲུག་སྡུག་གིས་འགྱེལ། །
འབྱུང་འགྱུར་ཞི་བདེའི་འོད་སྣང་འཕྲོས་ཡང་ཕ་མེད་བུ་དག་ཅི་ལྟར་འཚོ། །

གདུག་རྩུབ་མཚོན་གྱི་སྒྱོགས་རྡོའི་ཁྲོད་དུ་མི་ལོ་དྲུག་ཅུའི་ལོ་འཁོར་རེར། །
ཕྱོགས་བཞིའི་དྲང་བདེན་ཟེར་བའི་ཚོགས་ཁག་ཁ་ཡི་རླངས་པས་ཁྲོད་ན་འཚོ། །
ཧམ་སེམས་སྟོབས་ཀྱིས་དམར་ཕྱོགས་རྒྱ་ཡིས་ཤར་དང་ནུབ་ནས་དབང་བསྡུས་བས། །
མེ་ལྕེ་ཁྲོད་ཀྱི་དཔའ་བོ་དག་གིས་རེ་བའི་ཚེ་སྲོག་ཐལ་བར་གྱུར། །

དུས་མཇུག་ལས་ཀྱི་ངར་ཤུགས་ཁྲོད་ན་ལྷ་དང་བླ་མའི་མཐུ་ཡང་ཉམས། །
ཁྲག་དང་མེ་ལྕེ་དགུང་དུ་འཕྱོ་བོའི་དཔའ་བོའི་གཟི་བརྗིད་རྫུན་གྱིས་གཏུམ། །
སྙིང་སྟོབས་འཛུམ་དྲུག་མེ་ལྕེའི་ཁྲོད་དུ་འཕྱུར་བའི་དཔའ་བོ་ཁྱོད་ཀྱི་རྗེས། །
ལྷོ་མཐའི་རླུང་བུ་ཉམ་ཆུང་ཞིག་གིས་འགྱོད་གདུང་རི་ལ་བརྒྱུད་བཞིན་གྲགས། །

༢༠༡༢.11.14 ཉིན།
དངོས་མིང་། དྲུག་དཀར་འཚོ། སྨྱུག་མིང་། གཅན་ཡུ་མོ། རྒྱལ་སྤྱིའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གསར་འགོད་པ།

—————————————————————————————

དཔའ་བོའི་རྟོགས་བརྗོད།


ཀླུ་མཚོ་སྐྱིད།


ཚེ་སྲོག་དང་པོའི་ངུ་སྐད་ཕྲ་མོ་གདོང་དམར་ཚང་གི་ཁྱིམ་ནས་གྱེར། །
མ་ཎི་ཡིག་དྲུག་དབྱངས་རྟའི་ཁྲོད་ནས་གངས་ཅན་པ་ཡི་མཚན་བྱང་འཁུར། །
ཡངས་པའི་རྩྭ་ཐང་སྟེང་ནས་འཚར་ཞིང་མཐིང་སྨུག་སྦྲ་ཡི་བདག་པོ་ཉིད། །
མི་རབས་ཤིག་གི་སྙིང་ན་འཚེར་བའི་དཔའ་བོ་དཔའ་མོར་ངོ་སོ་བསྟོད། །

ཤར་ཕྱོགས་ཀླ་ཀློའི་ཧམ་སེམས་གནག་པོས་ཨ་མའི་བྲང་གཞུང་བསྔོགས་པ་ཡི། །
ལོ་ཟླ་སྐྱུར་མོའི་གསེང་ནས་བརྡོལ་བའི་གཟུགས་མེད་རྨ་ཁ་སེམས་ལ་བཏོད། །
རྒྱ་སྟག་ཁྲ་མོས་ངར་སྐད་སྒྲོག་ཞོར་གཉའ་ནས་བཙན་གྱིས་མནན་གྱུར་ཀྱང་། །
མཐུན་སྒྲིལ་ལག་རྡང་དམ་དུ་སྦྲེལ་ཏེ་ལ་རྒྱའི་མེ་ལྕེ་དགུང་དུ་འཕྱུར། །

རིགས་ཞེན་དཀར་པོའི་འོད་སྣང་འཕྲོ་བའི་དཔའ་བོ་དཔའ་མོའི་དཔུང་ཚོགས་ཀྱིས། །
གཅེས་པའི་ཚེ་སྲོག་མེ་ལ་བསྒྲོན་ཏེ་བདེན་པའི་རྔ་སྒྲ་སྒྲོགས་པ་དེ། །
གངས་ཅན་པ་ཡི་བུ་རབས་ཚ་རྒྱུད་གཉིད་ལས་དཀྲོགས་པའི་དུང་སྒྲ་ཡིན། །
མུན་པ་སྟུག་པོ་འཐིབས་པའི་ཁྱིམ་དུ་ཉི་གཞོན་བསུ་བའི་སྐྱ་རེངས་ཡིན། །

ཤེས་རིག་སྐྱོམ་པའི་བླ་སྤྲུལ་མཁན་པོ་གྲྭ་བཙུན་སློབ་ཕྲུག་ཕོ་མོ་ཡིས། །
དལ་འབྱོར་ལུས་རྟེན་དྲག་ཏུ་འབར་དུས་སྲིད་པའི་གངས་དག་ཞུ་ལ་ཉེ། །
དམར་འབྱར་བྱིས་པའི་བརྩེ་བའི་མ་དང་སྲོག་ཤིང་ལྟ་བུའི་ཕ་ལོ་སོགས། །
ཁྱིམ་དང་བྲལ་ནས་རབ་ཏུ་འབར་དུས་ཁྲི་ཤོར་རྒྱལ་མོ་ཁོལ་ལ་ཉེ། །

དལ་འབྱོར་ཐོབ་དཀའི་ཚེ་སྲོག་རེ་རེ་དམར་པོ་མེ་ལ་འབར་ཐེངས་རེར། །
སྙིང་རྗེའི་སྤྱན་ཟུང་ཐོད་དུ་མངའ་བའི་ཕྱོགས་ཀྱི་འགྲོ་བ་གྲོགས་སུ་བཀུག །
ན་ཟུག་འབུམ་གྱི་འོ་དོད་ཀློང་ནས་ཞི་བའི་འབོད་ཚིག་སྒྲོག་ཐེངས་རེར། །
ཝ་མོའི་གཡོ་སྒྱུ་འཁྲབ་མཁས་དགྲ་ཡི་དཔོན་པོའི་རྫུན་རྐུབ་རབ་ཏུ་བརྡོལ། །

དཔའ་བོ་དཔའ་མོའི་བསུབ་མེད་ཞབས་རྗེས་ཁྲག་མདོག་དེབ་ཐེར་ཀློང་དུ་བཀོད། །
འོད་དུ་འཚེར་བའི་གསེར་གྱི་ཞལ་ཆེམས་མི་རིགས་ཤིག་གི་སྙིང་ལ་དཔར། །
ཡིད་ལ་དྲན་ཡང་ཇི་བཞིན་འབྲི་ལ་བརྡ་དང་ཚིག་གིས་མི་མཚོན་པའི། །
རིགས་ཞེན་དཔའ་བོའི་རྟོགས་བརྗོད་གསོན་པོ་འདི་ལྟར་སེམས་པའི་གཏིང་ནས་འཕྱུར། །

དངོས་མིང་། ཀླུ་མཚོ་སྐྱིད། ནོར་གླིང་མཐོ་སློབ་ཀྱི་སློབ་མ།
—————————————————————————————

དཔའ་བོའི་རྟོགས་བརྗོད།

ཨ་རིག་དགེ་མཐོང་།ཝཱར་ཎ


ཐུ་བྷོད་མེས་པོའི་དེབ་ཐེར་དཀར་པོ་ལུང་རིགས་རྣོན་པོའི་སོ་ཁ་ནས། །
ཤར་ནུབ་ཕྱོགས་བཞིའི་མཚམས་སུ་འཕངས་ཏེ་ད་ལྟ་ཀུན་གྱིས་ཤེས་ཚོད་ཡིན། །
སྲོང་བཙན་སྒམ་པོའི་བཞུད་ལམ་རེ་ན་མི་ཐེག་གསེར་གྱི་ཕྱི་རྗེས་ཡོད། །
དེ་ཡི་རྗེས་འཛིན་དམ་པ་དག་ནི་ད་ལྟ་གླེང་ན་རྫོགས་མཐའ་བྲལ།

ཙི་ནིའི་བཙན་འཛུལ་རླུང་ནག་འཚུབ་མ་གངས་རིའི་ལྗོངས་སུ་སླར་ཡང་བསླེབས། །
རང་ལུས་རིན་ཆེན་མེ་རུ་བསྒྲོན་ཏེ་ཞི་བའི་འོད་ཅིག་མདུན་དུ་བཤམས། །
སུ་ཡིས་མཐོང་ན་སེམས་འདར་རྒྱག་པའི་ད་ལྟའི་བོད་མིའི་སྙིང་སྟོབས་དེ། །
སྒྲོ་འདོགས་སྒེག་མོའི་ཞལ་རས་མི་འཚོལ་དཔའ་བོའི་རྟོགས་བརྗོད་གཏན་ལ་འབེབ། །

སྒང་བ་བོད་ཀྱི་རིག་གཞུང་ཀུན་ལ་དམར་ཕྱོགས་ཁྭ་ཏའི་མཆུ་ཏོ་གཡུག། །
རྒྱལ་བའི་གླེགས་བམ་ལྗིད་ཁོག་ཅན་དག་མེ་ལ་བསྲེགས་ཏེ་སྙིང་ལ་བསྙབས། །
ལོ་རྒྱུས་ཆུ་བོའི་བཞུར་རྒྱུན་ཅན་གྱི་ལྷ་རྟེན་ཆོས་གསུམ་ཆུ་ལ་བསྐྱུར། །
ཡ་ང་མེད་པའི་ཐུབ་ཚོད་འདི་འདྲ་ངེད་ཅག་བོད་མིས་འཁུར་ནུས་སམ། །

ལུང་རིགས་གདམས་ངག་རིན་མེད་གནང་བའི་བརྩེ་ཆེན་རྩ་བའི་བླ་མ་རྣམས། །
དམངས་ཀྱི་ཁུར་རོ་ཡིན་པར་བསྙད་དེ་གྲལ་རིམ་འཐབ་རྩོད་སྣེ་ནས་བཙུར། །
ཆོས་ལུགས་དད་མོས་ཡོད་རབས་སྨྲ་བའི་ཏང་གི་རྩ་ཁྲིམས་རྩུབ་མོ་དེ། །
བོད་རིགས་སྤུན་ཟླའི་གཉའ་ལ་བཞག་ན་འཁུར་བར་ནུས་སམ་གངས་ཅན་པ། །

བྱམས་བརྩེའི་ནུ་ཞོ་ཡང་ཡང་སྦྱིན་པའི་དྲིན་ཆེན་ཕ་མ་རྩིབ་ནས་བསད། །
ཤ་ལས་ཆད་པའི་གཅེས་པའི་བུ་ཕྲུག་སྐྱོང་བའི་གོ་སྐབས་མ་ཕྱིན་པར། །
ཉེས་མེད་གཅར་རྡུང་དྲག་པོའི་འོག་ནས་བཙན་གྱིས་བཙོན་དུ་བཅུག་པ་མང་། །
གདུག་རྩུབ་ཅན་གྱི་བརྙས་བཅོས་འདི་འདྲ་ང་ཚོ་སེམས་ཀྱིས་བཟོད་ནུས་སམ། །

ལམ་སྟོན་གནང་བའི་དགེ་རྒན་ལེགས་པོ་གློ་བུར་ཕྱི་མའི་ཡུལ་དུ་བརྫངས། །
དགེ་བ་སྒྲུབ་པའི་དགེ་སྦྱོང་དག་ལ་ཆ་རྐྱེན་མི་དགོས་བསད་ན་ཆོག །
སེམས་རྩ་གཉོམ་པའི་མང་ཚོགས་ཡོངས་ལ་དོན་མེད་འདྲི་གཅོད་སྣ་ཚོགས་ཡོད། །
སྒེར་གཅོད་དམར་པོའི་ལྟ་བ་འདི་འདྲ་བདག་ཅག་རྣམས་ཀྱིས་འཁུར་ནུས་སམ། །

མེས་པོའི་ཚེ་སྲོག་འབུམ་གྱིས་ཉོས་པའི་བོད་ཀྱི་སྐད་དང་ཡི་གེ་ལ། །
མགོ་དང་གཞུག་ནས་གཅོད་བྲེག་བྱས་ཏེ་ཕན་དང་ནུས་པ་མེད་པར་བྱས། །
ཁ་འབབ་ཆུ་བཞིའི་དྭངས་ཤ་བསྙོགས་ཏེ་གཙང་བའི་ཁ་དོག་གཞན་དུ་བསྒྱུར། །
ཁོར་ཡུག་གཙང་མ་བཙོག་པར་བསྒྱུར་བའི་ཁྲིམས་འགལ་འདི་དག་འཁུར་ནུས་སམ། །

རང་ལུས་མེ་བསྒྲོན་ཞི་བའི་ལས་འགུལ་རྒྱང་རིང་རྒྱུས་མེད་རྒྱ་གར་ནས། །
ཐུབ་བསྟན་དངོས་གྲུབ་ཐུགས་ལ་འཁྲུངས་ཏེ་ཁ་བའི་ལྗོངས་སུ་སྲོལ་བཏོད་གནང་། །
བོད་མིའི་བདེ་སྡུག་སྙིང་ལ་བཅངས་པའི་གངས་ཅན་དཔའ་བོ་དཔའ་མོ་ཚོས། །
དམར་པོའི་སྲིད་བྱུས་གཏིང་ནག་འདི་ཡི་སྔུན་ལ་བུད་དེ་མེ་ལ་བསྲེགས། །

རིགས་ལམ་སྨྲ་བའི་གྲྭ་གཞོན་བཀྲ་བྷེས་རྩོད་གྲྭ་བསྐྱུར་ནས་སྤྱི་དོན་བསྒྲུབས། །
བསམ་མེད་བྱིས་པ་གཞུག་ནས་བཞག་སྟེ་ཨ་མ་ཞིག་གིས་བདེན་མཐའ་བརྩད། །
ཁྱིམ་ཚང་ཁ་བཀོད་བྱ་ལས་གཡུག་ཏེ་རྒན་རབས་ཤིག་གིས་རྒོལ་ལན་སློག །
དགོན་དང་གྲོང་བའི་ཉེ་འདབས་རེ་ན་མེ་བསྲེགས་སྤུན་ཟླའི་བཞུད་ལམ་ཡོད། །

སྟག་ཤར་གཞོན་ནུ་དཔའ་བོ་ཞིག་གིས་བརྩེ་བའི་མཛའ་མོ་དོར་ནས་ཆས། །
ཆོད་སེམས་ཅན་གྱི་ཨ་ཕ་ཞིག་གིས་བཟའ་ཟླ་བུ་ཕྲུག་གཡུགས་ཏེ་མཆོངས། །
འཁོར་ཚོགས་མང་བའི་སྤྲུལ་སྐུ་ཞིག་གིས་ཆིག་སྒྲིལ་ཞལ་ནས་བསྐྱོར་བཞིན་ཕེབས། །
དཔེ་ཁུག་འཁུར་བའི་སློབ་བུ་ཞིག་གིས་ཤེས་རིག་ཐེམ་སྐས་བསྐྱུར་ནས་སོང་། །

མི་སེམས་སྒུལ་བའི་རྩོམ་མཁན་ཞིག་གིས་ཁམས་འདིར་ཁ་ཆེམས་བཞག་སྟེ་བཞུད། །
རྒན་གཞོན་དབྱེ་བའི་ཐ་སྙད་མེད་པར་དཔའ་བོ་འདི་དག་ཕེབས་ཤུལ་ན། །
ས་ཡ་དྲུག་གི་སེམས་ཀྱི་གཏིང་དུ་སྔར་མེད་ཁྲག་གི་གོང་བུ་ཞིག །
སྙིང་དང་གློག་མཆིན་ཡོངས་ལ་ཁྱབ་སྟེ་བསྲན་ཡང་མི་ནུས་ལྕི་བ་ཞིག །

བསིལ་ལྡན་ལྗོངས་སུ་ཞི་བའི་མེར་བསྲེགས་དབུ་འཁྱུད་འབྲི་མཁན་རྔ་བ་ནས། །
གཅིག་རྗེས་གཉིས་མཐུད་དཔའ་བོའི་བགྲོད་ལམ་གོ་ལའི་སྟེང་དུ་འོད་ཆེམ་ཆེམ། །
རྟ་བོའུ་རྫོང་གི་དཔའ་བོའི་མེ་སྟག་དེ་ཡི་ཁ་སྣོན་ཚུལ་དུ་མཆེད། །
ཆབ་མདོའི་ཕྱོགས་ནས་དེ་དང་ཆབས་ཅིག་སླར་ཡང་ཁ་སྣོན་འཕར་མ་གནང་། །

ཀན་ལྷོའི་ཁུལ་ནས་གངས་ཕྲུག་དཔའ་པོ་མེ་ལ་བསྒྲོན་པའི་འོད་ཅིག་འཁྱུག །
འབར་ཁམས་ཡུལ་ནས་འབར་སྟངས་དེ་ཡང་བལྟས་ན་སེམས་ཀྱིས་བཟོད་པར་དཀའ། །
ནགས་ཆུ་འབྲི་རུའི་མེ་ལྕེ་མཆེད་པ་ནགས་ཚལ་བསྲེགས་པའི་དཔེ་ཟླ་ཉིད། །
བླ་བྲང་ཕྱོགས་ཀྱི་རང་ལུས་བསྲེགས་ཏེ་ལ་རྒྱའི་འོད་སྣང་ཆེ་རུ་ཕྱིན། །

རེབ་གོང་རིག་པའི་འབྱུང་གནས་དེ་ནས་རང་རིགས་བསམ་སྟེ་བསྲེགས་པ་མང་། །
བོད་རིགས་སྤུན་ཟླས་ལག་ལྡང་སྦྲེལ་ཏེ་གདུང་སེམས་མཉམ་སྐྱེད་གནང་སྟངས་ལེགས། །
དཔའ་བོའི་སྐུ་ལུས་རྒྱ་ལག་མ་ཤོར་དཔའ་རྟགས་བསྟན་པ་བགྲང་ལས་འདས། །
ཁ་ཆེམས་ཡི་གེ་གཅིག་ཀྱང་མ་ལུས་གོ་ལའི་སྟེང་དུ་གོ་བར་བྱས། །

ཡུལ་གྱར་བོད་མིའི་ཡིད་སེམས་སྐྱོ་བ་ཟླ་བ་གཟའ་ཡིས་བཟུང་དང་མཚུངས། །
སྟོབས་ཆེན་རྒྱལ་ཁབ་ཆེན་པོ་དག་ལ་རེ་བའི་འབོད་སྐུལ་ཡང་ཡང་ཞུས། །
གཞུང་སྒེར་ཟུང་ནས་མཆོད་འབུལ་བསྔོ་སྨོན་དགེ་སྒྲུབ་རི་བོའི་གཏོས་དང་མཉམ། །
བརྩེ་བའི་སྡུག་གི་མིག་ཆུ་དྲོན་མོ་མི་རེའི་གདོང་ནས་ས་ལ་ལྷུང་། །

སྐྱབས་མགོན་སྤྱན་རས་གཟིགས་དབང་མཆོག་གིས་ཐུགས་ཀྱིས་ཁྱེད་ཚོར་གཟིགས་ནས་ཡོད། །
རིས་མེད་སྐྱེས་ཆེན་བླ་སྤྲུལ་ཡོངས་ཀྱིས་ཁྱེད་ཚོའི་རྣམ་ཤེས་འཚོལ་བ་དང་། །
ཆོས་སྡེ་མང་བོའི་འདུ་ཁང་དབུས་ན་འདོན་པའི་དབྱངས་རྟ་ཆད་ཀི་མེད། །
གང་ན་བོད་རིགས་རིགས་ཤིག་ཡོད་ན་དེ་ན་ཁྱེད་ཅག་གླེང་གིན་ཡོད། །

དལ་འབྱོར་མི་ལུས་མེ་རུ་བསྒྲོན་ཏེ་སངས་རྒྱས་བསྟན་པ་བསྲུང་བར་མཛད། །
རང་སྲོག་དམར་པོ་རྒྱ་ལ་ཕྱིན་ནས་བོད་ཀྱི་རིག་གཞུང་བདག་སྐྱོང་གནང་། །
གངས་ཅན་བོད་ཀྱི་ཁོར་ཡུག་གཙང་མ་གློ་སྙིང་ཕུལ་ཏེ་ཉར་བར་བརྩོན། །
མདོར་ན་ལུས་ངག་ཡིད་གསུམ་ཚུན་ཆད་བློས་བཏང་བྱས་པ་བོད་ཀྱི་སླད། །

སྟོང་ཕྲག་བརྒལ་བའི་ལོ་ཟླའི་ཁྲོད་ན་ནུབ་པ་མེད་པའི་འོད་ཟེར་དེ། །
སྟག་མོ་ལུས་སྦྱིན་གནང་བ་དེ་ཡང་འདི་ལས་ལྷག་ཅིག་མ་ཡིན་སྙམ། །
དྲི་མེད་ཀུན་ལྡན་མིག་ཟུང་སྦྱིན་པས་ས་ཆེན་མི་ཡི་སེམས་པ་བསྒུལ། །
མེ་བསྲེགས་བོད་མིའི་སྙིང་སྟོབས་ནུས་ཤུགས་དེ་དང་བསྡུར་ན་ཆེ་ཚུལ་ཡིན། །

རི་རྒྱལ་ལྷུན་པོ་ཁྱུར་མིད་བཏང་ཡང་ལྟོ་བ་མི་འགག་དམར་ཕྱོགས་གཞུང་། །
བདེན་པའི་དར་ཆ་མིག་ཁར་བཤམ་ཡང་འགུལ་རྒྱུ་མེད་པའི་རྒྱལ་ཁབ་མང་། །
གཞན་ལ་རེ་བའི་རྩ་རུལ་སྡོང་བོ་གཅེས་སྐྱོང་མ་མཛད་བོད་རིགས་སྤུན། །
ལ་རྒྱའི་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་རང་དབང་བདེ་སྐྱིད་སླར་གསོ་རེམ། །

ད་དུང་སེམས་ཀྱི་སྐད་ཆ་དམར་པོ་ཤོག་བུའི་སྟེང་དུ་འབྲི་འདོད་ཆེ། །
མི་དགོས་མི་མཛའ་ལས་ཀ་ལྕི་མོའི་འཚང་ཁའི་གསེབ་ནས་མ་ཐར་བས། །
མི་ཡུལ་བོད་ཀྱི་དཔའ་བོའི་རྟོགས་བརྗོད་མ་འཁྱོངས་བདག་སེམས་འཁྱག་ལ་འབྱར། །
མུན་ནག་མདའ་འཕང་བདག་གི་རྙོག་གཏམ་དེ་ཡང་འདི་ལྟར་རྫོགས་སོ་ལོ། །

༢༠༡༢/11/14་ཉིན་ཀཱ་ཤཱིའི་གྲོང་འབོད་པའི་གནས་མཆོག་དེ་ནས་ཚོར་སྣང་བཅས་ཤར་མར་གློག་ཀླད་ཀྱི་ངོས་སུ་བཏགས།
དངོས་མིང་། ཨ་རིག་དགེ་མཐོང་། སྨྱུག་མིང་། ཨ་ཚེ་འབར། སེར་བྱེས་རབ་འབྱམས་པ།

——————————————————————–


ཁ་བྱང་གཅིག་པའི་སྙན་ངག་གི་སྡེ་ཚོ་གཉིས་པ།

གངས་ཀྱི་ཟེ་བ།


དཔའ་བོའི་རྟོགས་བརྗོད།

                                              རས་པ།
 ཉི་མ་མཁའ་ལས་ལྷུང་བའི་ཆག་འཇིག་གིས
 ཁྱེད་ཀྱི་ལུས་པོ་འཚིག་ཅིང
 ང་ཡི་སེམས་པ་འཚིག
མུན་ནག་གི་འཇིག་རྟེན་འདིའི་སྟེང་དུ
ཁྱོད་ཀྱིས་སྲིད་པའི་སྒྲོན་མེ་བདག་ལ་སྦར་ཏེ
ཁོད་ཡངས་པའི་ནམ་མཁའ་སེམས་པར་བཞག
བདག་ལ་དགོས་ངེས་ཀྱི་ས་གཞིའང་མཐོང་བར་གྱུར

སྙིང་ཉེ་བའི་མི་ལགས
ཁྱོད་ཀྱིས་གཤོག་པར་བཞེས་པའི་མེ་ལྕེ་དམར་པོ
རང་དབང་གི་འདོད་མོས་ཤིག་ལགས་ཏེ
གཟོད་པར་དཀའ་བའི་འོད་སྣང་ལས
སྤྱན་ཆབ་བསིལ་བ་གནང་བྱུང
སྤྱན་ཆབ་བསིལ་བ་གནང་བྱུང་་་་་་་་་་་

༢༠༡༢།༡༡།༡༤ ཉིན།
དངོས་མིང་། འཇིགས་མེད་ཚེ་རིང་། སྨྱུག་མིང་། རས་པ། བཀའ་ཤག་ལོ་རྒྱུས་འབྲི་རྩོམ་ཚན་པའི་ལས་བྱེད།
—————————————————————————————

དཔའ་བོའི་རྟོགས་བརྗོད།

_____མེ་ལྕེ་དང་རྣམ་ཤེས་འཐབ་པ།
ཚེ་རིང་སྐྱིད།

ནམ་མཁར་སྐར་མ་མེད་ལ ཟླ་བའང་མེད་པའི་མཚན་མོ་ཞིག་ལ
ཏག་ཏག་རེད མཚན་མོ་དེར
བསིལ་རླུང་དང་སྡེབས་པའི་སྐད་ཆ་དེ་གསང་བའི་ཚུལ་གྱིས་གོ་བྱུང
མཚན་མོ་དེར་མགོ་བོ་སྔས་ལ་བཞག་སྟེ་ཇི་ལྟར་གཉིད་ཐབས་བྱས་ཀྱང
ངའི་སྟོང་བསམ་དུ
ངའི་འཆར་ཡན་དུ
མེ་ལྕེ་ལྷབ་ལྷུབ་འབར་ཡོང་ལ
ངའི་སེམས་ཀྱི་ཕྱི་ནང
དམར་པོའི་མེ་ལྕེ་ཡིས་བསྲེགས་སོང་བའི་སྣང་བ་ཞིག་གིས
བྲང་གཞུང་ལ་ལག་པས་ཡང་ཡང་རེག་དགོས་བྱུང

ངས་དེ་ལྟ་བུའི་ཐག་རིང་གི་སྐད་ཆ་ལ་ཉན་ཞོར
ཞོགས་པ་རེ་རེར་ཞེད་སྣང་དང་དངངས་སྐྲག་གིས་ཅི་ཞིག་གོ་ཡོང་བར་གཟབ་ཅིང
མཚན་མོ་རེ་རེར་སྐྱི་གཡའ་བའི་འོ་དོད་དང་འབོད་སྒྲ་ལ་བར་སྣང་ནས་རྣ་བ་གཡར་དགོས་བྱུང

འཚིག་བཞིན་པའི་ཁྱེད་ལ་ན་ཟུག་ཇི་ལྟར་ཆེ་བ་ལྟར
རེག་མི་ཐུབ་པའི་ང་ཡི་སེམས་པ་ཡང་ཁྱེད་ཚོ་དང་མཉམ་དུ་ཡང་ནས་ཡང་དུ་འཚིག་བྱུང
ཁྱེད་ཀྱི་རུས་ཐལ་དང་རྨ་དཀྲིས་ཀྱི་ཀློང་ན་དྲིན་ཆེན་མ་ལོ་ཞིག་གི་མིག་ཆུ་དྲན་ཡོང་ན
རྒྱུག་མི་ཐུབ་པའི་རི་ཀློང་དེ་རུ་ང་ཡི་རྣམ་ཤེས་ལྕེབས་ཐག་ལ་བསྐོན་པ་ལྟར

མིག་ཟུང་གྲངས་མེད་ཅིག་གི་མཆི་མའི་མཚོ
འབར་བཞིན་པའི་མེ་ལྕེ་འཇོམས་བྱེད་ལ་བཀོལ་ཚེ
འཇིག་རུང་གི་དོན་རྐྱེན་དེ་ཡང་ཡང་བྱུང་མེད་ཀྱང་སྲིད་ལ
ལག་ཟུང་བྲང་ཁར་སྦྱོར་བའི་སྨོན་ལམ་གྱི་དབྱངས་རྟ་དེ་དག
ཁྱེད་ཚོའི་རྣམ་ཤེས་འདྲེན་པའི་རྒྱབ་རོགས་དེ་ཡིན་སྲིད་ན
མིག་ཆུ་ཁྲག་ལ་འདྲེས་པའི་སྐྱོ་གར་འཕྲོ་རིམ་འཕྲོར་ཅི་ལ་བྱུང

དམར་པོ་མེ་ལྕེ་ཡིས་ཁྱེད་ཚོའི་བ་སྤུ་རེ་རེ་ནས་འཚིག་སྐབས
སེམས་པ་ཞེས་པའི་ང་ཡི་ཚོར་ཤེས་ཀྱང་ཁྱེད་དང་མཉམ་དུ་འབར་སོང་ལ
སྐྱི་ལྤགས་དང་ཤ་རུས་བསྲེགས་ཀྱིན་པའི་བརྙན་པར་དེ་མཐོང་ཡོང་སྐབས
ང་ཡི་རྣམ་ཤེས་ཁྱེད་དང་མཉམ་དུ་སྔར་ནས་འཚིག་ཟིན

ཁ་ཡག་ཚིག་འཇམ་གྱི་འུད་ཤོབ་དེ་ཚོ་དམ་ཚིག་ལ་བརྩིས་ཚེ
ཁྱེད་ཚོའི་ཤ་ཁྲག་གི་བློས་གཏོང་ལ་གསེར་གྱི་ཐམ་ཀ་རྒྱག་པ་ལས
དངུལ་གྱི་གོ་འཁྲབ་གྱོན་ཏེ་བར་དོ་ན་འཁོར་བའི་ཁྱེད་དང་ང་ཚོའི་རེ་བ་སྒྲུབ་ན་རེད
ཁྱེད་ཚོ་ལོ་རྒྱུས་ཁྲོད་ཀྱི་ཀེང་རུས་ལ་གྱུར་ཟིན་ཡང
ཤ་ཆང་གི་ལོངས་སྤྱོད་བར་དུ་སྐད་ཆ་ཚོན་པོ་བཤད་མཁན་ཚོ
ད་དུང་ཡང་འཚོ་ཚིས་དང་འུད་ཤོབ་ཀྱི་ཀློང་ན་བཟི་འདུག
ངས་རང་གི་བྲང་གཞུང་དུ་ལྡིང་བའི་སྙིང་ཞེས་པ་དེའི་སྒོ་མོ་ཡང་ཡང་རྡུང་ཞོར
གཤེགས་ཟིན་པའི་ཁྱེད་ཚོར་དགོངས་དག་ཞུ

ཁྱེད་ཚོའི་གཏོང་ཕོད་དང་ལ་རྒྱ་དེ་ཚོ་བསམ་ན
ངས་ད་དུང་ཁ་རོག་གེར་ཁྱེད་ཚོ་ལ་མྱ་ངན་ཞུ་བཞིན་ཡོད
ཁུ་སུམ་མེར་ཁྱེད་ཚོའི་རེ་བ་སྒྲུབ་བཞིན་ཡོད
བདེ་བར་གཤེགས་མེད་པའི་ངའི་སེམས་ནང་གི་དཔའ་བོ་ཚོ
ངའི་རྨི་ལམ་དང་སྟོང་བསམ་བར་དུ་ཡང་ཡང་འཁོར་བའི་དཔའ་བོ་ཚོ
ངས་ད་དུང་ཁ་རོག་གེར་ཁྱེད་ཚོ་ལ་མྱ་ངན་ཞུ་བཞིན་ཡོད
ཁུ་སུམ་མེར་ཁྱེད་ཚོའི་རེ་བ་སྒྲུབ་བཞིན་ཡོད

དངོས་མིང་། ཚེ་རིང་སྐྱིད། སྨྱུག་མིང་། ཆུ་མིག དྲ་སྣང་གི་བོད་ཀྱི་གཙོ་སྐྱོང་བ།
—————————————————————————————

དཔའ་བོའི་རྟོགས་བརྗོད།

ཁྲོ་གཏུམ།
_____རྒྱང་རིང་དུ་ལྡང་བའི་སྙིང་གི་དམར་ཤ་ཞིག


མེ་ཕུང་འདེགས་པའི་འབྲོང་ཁྱུ་སྐོར་ཞིག
ངའི་བྲང་གཞུང་གི་དབྱར་སར་སླེབས་དུས
བྲག་རྡོ་ལའང
སྒུལ་ཤུགས་དང་སྒུལ་ཤུགས་ལས་འཕྲོས་པའི་གཏམ་རྒྱུད་བསྙད་འདོད

བློ་ངོས་སུ་བྲིས་པའི་མེ་དཔུང་དེ་དག་གི་མཆེད་སྟངས་ལས
ངའི་ཤ་གསེང་གི་རྒྱུས་ཀ་རེ་རེའང་འགུལ་ལ
རླབས་ཀྱིས་སྐྱོམས་པའི་ཚོར་བ་འདིར་ས་ཡོམ་རེ་རྒྱུག་བཞིན
འོད་ཕུང་འདི་ལ་འགྲེལ་བཤད་ག་རེ་བྱེད་པར་ལྐུགས

ཤིང་ཐུར་ཞིག་འབར་བ་མ་ཡིན་ལ
རྩྭི་ཐུར་ཞིག་དེ་བས་ཀྱང་ངོ
ཚེ་སྲོག་འབར་བའི་གཏམ་རྒྱུད་ཀྱི་ཡོ་ལང་དམར་བོ
རྒྱལ་ཁམས་ཀྱི་བྲག་ཅ་བརྒྱུད་ནས་མཆེད་ལ
ལོ་རྒྱུས་ཀྱི་དེབ་ཐེར་ནས་འབར་ནས
དུས་རབས་ཀྱི་རྟོགས་སད་གངས་རི་ལ་འཐམས་པ
གཡུ་རལ་གསིག་པའི་གད་རྒྱངས་གང་གི་ངར་རོ་ལྷག་མ

ཁྲག་རྒྱུན་ཞིག་འབར་བའི་ཙག་སྒྲའདི་དག
བླ་འཁྱམས་པའི་ཁྱིམ་མཚེས་རེ་རེ
རྩིབས་རུས་ཤིག་ཏུའང་མི་དོ་བའི་དོ་ནུབ
ངས་སང་ཉིན་གྱི་ཉི་མ་ལ་གཏམ་རྒྱུད་ཅིག་བཤད་འདོད
ངས་དེ་རིང་གི་གློ་བ་འདི་སང་ཉིན་ལ་བསྙད་དགོས

ངས་ཁྱེད་ཚོ་སྙིང་ལ་ཉར་ཏེ་གླུ་ཞིག་གྱེར་འདོད
ཚོད་ཚོད་ལ་སྣ་གླུ་རེ་བླངས་བའང་ཁྱེད་ཚོ་དང
བར་བར་དུ་སྨྱུ་གུ་ལ་འཐམས་པའང་ཁྱེད་ཚོ་ལགས

༢༠༡༢/11/8 ཉིན་ལ།
དངོས་མིང་། ཆོས་ཉིད། སྨྱུག་མིང་། ཁྲོ་གཏུམ། ནོར་གླིང་མཐོ་སློབ་ཀྱི་སློབ་མ།
—————————————————————————————

དཔའ་བོའི་རྟོགས་བརྗོད།

ཀླུ་དཀར་མོ།


ལོ་མང་ན་ཟུག་ཏུ་སྦྲུམ་པའི་རྣམ་ཤེས་ཀྱི་ཕུང་པོའི་ཚོགས
ཕོ་ཏ་ལའི་རྩིག་ལྡེབས་དང་ལྷ་སའི་གྲོང་གི་བཞི་མདོ་ནས་ངར་སྐད་ཀྱིས་ལངས་དུས
བཙན་པོ་སྲོང་བཙན་གྱི་རྣམ་ཤེས་རུམ་པའི་དཔའ་རྟུལ་གྲངས་མེད་ཅིག་དང
མ་ཅིག་ལབ་སྒྲོན་གྱི་དད་སེམས་འཁུར་བའི་མ་ཡུམ་གང་མང་ཞིག
འུར་འུར་འབར་བའི་མེ་དཔུང་ཞིག་གི་ཀློང་རོལ་ནས་མི་ཡུལ་དང་གྱེས་སོང

ན་ཟུག་དང་མིག་ཆུས་སྐྱོམ་བཞིན
སྡུག་བསྔལ་དང་འཁུན་སྒྲ་སྒྲོག་བཞིན
རྒྱང་དུ་བཞུད

གནས་ལུགས་ཀྱི་སྨྲ་ལྕེ་རྒོད་པོའི་སྙིང་རྩ་རུ་འཐམ་ནས
རིགས་ཞེན་དང་ལ་རྒྱ་ཡིས་བརྟས་པའི་ཚེ་སྲོག་གི་འབོད་པ་ཞིག
གངས་རི་དང་རྩྭ་ཐང་བརྒྱུད་ནས་འཛམ་གླིང་གི་སྤྱི་གཙུག་ཏུ་གྲགས་ཤིང
དྲང་བདེན་ཀྱི་ལོ་རྒྱུས་གླེགས་བམ་བླ་སྲོག་ཏུ་རུམ་ནས
ལྷོག་ལྷོག་ཏུ་འཕྱུར་བའི་དུ་སྤྲིན་ཞིག་ལ་ཧམ་སེམས་ཀྱིས་མཆོངས་ཤིང
ཟུག་གཟེར་དང་སྐྱོ་སྣང་གིས
གདུང་དབྱངས་དང་དད་ཞེན་གྱིས
རྒྱང་རིང་དུ་བཞུད

རྟུལ་ཕོད་དང་དཔའ་སྙིང་གིས་བཞེངས་བའི་རྡོ་རིང་ཞིག
དུས་གསུམ་གྱི་ཡང་སྟེང་ནས་མེ་དཔུང་དུ་གྱུར་ཅིང
ས་ཆེན་པོའི་ཀླད་དཀྱིལ་ནས་བདེན་ལུགས་ཆེད་འབར་དུས
སྙིང་སྟོབས་ཤིག་མེ་སྟག་བཞིན་མཆེད་ཅིང
བདེན་དོན་དང་རང་དབང་གི་སྒོ་གླེགས་ཤུགས་ཀྱིས་རྡུང་བའི
བླ་སྲོག་གི་འཕར་ལྡིང་ཞིག
མནར་གཅོད་དང་གཉའ་གནོན་གྱིས་བཙུར་ཞིང
དྲན་གདུང་དང་སྐྱོ་དབྱངས་ཤིག་གྱེར་བཞིན
ང་ཚོ་དང་རྒྱང་དུ་གྱེས་སོང
མི་ཡུལ་དང་གཏན་དུ་བྲལ་ཐལ

༢༠༡༢ . 11. 14 ཉིན།
དངོས་མིང་། ཀླུ་མོ་འཚོ། སྨྱུག་མིང་། ཀླུ་དཀར་མོ། ནོར་གླིང་མཐོ་སློབ་ཀྱི་སློབ་མ།
—————————————————————————————

དཔའ་བོའི་རྟོགས་བརྗོད།

__________སྦར་ཟིན་པའི་མེ་དེ་འབར་ངེས།
འཆམ་ར་དྲི་མེད་རྒྱལ་མཚན།


རླུང་ནག་འཚུབ་སྟངས་རེ་རེས
དྲག་རླུང་ལྡང་ཐེངས་རེ་རེས
མེ་ལྕེ་དང་མེ་ལྕེ་འཐུད་ནས
མེ་ལྕེའི་ན་ཟུག་ཧྲིལ་གྱིས་བར་སྣང་དུ་མཆེད་དུས
མེ་ལྕེའི་གསེང་ནས་བསྒྲགས་པའི་དབྱངས་རྟ་རེ་རེ
མེ་སྟག་ཕྲ་མོའི་ནང་གི་ན་ཟུག་རེ་རེ
ཤ་དང་རུས་པ་བརྒལ་ནས་སྲིད་པའི་གངས་རི་ལ་འཐིམ་སོང
སེམས་དང་ཚོར་བ་བརྒལ་ནས་མཐའ་ཡས་རྒྱ་མཚོ་ལ་འདྲེས་སོང
ཨ་རོག
མེ་ལྕེའི་ནང་སྙིང་ནས་ཅི་ཞིག་འཚིག་གིན་ཡོད་དམ
མེ་ལྕེའི་འུར་སྒྲ་འདིས་ཅི་ཞིག་འབོད་ཀྱིན་ཡོད་དམ
མེ་ལྕེ་འདིའང་མེ་ལྕེ་མིན་པའི་བཙན་འགྲེལ་དང
མེ་ལྕེའི་ལེའུ་ཤོག་གདུགས་གིས་དྲིལ་འདོད་པ་ནི
མ་མཐའ་ནས་མེ་དང་མེའི་རྔམ་ཟིལ་རྟོགས་མེད་སྟབས
ཁྱེད་རང་གསོན་པ་ནི་ནག་ཉེས་ཡིན་ལ
ཁྱེད་ཀྱིས་བཟོས་པ་ནི་སྡིག་ཉེས་ཀྱི་རྔམས་འཐུག་པོ་ཞིག་ཡིན
རྒྱུ་མཚན་ནི མེ་ལྕེའི་ཁ་དོག་ནི་ནམ་ཡང་དམར་པོར་གྲུབ་ཟིན་པས
ཅིའང་བསྲེག་ངེས་པ་ནི་མེ་ལྕེའི་སྟོབས་ཤུགས་ཡིན་ཚར་བས་སོ
སྦར་མོས་འཐུམ་མི་ཐུབ་པ་ནི་མེ་ལྕེ་ཡིན་མོད
སྦར་མོ་འཚིག་མི་འདོད་པ་ནི་མེ་ལྕེ་འདོར་དགོས་པའི་སྔོན་བརྡ་ཡིན་པས
སྙིང་རྗེ་ཆེན་པོས་འབར་གྱིན་པའི་མེ་ལྕེ་འདི་དག
སྤོབས་པ་ཆེན་པོས་འཚིག་གིན་པའི་ཚེ་སྲོག་འདི་དག
སྨག་ནག་ཁྲོད་ཀྱི་ཚེ་འབར་སྒྲོན་མེ་རེ་དང
ས་ཡ་དྲུག་གི་བླ་ཚེ་སྲོག་གསུམ་པོ་དེ་ཡིན་པར་ཧ་གོ་དགོས
མེ་ལྕེ་གསོད་པའི་སྔོན་འགྲོ་ནི
ཁྱེད་རང་གིས་མེ་ལྕེའི་ན་ཟུག་ཞི་བའི་མཐུ་སྟོབས་སྟོན་དགོས
མེ་ལྕེ་ནི་ན་ཟུག་ཅིག་གིས་འབར་བས་སོ
མེ་ལྕེ་ཤི་བར་སྨོན་པ་ནི
ཁྱེད་རང་ཤི་ཟིན་པའི་འགྲེལ་བཤད་ཡིན
མེ་ལྕེ་འདི་དག་ལ་དམིགས་ཡུལ་ངེས་ཅན་ཞིག་ཡོད་པས་སོ

༢༠༡༢་༡༡་༡༤ ཉིན་གྱི་དགོང་མོར་བྲིས།
དངོས་མིང་། འཆམ་ར་དྲི་མེད་རྒྱལ་མཚན། ཐེག་མཆོག་རྣམ་གྲོལ་གླིང་གི་མཁན་པོ་སློབ་ཐོན་བྱས།
—————————————————————————————

དཔའ་བོའི་རྟོགས་བརྗོད།

སྐལ་གསུམ་སྲིང་མོ


མདོ་ཁམས་ཀྱི་རི་ལུང་དང
མདོ་སྨད་ཀྱི་ཡུལ་གྲུ་གང་ས
ལྷ་སའི་ཁོར་ཡུག་ཡོད་ཚད
གས་གཏོར་བཅོམ་གསུམ་གྱིས
བོད་ས་ཡོངས་རྫོགས་ཁྲག་ལ་འདྲེས་ནས
རུས་རྐང་གིས་སྡུག་གྱོང་ཁུར་ཏེ
རེ་གྲངས་ལོ་ཡི་སྐྱོ་གདུང་ནག་པོ
རྨི་ལམ་གྱི་བྲང་གཞུང་ལ་སིམ་པའི་དེ་རིང
ཁ་བའི་དཔའ་རྒོད
ཁྱེད་བོད་མིའི་བདེ་སྡུག་གི་སླད་དུ
བསམ་གཞིགས་སྙིང་རྗེ་བོ་ཞིག་གི་བདེ་དྲོད་གླེང་གིན
འཇིག་རྟེན་གྱི་འཚེ་བ་ཡོད་ཚད
རང་སྟེང་དུ་བླངས་ནས
ལ་རྒྱའི་མེ་ཕུང་དམར་པོའི་ཀློང་ན
ཟུངས་ཁྲག་ལ་རེ་བའི་འཛུམ་མདངས་རྒྱུ་བཞིན
ཚེ་སྲོག་ལ་རིན་ཐང་དང
བརྩེ་མདངས་ལ་ཕྱིར་མིག་མེད་པར
ཕ་མར་ཞེན་པའི་དང་ཀ་བཞག་ཏེ
ཆུང་མར་
(ཁྱོ་ཀར་) དགའ་བའི་ཆགས་སྲེད་དོར་ནས
རུམ་ན་འཛུམ་པའི་གཅེས་ཕྲུག་བསྐྱུར་ནས
མེ་ལྕེ་དེའི་ཀློང་ན
རེ་འཁྲེང་དང་ཐེ་ཚོམ་ཅི་ཡང་མེད་པར
དཔའ་སྙིང་གིས་མདུན་དུ་བསྐྱོད་ཀྱིན
ཆེས་ཐོག་མའི་རེ་བ་གསོན་པོ
ཆེས་མཐའ་མའི་ཕུགས་བསམ་ངོ་མ
མི་རིགས་ལ་སེམས་པའི་འདུ་ཤེས
ཡིད་ཆེས་འགྱུར་མེད་ཅིག་དང
གཏན་འདུན་ལྡོག་མེད་ཅིག་གིས་བཞག་པའི
མཛེས་སྡུག་གི་སྨྲ་བརྗོད་རེ་རེས
མཉམ་འབྲེལ་རྒྱལ་ཚོགས་ལ་གསལ་འདེབས་ལན་གཅིག་དང
བོད་མི་ཚོའི་སེམས་ཁམས་སུ་ཆིག་སྒྲིལ་གྱི་ས་བོན་བཏབ་ནས
དུར་ཁྲོད་ཕྱིར་མི་ལོག་པའི་འཇིག་རྟེན་འགྲིམས་པ
དམྱལ་ཁམས་ནས་འཇིག་རྟེན་གསུམ་ལ་ཁྱབ་ཡོད་ཚོད་ཡིན
སེམས་ཀྱི་ཕུ་ནུ་མིང་སྲིང
བདུན་ཅུ་དོན་གྲངས་ཀྱི་དཔའ་རྒོད་རེ་རེར
རང་དབང་དང་རང་བཙན་ཡོད་ས་ཞིག་ནས
སྐྱེ་བ་མི་ལུས་ཡང་བསྐྱར་འཐོབ་པར་སྨོན

༢༠༡༢.11.14
དངོས་མིང་། གཟུངས་འདུས་སྐྱིད། སྨྱུག་མིང་། སྐལ་གསུམ་སྲིང་མོ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་པ།

——————————————————————-

ཁ་བྱང་གཅིག་པའི་སྙན་ངག་གི་སྡེ་ཚོ་གསུམ་པ།

འབྲོང་གི་རུ་ཐུར།


དཔའ་བོའི་རྟོགས་བརྗོད།

(ཚན་པ་གཉིས།)
རྫ་སྲས་བདེ་ཆེན།

མེ་ལྕེ་མནབས་པའི་གངས་རི། ༼ཚན་པ་དང་པོ།༽

________དཔའ་སྙིང་ཡ་མེད་ཅན་གྱི་དཔའ་རྟུལ་རྣམས་ལ་གུས་པས་འདུད།
ལྷ་ཚོགས་བྲོས་པའི་བར་སྣང་ཐེད་པོ་ལ། །
རེ་བའི་མིག་ཟུང་རྡུལ་གྱིས་འཐགས་པ་ན། །
རང་གིས་བྲང་ཁོག་སྤར་བའི་མེ་འོད་ཀྱིས། །
ས་གཞིའི་སྨག་ཆེན་བསྲེག་པའི་ངལ་བ་བྱས། །

ལོ་ཚིགས་སྣོག་པའི་སྡེར་མོ་ནག་པོ་དེ། །
ལྷ་སའི་ཡིག་ཚང་ངོས་སུ་ཟགས་པ་ལ། །
ཁྲག་གིས་རྒོལ་བ་བྱེད་པའི་མི་སེར་གྱིས། །
མེ་ལྕེ་རྔུབ་པའི་རྟོགས་བརྗོད་མུ་རུ་བྲིས། །

མ་ཎིའི་དབྱངས་རྟ་འཁྲིགས་པའི་གཞིས་ཀ་རུ། །
མཚོན་གྱི་འཇབ་རྒོལ་འཚང་བ་མ་བཟོད་པར། །
ཟུངས་ཁྲག་མེ་ལ་གསོལ་བའི་ཁ་རླངས་ཀྱིས། །
མུ་མེད་ནམ་མཁའི་དབྱིངས་སུ་གདུང་འབོད་བགྱིས། །

རིགས་ཞེན་སྲོག་ལ་བཏགས་པའི་གཏམ་རྒྱུད་ཅིག།།
མེ་ལྕེའི་སྒྲ་དབྱངས་དམར་བོས་བཀླགས་སྟངས་དེས། །
མཚན་མོའི་སྨག་གིས་བཏུམས་པའི་མིག་མདངས་ལ། །
ང་རྒྱལ་ཅན་གྱི་བྲོ་བ་སླར་ཡང་བྱིན། །

མེ་མདའི་ང་རོ་གཡོ་བའི་དུར་ས་ནས། །
ཁྲག་གི་རྐང་རྗེས་ལུས་པའི་དངངས་སྐྲག་གིས། །
གངས་རིའི་བར་སྣང་རྨས་པའི་སྡུག་ཡུས་ཡང་། །
མེ་སྟག་ཚ་ཚ་འཕྲོས་པའི་གདངས་ལ་དྲངས། །

རུས་རྐང་མེ་ཡིས་བཞུས་པའི་ཁུ་བ་དེས། །
བགྲང་བྱ་ལྔ་བཅུའི་ལན་ཆགས་བརྒྱ་དང་སྟོང་། །
བརྩེ་བ་བོར་བའི་རྒྱ་སྒོ་དམར་བོ་ལ། །
ཚེ་སྲོག་འགག་པའི་སྒྲ་དང་བཅས་ཏེ་བཏབ། །

ཞི་བདེའི་ཤོག་བྱང་འགྱོག་པའི་རྒྱལ་ཚོགས་ལ། །
མྱ་ངམ་མཐོང་བའི་མིག་ཟུང་ཕྲ་གྱུར་བས། །
ལྭ་བ་དམར་སྨུག་ཅན་གྱི་དཔའ་བརྟུལ་རྣམས། །
ཁ་བའི་ཟིན་ཐོའི་ངོས་ནས་སྟོངས་ལ་ཉེ། །

ཡི་གེར་མཁས་པའི་ཝ་མོའི་གློ་སྙིང་ཅན། །
ཁྲི་འཕང་མཐོ་བའི་སྤྱང་གྲུང་སྤྲེལའུའི་ཚོགས། །
ལྐུགས་པའི་བརྟུལ་ཞུགས་འཛིན་པའི་སྡར་མ་ཀུན། །
མེ་རླབས་འཕྱུར་བའི་ཁམས་སུ་བསྲེག་པར་འོས། །

གཏུམ་མོའི་ངོ་གདོང་འཆང་བའི་པེ་ཅིན་ནས། །
འཇམ་པོའི་ཨ་ལན་ད་རུང་མ་འབྱོར་བས། །
འབྲོང་གི་གསོན་སྙིང་བསྲེགས་པའི་དུ་བ་ནི། །
ཧི་མ་ལ་ཡི་ནམ་མཁར་བཏབ་ནས་སོང་། །

སྤྱི་ལོ 2011/ 9 / 9 ལ་བྲིས།

མེ་ལྕེ་ལམ་ལམ་འབར་བའི་ཕྱོགས་སུ། ༼ཚན་པ་གཉིས་པ།༽

ཡར་ལུང་དམག་གི་རུ་དཔུང་རླུང་ལ་བསྟབས། །
བཙན་པོའི་མཁར་རྫོང་ཚ་སྨུག་ཀློང་ནས་རྒས། །
འདས་དོན་སྨག་ལ་འཐིམས་པའི་ཟིན་ཐོ་ལས། །
སྡིག་བོའུ་ནག་པོའི་མཆུ་ཏོ་བོད་ལ་བསྲིངས། །
མུན་པའི་གློ་བ་ཅན་གྱི་སྐུ་དྲག་ལ། །
གངས་རིའི་ལས་དབང་བཅོལ་བའི་ཉེས་དམིགས་ཀྱིས། །
ལོ་རྒྱུས་བོར་བའི་ཤུགས་རིང་ནག་པོ་ཞིག།།
དཔའ་རྒོད་ཁྲི་མ་འབུམ་གྱི་སྲོག་ལ་བརྡར། །

དུས་ཚོད་རྡུལ་གྱིས་འཐག་པའི་དབྱངས་འགྲོས་ལས། །
ཁ་བའི་འགུལ་སྟངས་ལྷོད་པའི་སྨྲེ་ངག་ནི། །
སྲོག་གི་ཟབ་གླེང་བྱེད་པའི་ཕོ་ཚོད་དེས། །
ཟུངས་ཁྲག་སྦར་བའི་འོད་ལ་ལམ་ལམ་སྤྲོས། །

གཏུམ་མོའི་གདོང་རུས་འཛིན་པའི་སྲིད་གཞུང་གིས། །
རྫུན་མའི་དྲ་ཐག་ཁྲོམ་ལ་བསྲིངས་བྱས་ཏེ། །
བྱ་རྒོད་ཧེབ་ཀྱིས་འཚང་བའི་དུར་ཁྲོད་ལ། །
ལག་པ་དམར་བོས་རྐྱོང་སྐུམ་ལན་དགུར་བྱས། །

མུན་པའི་མངའ་ཐང་མཐུག་པོའི་མཚན་མོ་ལ། །
སྲོག་གི་དཔལ་འབར་ཐོགས་པའི་ཉིན་ཐོ་འདི། །
ལོ་ཟླ་སྟོང་ལ་བསགས་པའི་སྡུག་ཡུས་ཤིག།།
འོད་དང་འོད་ཀྱི་རྣམ་པར་སྒྲོན་པ་འོ། །

སྙིང་ཁ་མཚོན་གྱིས་བསྒགས་པའི་འཇིགས་རུང་གིས། །
མིག་ཆུའི་རྒྱུན་ཐག་ཐོར་བ་མ་བཟོད་པར། །
བྲང་གཞུང་འོད་ཀྱིས་བསྲེགས་པའི་མེ་རླབས་ནི། །
ཤ་དང་ཁྲག་གིས་བྲིས་པའི་རྟོགས་བརྗོད་དོ། །

རིགས་ཀྱི་རྒུད་པ་ཆུ་ལོག་རྒྱུག་རྒྱུག་གིས། །
ཁ་བའི་སྙིང་ལ་བསྟབས་པ་རྩུབ་དྲགས་པས། །
ཞེན་ཆགས་བཀྲོལ་བའི་གོམ་སྟབས་རིང་བོ་ཞིག།།
མེ་ལྕེ་ལམ་ལམ་འབར་བའི་ཚུལ་ལ་འདྲེས། །

སྡུག་གཏམ་རླུང་ལ་བཞག་པའི་ཁ་ཆེམས་སུ། །
འོད་ཟེར་ཅན་གྱི་མིག་ཆུ་ལུད་པ་དེས། །
སྲིན་པོའི་བརྟུལ་ཞུགས་འཆང་བའི་སྲིད་གཞུང་ལ། །
འབོད་པའི་གཡབ་མོ་བྱས་ཀྱང་སྟོང་སྐད་དོ། །

སྡུག་གི་སྨྲེ་ངག་ཁོག་ལ་ཅི་བསགས་དེ། །
གནམ་གྱི་ལྷ་ཡིས་གཟིགས་པ་མ་བྱུང་བས། །
གདོང་རུས་རྫུན་མ་ཅན་གྱི་དཔོན་ཆེན་ལ། །
འབོད་ཅིང་ཞུ་བ་འདི་ནི་དཀའ་བ་ལ། །

དངོས་མིང་། རྫ་སྲས་བདེ་ཆེན། ནོར་གླིང་མཐོ་སློབ་ཀྱི་སློབ་མ།
—————————————————————————————

དཔའ་བོའི་རྟོགས་བརྗོད།

__༼མེ་ལྕེའི་སྙིང་སྟོབས༽ལ་གུས་འདུད་ཞུ་བ

རྫ་སྐྱེས་ཕུར་བ།

དགོན་འདབས་ཀྱི་སྲང་ལམ་དག་ལ་ཚེ་སྲོག་དང་ཁངས་སྐྱ་བབས་སོང་།།
གྲོང་ཁྱེར་གྱི་རྒྱང་དང་འཁྲིས་ལ་མེ་ལྕེ་དང་སྐད་སྒྲ་ལུས་སོང་།།
སྙོན་འདིང་གི་སྨྲ་ལྕེ་འགུལ་བའི་བྱིས་པ་ཚོ་ལོགས་སུ་སྡོད་ཅིག།
ལོ་རྒྱུས་ལ་རྟོག་བཏགས་བགྲོ་བའི་ཡིག་མཁན་དག་ཕར་ཙམ་སོང་ཀྱེ།།
ཁྲག་དམར་གྱི་རྔམ་སྟོན་དེ་ཉིད་ཡ་གླིང་ལ་ཤོང་བ་ཡོད་དམ།།
བར་བརྒལ་གྱི་སྙིང་སྟོབས་དེ་ཉིད་དུས་རབས་ལ་འོས་སུ་མཆིས་སམ།།

ལྐུགས་ཐོ་དང་འོན་པ་ཁྱུ་ཞིག་དངོས་ཡོད་ལ་སྙོན་མཁན་ཡིན་མོད།།
གྲམ་གཞུང་གི་སྤྲེའུ་ཕྲུག་དེ་ཚོས་བདེན་པ་འང་གསུབ་ཀྱིན་གདའ་སྟེ།།
རྒྱང་མ་དང་ཉེ་ཉེ་ཀུན་ཏུ་མེ་ལྕེ་ལ་འཇགས་པ་མ་བྱུང་།།
ཚེ་སྲོག་ནི་བདེན་པར་བསྩལ་བའི་ཡ་གླིང་གི་མོ་ཕོ་དག་ཀྱེ།།
སུ་ཞིག་གི་ཨམ་ཕྲག་རལ་བའི་སྐྱོ་ངལ་ལ་གདོང་གཏད་དགོས་སམ།།
ང་རྒྱལ་གྱི་རྣམ་ཤེས་དེ་དག་སྤྱི་གཙུག་ལ་སྒྲོན་དུ་མཆི་འོ།།

མེ་ཕུང་དེ་ས་ནས་འབར་བས་ས་གཞི་འང་འཚིག་གིན་གདའ་འོ།།
མེ་ཕུང་དེ་གནམ་ལ་འཕྱུར་བས་གནམ་སྔོན་ཡང་བཞུར་གྱིན་གདའ་འོ།།
ཚེ་སྲོག་གི་མེ་ལྕེ་དེ་ཉིད་ལོ་རྒྱུས་ལ་འབྲི་རུ་གསོལ་ལོ།།
མེ་ལྕེ་ཡི་སྙིང་སྟོབས་དེ་ཉིད་མིའི་རིགས་ལ་འགྲེམ་དུ་གསོལ་ལོ།།
ཚེ་སྲོག་དང་མེ་ལྕེ་གཉིས་པོ་གཡེལ་མེད་དུ་འདྲེས་ཏེ་བུད་སོང་།།
མངོན་སུམ་གྱི་ན་ཟུག་ཚད་མེད་རྨི་ལམ་ལ་བཅོལ་ཏེ་བུད་སོང་།།

དྲན་པ་དང་ས་གཞིའི་གདོང་ལ་འཆི་བ་དང་འོ་དོད་བསྩལ་སོང་།།
གསོན་པ་ནི་ཅི་ཞིག་ཡིན་པའི་འདྲི་རྟགས་གཅིག་ཤུལ་དུ་བསྣར་སོང་།།
མུན་ནག་དང་ཚེར་མའི་ལམ་ན་ང་རྒྱལ་གྱིས་གཟིམས་ཏེ་ཡོད་སོང་།།
ལོ་རྒྱུས་ཀྱི་སྒང་དང་གཤོང་ལ་ཁྲག་དམར་གྱི་ཡི་གེ་བཞག་སོང་།།
ཚོད་མེད་ཀྱི་འདོགས་ཐག་སྣེ་ལ་ལས་སྐལ་གྱི་བྲག་ཅ་འཁོར་རོ།།
སྤྱི་མཚན་གྱི་ནག་ནོག་དེ་ཉིད་རྣག་ཁྲག་གི་ཆག་ཆག་བཏབ་བོ།།

ཕྱི་གཞོགས་ཀྱི་ལྕག་ཚན་གྲངས་མེད་རུས་རྐང་དུ་བྲབས་པ་མང་ཞིང་།།
གཡོ་གཟུར་གྱི་གསར་འཕྲིན་ཁོ་ནས་སྙིང་ཁ་ལ་ཆུ་འཁྱག་བྱོས་པས།།
ལྐོག་གཡོ་དང་སྤྱང་ཇུས་དེ་མུར་ཚེ་སྲོག་གིས་ངོ་ལོག་བྱས་སོ།།
སྟོབས་ཤུགས་ནི་བདེན་པར་ངེས་པའི་འཇིག་རྟེན་དུ་རྣམ་པར་རྒྱལ་ལོ།།

དངོས་མིང་། རྫ་སྐྱེས་ཕུར་བ། ལྗང་རླུང་ཚགས་པར་གྱི་རྩོམ་སྒྲིག་པ།
—————————————————————————————

དཔའ་བོའི་རྟོགས་བརྗོད།

གཉའ་འབྲོང་ཐུ་བུ།



གཡུ་ལོ་ཐགས་སུ་བཀྲ་བའི་ཞིང་ཁམས་ཤིག་ན། །
བཅུ་དྲུག་ཟླ་བཞིན་ལང་ཚོའི་དཔལ་ལ་རྫོགས་ཤིང་། །
འཕྲིན་ལས་ཉེར་བདུན་འོད་ཀྱིས་རིགས་དྲུག་སྐྱོབ་པའི། །
ཨ་མ་རྗེ་བཙུན་སྒྲོལ་མས་བརྩེ་བས་གཟིགས་ཤིག།།

གངས་དཀར་དབུ་ལོའི་མེ་ཏོག་ས་རུ་འཐོར་ས། །
བཙན་པོའི་དཔའ་མཛངས་ཤིག་གིས་འཛམ་གླིང་སྒུལ་ས། །
ཞི་བདེའི་དེད་དཔོན་ཞིག་གི་ཕ་ཡུལ་ངོ་མ། །
མི་བསྲུན་ཀླ་ཀློའི་དཔུང་གིས་ཟ་ཡུན་རིང་ཐལ། །

གདུག་རྩུབ་མཚོན་ཆ་གདེངས་པའི་གཅོང་རོང་གཟར་མོ། །
དྲག་གནོན་བརྙས་སྨོད་བྱེད་པའི་ན་ཟུག་འཇིགས་པོ། །
རང་དབང་སྐར་གང་མེད་པའི་ཆབ་སྲིད་རྩུབ་མོ། །
ཀུན་ཀྱང་བཟོད་ཐབས་བྲལ་བའི་གཉའ་གནོན་ཁོ་ན། །

མི་རིགས་དབྱེ་འབྱེད་བྱེད་པའི་བསམ་བློ་རུལ་བ། །
སྐད་ཡིག་ནག་སུབ་གཏོང་བའི་གཏིང་ནག་སྲིད་ཇུས། །
ཀུན་ཀྱང་འཆི་ལམ་འདེད་པའི་ལྟ་གྲུབ་རྫོབ་པོ། །
མི་བཟད་མཆེ་སྡེར་གཟེངས་པའི་ཁ་རྩ་དེ་ནས། །

སྙིང་སྟོབས་དམར་ཡག་སྟག་གི་འཛུམ་རིས་ཅན་པོ། །
སེམས་རྩ་དུང་གི་ཟླ་བའི་འོད་ཁང་ཅན་པོ། །
བཙན་པོའི་བླ་སྲོག་སྲུང་བའི་གངས་ཅན་དཔའ་བོ། །
མ་ཐུབ་དམར་པོ་མེ་ལ་ཤུགས་ཀྱིས་མཆོངས་ཐལ། །

དཔའ་བོའི་རྟོགས་བརྗོད་གནམ་སའི་མཐའ་ལ་བྲིས་ཤིང་། །
ལ་རྒྱའི་ཚེ་སྲོག་བསྐལ་བའི་རྒྱུན་ལ་བསྲིངས་ཐལ། །
ཤེས་མེད་ངོ་ཚ་བྲལ་བའི་རྒྱ་སྐྱག་ཚོ་ལ། །
བཙན་པོའི་མི་རིགས་ཤིག་གི་ཞེ་སྟོབས་ངོམ་ཐལ། །

དགྲ་བོས་བཙན་གནོན་བྱས་པའི་ལོ་ཟླ་རིང་མོ། །
དཔའ་བོ་མེ་རུ་སྦར་བའི་ཉི་མ་ནག་པོ། །
བཙན་པོའི་མི་རིགས་རྒུད་པའི་མཐའ་ལ་ཐུག་ཀྱང་། །
གངས་ཅན་དཔའ་བོ་རེ་རེས་སེམས་ནས་མི་བརྗེད། །

རབ་འབར་དམར་ནག་མེ་དཔུང་མཆེད་པའི་ཀློང་ན། །
མགོ་ནག་བོད་པ་ཚང་གི་གཅེས་ཕྲུག་རེ་རེས། །
རང་དབང་འོ་དོད་འབོད་པའི་ཀི་སྒྲ་རེ་རེ། །
གཅེས་སྲོག་མེ་ཡིས་འབར་བཞིན་ཤུགས་ཀྱིས་སྒྲོག་པ། །

བརྡ་འཕྲིན་ལག་རྩལ་དར་བའི་དུས་རབས་འདི་ལ། །
སྒེར་གཅོད་ལྕགས་ཟྭ་བརྒྱབས་པའི་དམར་པོའི་གཞུང་གིས། །
མཁྲེགས་འཛིན་རྣ་བ་བཀབ་ནས་ཐོས་པ་མེད་ཀྱང་། །
འཛམ་གླིང་གོ་ལའི་ཁྱོན་ལ་འབྲུག་ལྟར་གྲགས་ཐལ། །

ཕ་བཟང་རུས་པ་ཅན་གྱི་སེང་ཕྲུག་རྣལ་མ། །
མ་བཟང་བྱང་སེམས་ཅན་གྱི་སྙིང་གི་ནོར་བུ། །
ན་ཆུང་བཅུ་དྲུག་གཞོན་ནུ་མེ་ཏོག་འདྲ་བོ། །
རྩམ་པའི་མི་རིགས་འདི་ཡི་སོན་རྩ་དགའ་བོ། །

ཕངས་མེད་རང་ལུས་མེ་ལ་སྒྲོན་པ་མཐོང་ན། །
གློ་བུར་གློ་བུར་མིག་ཆུ་བྲང་ལ་འཐོར་གི །
དྲིན་ཅན་ཕ་ལོ་ཞིག་གི་ལག་རྟེན་ཆག་སོང་། །
བྱམས་ལྡན་མ་ལོ་ཞིག་གི་སེམས་རྟེན་བོར་སོང་། །

གངས་ཅན་དཔའ་བོའི་བྱ་དཀའི་མཛད་རྗེས་རི་མོ། །
ཐུ་བྷོད་བོད་པ་ཚང་གི་མཆིན་པའི་ངོས་ལ། །
ལོ་རྒྱུས་རྡོ་རིང་སྟོང་གི་ཟིན་ཐོར་བཀོད་ཡོད། །
མ་འཇིག་བསྐལ་བའི་བར་དུ་འོད་སྟོང་འཕྲོ་ངེས། །

ལོ་གསུམ་ལོ་བཞིའི་བྱིས་པའི་ནུ་འཕྲོ་བཅད་དེ། །
སྐུ་ལས་མེ་ལ་ཕུལ་བའི་གངས་ཅན་དཔའ་མོ། །
ཁྱེད་ཀྱི་བླ་མེད་སྙིང་སྟོབས་གསོན་པོ་དེ་ཡིས། །
ས་ཆེན་འདི་ལ་ཤིན་ཏུ་དངངས་སྐྲག་བསླངས་ཐལ། །

ཕ་ལོ་རྒལ་ཚིགས་ཅན་པོ་མེ་ལ་མཆོངས་སོང་། །
མ་ལོ་འཛུམ་མདངས་ཅན་པོ་མེ་ལ་མཆོངས་སོང་། །
བུ་ཆུང་གུས་བཀུར་ཅན་པོ་མེ་ལ་མཆོངས་སོང་། །
དཔའ་བོ་བདུན་ཅུ་དོན་གཉིས་མེ་ལ་མཆོངས་སོང་། །

མཉམ་འབྲེལ་རྒྱལ་ཚོགས་ཟེར་ནས་འབོད་ས་མི་འདུག །
བྱང་ཆུབ་སེམས་མཆོག་བཏོན་ནས་སུན་སྣང་སྐྱེས་ཐལ། །
ཞབས་བརྟན་མ་བརྟན་ཟེར་ན་མགོ་བོ་ན་གི །
ཅི་བྱེད་འདི་བྱེད་མེད་པའི་ཚོད་ལ་བསླེབས་ཐལ། །

བླ་མ་ཡན་ན་མེད་པའི་ཉི་མ་འདྲ་བོས། །
ཟབ་རྒྱས་ཆོས་ཀྱི་མན་ངག་གསུང་འཕྲོ་བྱས་ཏེ། །
བུ་སློབ་གདུལ་བྱ་བསྐྱུར་ནས་མེ་མཆོད་ཕུལ་སོང་། །
བླ་མེད་ཞལ་ཆེམས་བཞག་པའི་ཡིག་འབྲུ་རེ་རེས། །

རྒྱལ་སྲས་སེམས་དཔའི་མཛད་སྤྱོད་ཁོ་ན་བསྟན་འདུག།།
བན་དེ་ཡིག་རྩལ་ཅན་པོས་སློབ་སྦྱོང་བསྐྱུར་ཏེ། །
ངོ་གདོང་འཛུམ་གྱིས་ཁེངས་བཞིན་མེ་ལ་ཆས་ཐལ། །
དད་པའི་སྤྱན་འོད་འོག་གི་འབོད་སྒྲ་རེ་རེས། །

དམར་པོའི་མགོ་ཁྲིད་སྙིང་ལ་བྲེད་ཤ་བརྩེངས་སོང། །
ཐར་བའི་ལམ་ཡིག་འཚོལ་བའི་བཙུན་མ་གཉོམ་ཆུང་། །
བདེན་དོན་ཀི་སྒྲ་སྒྲོག་བཞིན་མེ་ཡིས་གཞོབ་ཐལ། །
ཨ་ནི་བསྟན་པ་འཇིག་པའི་སྔ་ལྟས་ཟེར་བའི། །

གནའ་རབས་བླ་རྒན་ཁ་ཡི་ཟེར་སྒྲོས་དེ་ནི། །
དུས་རབས་ཉེར་གཅིག་འདི་ལ་རྫུན་དུ་གྱུར་སོང་། །
དཔའ་བོ་དཔའ་མོའི་རྟོགས་བརྗོད་གདངས་སུ་གྱེར་བཞིན། །
ས་སྒང་འདི་ནས་མགོ་ནག་བོད་པ་འཚོ་ངེས། །

གནམ་བདེའི་སྒོ་མོ་གཏོར་བའི་ཇུས་ངན་མ་བཤམས། །
རྒྱ་ཡི་མི་རིགས་དཀྱུས་མར་འཇིགས་སྐུལ་མ་བྱས། །
འཚེ་མེད་ཞི་བདེ་དམ་པའི་སྣེ་ལ་འཇུས་ནས། །
ས་ཡ་དྲུག་གི་ཆེད་དུ་ཕེབས་སྟངས་མཚར་བ། །

ཤར་ནུབ་ཚན་རྩལ་དར་བའི་རྒྱལ་ཁབ་ཀུན་ལ། །
ཏཱ་ལའི་བླ་མའི་མི་རིགས་ངོ་མ་དེ་ནི། །
གངས་ཅན་དཔའ་བོ་ཁྱེད་ཚོས་གསལ་སྟོན་བྱས་ཐལ། །
བདེན་པའི་རྒྱབ་རྩ་ཡོད་ན་ལང་རན་མིན་ནམ། །

མི་སེར་ཁྲག་ལ་བརྫི་བའི་བྱ་སྤྱོད་ནག་པོ། །
ནག་ཕྱོགས་རྒྱལ་ཁབ་དག་ན་ཤིན་ཏུ་མང་ཞིང་། །
དམར་ཕྱོགས་གུང་ཁྲན་ཏང་གི་ལག་ལེན་ཡིན་མོད། །
དཔའ་བོ་ཁྱེད་ཚོའི་ལང་ཕྱོགས་དེ་འདྲ་མིན་པ། །

ཨ་རི་རྒྱ་གར་ཉི་ཧོང་དབྱིན་ཇི་ལ་སོགས། །
རང་དབང་མང་གཙོ་ལྡན་པའི་རྒྱལ་ཁབ་སྟོབས་ཆེན། །
མགོ་ཟུར་རྣ་བ་ཡོད་ན་གོ་རན་རེད་འདུག །
ཁྲ་ཆུང་མིག་གཉིས་ཡོད་ན་གཟིགས་རན་རེད་འདུག །

ལ་རྒྱའི་དར་ཆ་གོ་ལའི་ཡང་རྩེར་སྒྲོན་པའི། །
གདོང་དམར་བོད་པ་ཚང་གི་དཔའ་རྒོད་ཚོ་ལ། །
རྗེས་དྲན་ངག་གི་གདུང་འབོད་ཤིན་ཏུ་འོས་མོད། །
ཨ་ཁུ་འབྲོང་གི་མགྲིན་པ་ལྷག་པར་བརྣངས་སོང་། །

སེམས་རྩ་ཁ་ཁར་འཐོར་བའི་དུས་ཚིགས་འདི་ལ། །
སེམས་གཏམ་སྙིང་གི་དཀྱིལ་ནས་འོང་ཐབས་དཀའ་གི །
གངས་ཅན་དཔའ་བོའི་རྟོགས་བརྗོད་གྱེར་མཚམས་བཞག་སྟེ། །
བསླུ་མེད་སྐྱབས་ལ་སྐྱབས་འཇུག་དད་པས་ཞུ་འོ། །

༢༠༡༢/ ༡༡ /ཚེས་༡༥/ཉིན་སེ་ར་ནས་ཡིད་གདུང་དྲག་པོས་བྲིས།
དངོས་མིང་། འཇམ་དབྱངས་རྣམ་གྲོལ། སྨྱུག་མིང་། གཉའ་འབྲོང་ཐུ་བུ། ལྗང་རླུང་རྩོམ་སྒྲིག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ།
—————————————————————————————

དཔའ་བོའི་རྟོགས་བརྗོད།

བོན་རྒྱ་བསྟན་འཛིན་རབ་རྒྱས།


གཞན་ལ་འཚེ་བའི་བདེ་བ་ཁྱེད་ཀྱིས་མ་འདོད། །
མི་རིགས་ངལ་བའི་གདུང་བ་ཁྱེད་ཀྱིས་མ་བཟོད། །
ཟུར་གསུམ་བསམ་གཞིག་བསྣོལ་བའི་སོ་ཁ་དེ་ནས། །
ཁྱེད་ལ་ཕྱིར་མི་ལྡོག་པའི་གོ་འཕང་བརྙེས་སོང་། །

བཀའ་བསྟན་གླེགས་བམ་བླངས་ནས་ཁྱེད་ལ་ཚད་ན། །
ཁྱེད་ཀྱི་མགོ་བོ་སྟོན་པའི་པང་ལ་བཞག་འདུག །
ཕྲ་མཐོང་རྒྱང་ཤེལ་བཀར་ནས་ཁྱེད་ལ་བལྟས་ན། །
ཁྱེད་ཀྱི་ཕྲ་ཕུང་གངས་དང་འཁྱག་པས་བསྡམས་འདུག །

ཤི་ན་ལས་མཁན་ཟེར་བའི་ཤན་པ་ཞིག་ཡོད། །
གསོན་ན་རྒྱ་མི་ཟེར་བའི་ལས་མཁན་ཞིག་ཡོད། །
ཤི་དང་གསོན་ལ་ཁྱད་པར་ཅི་ཡང་མེད་དུས། །
ཁྱེད་ཀྱིས་གདམ་ག་འདི་འདྲའི་ཟུར་གསུམ་ཞིག་རེད། །

ལྷ་དང་བླ་མ་ཟེར་བའི་སྐྱབས་པོ་ཆེ་དག །
ཡུལ་ལྷ་གཞི་བདག་ཟེར་བའི་བཙན་པོ་ཆེ་དག །
རེ་བའི་འབོད་འདོད་ཡི་ག་གཏིང་ནས་ལོག་དུས། །
ཁྱེད་ཀྱི་གདམ་ག་འདི་འདྲའི་ཟུར་གསུམ་ཞིག་རེད། །

བྱང་ཆུབ་སེམས་ལ་སྦྱར་ཡང་མཐོ་སེ་འདུག་ལ། །
སོ་ཁིར་ཌིས་ལ་བསྡུར་ཡང་ཁྲིག་སེ་འགྲིག་པ། །
མེ་ལྕེ་ཀློང་གི་རྒོད་པོ་ཁྱེད་ཅག་ཡིན་ཙང་། །
འཇིག་རྟེན་ཐམས་ཅད་ཁྱོད་ལ་ལྐུགས་པར་གྱུར་ཡོད། །

བདེན་པའི་མེ་དཔུང་སྦར་ལ་སྙིང་ཁམས་ཅན་དག །
བཙན་པོའི་ང་རྒྱལ་བཞེངས་ལ་སྤོབས་པ་ཅན་དག །
མེ་ལྕེ་ཀློང་གི་རྒོད་པོ་ཁྱེད་ཅག་ཡིན་ཙང་། །
ཁྱེད་ཅག་རྟོགས་བརྗོད་ཚོར་བའི་ཁམས་ཀྱིས་བཞེངས་འདོད། །

ཁྱེད་ཚོའི་ཚོར་སྣང་ང་ཡིས་མྱངས་ཡོད་མི་ཟེར། །
ཁྱེད་ཚོའི་སྡུག་བསྔལ་ང་ཡིས་རྟོགས་ཡོད་མི་ཟེར། །
སེམས་དང་ཚོར་བའི་བླ་སྲོག་གཅིག་ལ་སྒྲིམ་ཡང་། །
ཁྱེད་ཅག་རྙེད་པའི་རྟོགས་པ་ང་ལ་མི་འདུག །

འོན་ཏེ་རིགས་ཀྱི་འདུན་མའི་དུངས་ཀ་ཞིག་དང་། །
རང་ཉིད་རྙེད་པའི་གཞུང་ལུགས་ཞིབ་ཀྱིས་བཀླགས་ན། །
ཁྱེད་ཅག་བཞུད་པའི་ལམ་དེར་འོད་སྟོང་མཆེད་པས། །
འཆལ་བོའི་སེམས་ལ་ཚོར་བའི་ཚ་རླབས་འཕྱུར་སོང་། །

གངས་ཀྱི་བདེ་གཤེགས་སྙིང་བོ་བག་ལ་ཉལ་ཞིང་། །
རིགས་ཀྱི་རྟ་ཕོ་སྐོམ་པས་གདུང་དུས་ཤིག་ལ། །
རང་ངོ་རང་གིས་ཟིན་པའི་མེ་དཔུང་འཕྱུར་བ། །
སཱ་ལའི་སྨན་ལྗོངས་སད་པའི་རྟགས་སུ་ཚོར་སོང་། །

ཁྱེད་ཅག་སེམས་ཀྱི་ཐ་གྲུ་འཇལ་བ་མིན་ཡང་། །
ཁྱེད་ཅག་བཞུད་པའི་སྙིང་དོན་སེམས་ལ་འབབ་པས། །
ཁྲམ་ཇག་ཆོས་སེམས་རྙེད་པའི་བཟོ་ལྟ་མི་སྟོན། །
དོན་ཆེན་སྲོག་གིས་བཞེངས་ལ་ཡི་རངས་བྱུང་ཡོད། །

བླུན་པོའི་རྟོག་པར་ལྐུགས་པའི་བདེན་པ་མེད་ན། །
ཁྱེད་ཅག་བར་མེད་བཞུད་པའི་ངང་ཚུལ་འདི་ཀོ། །
འཆི་བ་རླབས་ཆེན་ཞེས་པའི་གསོན་དཔེ་ཞིག་རེད། །
བདག་གཞན་མཉམ་བརྗེ་ཞེས་པའི་གློག་བརྙན་ཞིག་རེད། །

མི་བསྟུན་ལས་འགུལ་ཚེ་དང་སྲོག་གིས་སྤེལ་མཁན། །
ཁ་བའི་ཁྱོན་དུ་སྐར་མའི་ཟོལ་གྱིས་ཤར་བ། །
བཙན་པོ་བླ་འགུག་བྱེད་པའི་སྦྱོར་བ་ཞིག་རེད། །
རིགས་ཀྱི་རྟོགས་པ་སད་པའི་སྔ་ལྟས་ཤིག་རེད། །

མར་མེ་ཁྲོམ་སྐོར་བྱས་ནས་འཁྲབ་སྟོན་མ་བྱས། །
ཟས་བཅད་ངོ་རྒོལ་བྱས་ནས་འཆི་སྒུག་མ་བྱས། །
དཔའ་བོའི་སེམས་ཐག་རལ་གྲིའི་རྣོ་ལ་གཏད་འདྲ། །
སྐད་ཅིག་བཞུད་སྟངས་དེ་ནི་ངོ་མཚར་ཆེ་བ། །

སྡུག་གི་ན་ཟུག་སེམས་ཀྱིས་མྱོང་ཚད་མི་འདུག །
རིགས་ཀྱི་སྤོབས་པ་ཁོག་པར་ཤོངས་ཐབས་མི་འདུག །
ཚོར་བ་ཅན་གྱི་ཤ་ཁྲག་མེ་ལ་བསྲེགས་ན། །
རིགས་ཀྱི་ཞེ་འཁོན་དེངས་ལ་ཨེན་ཙམ་ཕན་ནམ། །

སྐྱ་སེར་ཕོ་མོའི་དབྱེ་བ་བདག་གིས་མི་བྱ། །
ཀུན་ཀྱང་ཐུ་བྷོད་འདུན་མ་གཅིག་གི་ཆེད་རེད། །
ཕ་མ་བགྲེས་པའི་སྡུག་སྨྲེ་འདོན་འོས་མི་འདུག །
མི་རིགས་རྒས་ཚད་དེ་ལས་འཇིགས་སུ་རུང་ངོ་། །

བརྩེ་བའི་བུ་ལོ་སྙིང་ལ་སྡུག་རབས་མི་གླེང་། །
དགའ་སའི་ཆུང་མར་ཞེ་སེམས་འཁོར་ནོ་མི་གླེང་། །
རིགས་ཀྱི་རྟོགས་པ་འོད་ཀྱི་ངོ་བོར་གྱུར་དུས། །
ཞེན་ཆགས་འདི་དག་ཧ་ཅང་ཆུང་ཆུང་ཞིག་རེད། །

བསྐལ་བ་ཡགས་ཤིང་སྟོན་པ་བཞུགས་དུས་སུ་ཡང་། །
མ་སྐྱེས་དགྲ་སོགས་བསྐྱབས་པ་བགྲང་ཚོད་མེད་ཀྱང་། །
ཉམ་ཆུང་རྣམས་ནི་སྔར་ལྟར་ངལ་བས་འཚོ་ཕྱིར། །
ཐུབ་རྣམས་མཆོད་པས་སྡིགས་པ་འདག་རབས་མི་འདུག །

འདི་ལྟར་དཔྱད་དེ་དེ་ལྟར་ལོས་བསམ་བསམས་ན། །
ཁྱེད་ཅག་བཞུད་པར་དཀའ་བའི་སྣང་བ་མེད་ཀྱང་། །
ཅོལ་ཆུང་སྡར་མ་བདག་ལ་ཚད་ཤིང་བྱས་ན། །
ཁྱེད་ཅག་བསམ་པ་ཙམ་གྱིས་ཀླད་རྒྱ་འཐོར་གི །

དགའ་སྐྱོ་ཆུ་སྤྲིན་འཁྲིགས་པའི་ངང་ཚུལ་འདི་ཀོ། །
གོར་མོ་རྡོ་ལ་ཕོག་ཀྱང་གས་ཁ་འཆོར་མོད། །
ཁྱེད་ཅག་བཞུད་པའི་ལམ་དང་བསྡུར་ཐབས་མེད་པས། །
སྡུག་གི་སྨྲེ་སྔགས་འདོན་པའི་སྦྱོར་བ་མི་རྩོམ། །

བརྩེ་ཆེན་འོད་དུ་གྱུར་བའི་མགོན་རེ་ཡོད་ན། །
བརྩེ་བའི་རྒྱུ་ཡིས་ཤ་ཁྲག་མེ་ལ་བསྲེགས་ཏེ། །
ཡན་ལག་ཉིང་ལག་ཀུན་ཏུ་རབ་ཏུ་འབར་ཞིང་། །
གཉོམ་དུང་ངག་གིས་འབོད་དུས་ཕེབས་ན་འགྲིག་ག །

ཁྱེད་ཀྱི་ཆེད་དུ་མཆོད་མེ་རྐང་གཅིག་སྒྲོན་ཡོད། །
ཁྱོད་ཀྱི་ར་མདར་གཟུངས་མཆོག་ཡིག་དྲུག་བརྫངས་ཡོད། །
ཁྱེད་ལ་དགོས་པ་ཆོས་ཀྱི་སྨོན་ལམ་མིན་ཡང་། །
བདག་གི་འཇོན་ཐང་འདི་འདྲའི་ཆུང་ཆུང་ཞིག་རེད། །

དངོས་མིང་། བོན་རྒྱ་བསྟན་འཛིན་རབ་རྒྱས། སྨྱུག་མིང་། བཙན་རྒོལ་རིན་པོ་ཆེ། ནོར་གླིང་ཉམས་ཞིབ་པ།
—————————————————————————————

དཔའ་བོའི་རྟོགས་བརྗོད།

ཨ་རིག་འགྱུར་མེད།


མཐོན་པོ་རི་ནས་ཀི་རིང་ལན་གསུམ་བཏབས། །
དམའ་བ་ས་ནས་རྒྱང་འབོད་ཐེངས་གསུམ་བྱས། །
ལྷ་དང་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱེ། །
དེ་རིང་ཕེབས་ཤིག་བདག་གིས་གཏམ་འདི་ཞུ། །

ཟད་མེད་ཟས་ཀྱི་གཏོར་མ་མ་བརྩིགས་ཤིང་། །
འཛད་མེད་ཆུ་ཡི་མཆོད་པ་མ་ཕུལ་མོད། །
མཐུ་དང་ནུས་པའི་བདག་པོ་ལྷ་ཚོགས་ཀྱེ། །
ཁྱེད་རྣམས་མཆོད་པའི་མི་རྣམས་སྲུང་བར་གྱིས། །

འཛམ་གླིང་ས་ཡི་གོ་ལའི་ཡང་སྟེང་གི །
གངས་ལྗོངས་ཁ་བ་ཅན་གྱི་ཡུལ་ལྗོངས་ཀྱི། །
དམྱལ་བ་མནར་མེད་འདྲ་བོའི་དཀྱིལ་དབུས་ནས། །
གངས་ཕྲུག་གཞོན་ནུའི་ཚེ་སྲོག་འབར་བཞིན་འདུག །

སྟོང་ལོ་དགུ་ནས་ཁ་སང་དེ་རིང་བར། །
གཅེས་པའི་ཚེ་སྲོག་མེ་རུ་བསྒྲོན་ནས་ནི། །
ལ་རྒྱའི་སྙིང་སྟོབས་མཁའ་ན་འབར་བཞིན་འདུག །
བདེན་པའི་མེ་ལྕེ་དགུང་ལ་མཆེད་ཀྱིན་འདུག །

དང་པོ་འཇིགས་ཤིང་སྐྲག་པའི་སེམས་ངལ་དང་། །
བར་དུ་འཚིག་ཅིང་གཞོབ་པའི་ན་ཟུག་སྟེང་། །
མཐའ་མར་མ་ཤི་ལྷག་པའི་སྡུག་བསྔལ་སོགས། །
མི་གཟོད་ན་ཟུག་དྲག་པོས་ལུས་སེམས་མནར། །

མདོ་སྨད་རྔ་བ་ནས་བཟུང་ཁམས་དང་དབུས། །
དྲུག་ཅུའི་རྒད་པོའི་ཚུན་ནས་བཅོ་ལྔའི་བར། །
དམར་འབྱར་བྱིས་པ་བང་དུ་འཛིན་པ་སོགས། །
མཐའ་དང་མཚམས་ཤིག་མི་འདུག་སྡེབས་ཀྱིས་འབར། །

བློ་སེམས་འགྱུར་མེད་འཚེ་མེད་ཞི་བ་སྒོམ། །
མགྲིན་ངག་མི་དད་རང་དབང་འབོད་སྒྲ་སྒྲོག །
དལ་འབྱོར་ལུས་ན་བདེན་པའི་མེ་ལྕེ་མཆེད། །
འདི་ཕྱིའི་མཚམས་ན་སྐྱབས་མེད་མགོན་མེད་རེད། །

ཚེ་སྲོག་མེ་རུ་བསྒྲོན་པའི་མེ་ལྕེ་འདིས། །
ཧི་གཅིན་ཐོ་ཡི་མགོ་ལྐོགས་མ་འཚིག་ཅིང་། །
ཨོ་བྷ་མ་ཡི་ཨོང་ཤའང་མ་གཞོབས་པས། །
ད་དུང་བདེན་པའི་རྣ་བ་བཀབ་ནས་འདུག །

དེ་ལྟ་མོད་ཀྱང་བལྟས་པས་མི་བཟོད་པས། །
དངོས་བྱུང་བདེན་པའི་གཏམ་འདི་སུས་གོ་ན། །
ཁ་ནས་དབང་མེད་སྨྲེ་ངག་འཆོར་བ་ཡང་། །
སེམས་ལྡན་འགྲོ་བའི་གཤིས་ལ་ཆོས་སུ་གྲུབ། །

བུ་ལོ་བསྲེགས་པའི་ཤུལ་གྱི་ཕ་མ་གཅིག །
མ་ལོ་འཚིག་པའི་རྗེས་ཀྱི་བུ་ཆུང་གཉིས། །
བཟའ་ཟླ་གྲོངས་པའི་རུམ་གྱི་ཁྱོ་ག་སོགས། །
ཀྱེ་མ་ཀྱེ་ཧུད་ཁོང་ཚོ་སྙིང་རེ་རྗེ། །

རྒྱ་ནག་སྟོབས་ཤུགས་ཨ་རིའི་དགྲ་ལ་ལངས། །
བོད་པའི་གནས་བབ་ཉམ་ང་སྙིང་རེ་རྗེ། །
གནམ་འོག་བདེན་དོན་སྐྱོང་བའི་མིང་ཅན་པོ། །
མཉམ་འབྲེལ་རྒྱལ་ཚོགས་ ཟེར་བའང་དོན་མེད་རེད། །
རང་བཙན་གཙང་མ་བོད་མིས་བློས་བཏང་ཞིང་། །
དབུ་མའི་ལམ་ལ་རྒྱ་ནག་མི་འཇུག་པས། །
ནང་ཁོག་སྐམ་པོ་ཅན་གྱི་ཚོགས་པ་འགས། །
བྱེས་ན་ད་དུང་སྐྱག་ཁ་ནང་ལ་གཏད། །

རེ་འགས་རང་བཙན་བཤད་ནས་གནམ་ལ་འཇོག །
ལ་ལས་དབུ་ལམ་གླེང་ནས་ཉིན་མཚན་མཐུད། །
ཕན་ཚུན་དགྲ་རུ་འཛིན་པའི་ལྟས་ངན་འདིར། །
ཕར་ཕྱོགས་རྒྱ་ཡང་གད་མོ་འཆོར་ཚོད་ཡིན། །

སྤྱིར་ན་ཆོལ་ཁ་དང་ནི་ཆོས་བརྒྱུད་སོགས། །
མཐུན་སྒྲིལ་ཟེར་བ་སྔར་ནས་དཀོན་པའི་སྟེང་། །
ན་ནིང་ཞིག་ནས་གཞོན་ནུ་དབུ་ལམ་སོགས། །
ཚོགས་པ་རྣམས་ཀྱང་ནག་མོ་ཇོ་འཛིང་བྱེད། །

བོད་མིས་མིག་བཞིན་སྲུང་བའི་ལས་འབྲས་ཀྱང་། །
བོད་པ་རྣམས་ལ་ངོ་ཚ་དགོས་ཚོད་ཡིན། །
གནས་ཆུང་ཆོས་རྒྱལ་དཔལ་ལྡན་ལྷ་མོའི་ཚོགས། །
ད་ནི་མཐུ་ཞིག་བསྟན་ན་ཆོག་པ་ལ། །

དཔའ་བོ་དཔའ་མོའི་ལ་རྒྱའི་མེ་ལྕེས་ནི། །
རྒྱ་ནག་རྒྱལ་ས་པེ་ཅིན་མ་བསྲེགས་ཀྱང་། །
སྲུང་མ་ཁྱེད་ཚོའི་ཐུགས་དགོངས་མ་ཕམ་མམ། །
ད་དུང་གཟིགས་ནས་འདུག་འདི་ཡིད་རེ་སྐྱོ། །

རང་ལུས་མེར་སྲེག་འཚེ་བའི་ལས་ཡིན་པས། །
སྟོན་པ་ཐུབ་པའི་དགོངས་པ་དཀྲུགས་རབས་དང་། །
ནང་བསྟན་ཆོས་ཀྱི་སྙིང་བོར་འགལ་ལུགས་སོགས། །
རྒྱུས་མེད་རྒྱུས་གཏམ་ཅན་དག་འཐོལ་ལོ་བཤགས། །

རང་གི་སྡུག་བསྔལ་གཞན་གྱི་བདེ་བར་བརྗེ། །
རྣམ་དག་སེམས་ཀྱིས་སྤྱོད་འཇུག་ལ་སོགས་བཟློ། །
ངག་ན་གངས་རིའི་མགོན་པོར་སྐྱབས་འཇུག་ཞུ། །
འདི་ཕྱིའི་མཚམས་ན་ད་དུང་ཞི་བ་སྒོམ། །

ཀྱེ་མ་ཀྱེ་ཧུད་བདག་གིས་བསམ་ན་ནི། །
ཤཀྱ་ཐུབ་པའི་ཟབ་མོའི་དགོངས་དོན་ཏེ། །
རང་གི་ལུས་དང་ལོངས་སྤྱོད་གཞན་དོན་དུ། །
འཕངས་མེད་གཏོང་ཕོད་དོན་འདི་སུ་ཞིག་ནུས། །

རྒྱལ་གཅེས་དཔའ་བོ་གཤེགས་པའི་ཞལ་ཆེམས་ན། །
གངས་རིའི་མགོན་པོ་བོད་ལ་ཕེབས་བསུ་དང་། །
བོད་ཀྱི་རང་དབང་སླར་གསོ་བྱས་པའི་སྟེང་། །
རང་རིགས་སྤུན་ཟླས་མཐུན་སྒྲིལ་གྱིས་ཞེས་གསུངས། །

བོད་ཀྱི་སྐད་ཡིག་བོད་པ་རང་གིས་སྦྱོངས། །
བོད་ཀྱི་ངོ་བོ་བོད་པ་རང་གིས་སྲུང་། །
བོད་ཀྱི་རང་དབང་བོད་པ་རང་གིས་རྩོད། །
བོད་པ་རང་ལས་མགོན་སྐྱབས་གཞན་ན་མེད། །

ཞལ་ཆེམས་ཡི་གེ་མང་བོའི་བསྟན་དོན་ཏེ། །
མདོར་ན་གོང་གི་གནད་དག་ཡིན་པས་སོ། །
ཁ་བ་གངས་རིའི་ལྗོངས་ཀྱི་བོད་ཕྲུག་ཚོ། །
རང་ནུས་ཡོད་དགུས་འབད་པས་སྲུང་བར་གྱིས། །

རྩོམ་འདི་འབྲི་བ་བོ་ཡང་ཐ་ཤལ་ཏེ། །
དཔའ་བོའི་གོ་ཁྲབ་ལུས་ལ་མ་ཐོགས་ཤིང་། །
ཞིམ་མེད་ལ་རྒྱའི་སྙིང་སྟོབས་མི་ལྡན་པས། །
སེམས་ལ་གང་དྲན་ཡི་གེར་འབེབས་ཤེས་ཙམ། །

དེ་ལྟ་ན་ཡང་དཔའ་བོའི་རྟོགས་བརྗོད་འདི། །
ཡ་ཆུང་ཁོག་གི་འགོགས་མེད་གཏམ་ཚོགས་ཏེ། །
རྒྱལ་གཅེས་དཔའ་བོར་བསྒྲོན་པའི་དར་དཀར་ཡིན། །
རྣམ་དག་སེམས་ཀྱིས་ཕུལ་བའི་བསྟོད་གླུ་ཡིན། །

དངོས་མིང་། ཨ་རིག་འགྱུར་མེད། སྨྱུག་མིང་། ཨ་གངས་རྩེན། ཆང་ས་དྲ་བའི་རྩོམ་སྒྲིག་པ།
—————————————————————————————

དཔའ་བོའི་རྟོགས་བརྗོད།


དམེ་ཤུལ་འཇིགས་མེད་འོད་ལྡན


ཁ་བ་གངས་ཀྱིས་བསྐོར་བའི་ཡུལ་གྲུ་ཞིག་ན། །
རང་དབང་ཞི་བདེར་དགའ་བའི་མི་རིགས་ཤིག་གིས། །
རྩམ་སྐྱ་བལྡག་ཅིང་མ་ཎི་བཟློ་བའི་ཞོར་དུ། །
སྲོག་ཆགས་འབུ་སྲིན་ཚུན་ལ་གནོད་འཚེ་སྤངས་ཡོད། །

གནམ་ས་བླ་འོག་བརྗེས་པའི་དུས་སྐབས་ཤིག་ལ། །
ཡ་ང་སྙིང་རྗེ་མེད་པའི་ཇག་པའི་ཚོགས་ཤིག །
རྒྱ་མཚོའི་རླབས་ལྟར་གངས་རིའི་ལྗོངས་ལ་ཐོན་ཐལ། །
གངས་རིའི་སྣོད་བཅུད་ཀུན་ལ་གཉའ་གནོན་བྱས་ཡོད། །

རང་དབང་སྣང་བ་དཀར་པོ་མུན་པས་སྒྲིབ་ནས། །
འཁོར་མོ་དྲུག་ཅུ་བརྒལ་བའི་ཁ་སང་དེ་རིང་། །
བཙན་པོའི་སྙིང་སྟོབས་རུམ་པའི་དཔའ་བོའི་ཚོགས་ཤིག །
གངས་རིའི་ཁོངས་གསེང་འདི་ནས་ལྷོད་ཀྱི་ཐོན་ཐལ། །

ལྷབ་ལྷབ་དགོང་དུ་འབར་བའི་མེ་ལྕེའི་ཁྲོད་ནས། །
སྐྱབས་མགོན་ཏཱ་ལའི་བླ་མ་རྒྱང་འབོད་བྱས་ཐལ། །
ཤ་ཁྲག་རུས་གསུམ་འཚིག་པའི་ན་ཟུག་ཀློང་ནས། །
ཆོལ་གསུམ་སྤུན་ཟླའི་མ་འོངས་མདུན་ལམ་གླེང་ཐལ། །

དབུགས་ཀྱི་བགྱི་བ་ཆད་ཁའི་སྐད་ཅིག་མ་དེར། །
རང་དབང་ཞི་བདེ་འཛམ་གླིང་ཀུན་ལ་བསྒྲགས་ཐལ། །
ལྕགས་ཀྱི་སྙིང་ཁམས་ཅན་གྱི་ཇག་པའི་ཚོགས་ལ། །
ཞེ་སེམས་བདེ་བ་མེད་པའི་འཇིགས་ཤིག་བསླངས་ཐལ། །

དྲག་ཆས་ཁོ་ནས་བཟུང་བའི་གངས་རིའི་ལྗོངས་ན། །
མི་རིགས་ལས་དོན་སྒྲུབ་པའི་འཐབ་རྩོད་འདི་ལས། །
བྱེས་གྱར་སྤུན་ཟླའི་ཚོགས་ལ་ངོམ་ཞིག་བསླང་ཐལ། །
བཙན་པོའི་སྲོང་བཙན་སྒམ་པོའི་འཛུམ་ཞིག་ཤོར་ཡོད། །

སྨྲ་བརྗོད་རང་དབང་ཆེ་བ་བཙན་བྱོལ་ཡུལ་ནས། །
རང་བཙན་དབུ་མའི་བརྩད་ནས་རྔུལ་ཆུ་འཛར་གི །
འགྲོ་འདུག་རང་དབང་མེད་པ་ཁ་བའི་ལྗོངས་ནས། །
ཚེ་སྲོག་གསོན་པོ་མེ་ལྷའི་ཞལ་དུ་བསྟབས་སོང་། །

ནང་གི་ཤེས་ཡོན་ཅན་གྱི་རིག་པའི་རྣོ་དཔལ། །
སྨྱུག་གུའི་རྩེ་མོར་འཁྱིལ་ཏེ་དགོས་དོན་གླེང་ཡོད། །
དམར་ཡག་སྟག་ལ་འགྲན་པའི་དཔའ་བོའིི་ཚོགས་ཀྱིས། །
ཚེ་སྲོག་མེ་རུ་འབར་ནས་བོད་དོན་གླེང་ཡོད། །

ཕྱི་ན་ཤེས་ཡོན་ཅན་གྱི་རིག་པའི་རྣོ་དཔལ། །
ཕྱོགས་ཞེན་འགོང་བོའི་རྗེས་སུ་བྲེལ་ཞིང་འཚུབ་ཡོད། །
ཁ་རྗེས་དབང་ཐང་ཅན་གྱི་སྐུ་ངོའི་ཚོགས་ཤིག།།
དཔལ་འབྱོར་འགྲན་རྩོད་ཁྲོད་ནས་ནུབ་ལ་བཞུད་ཡོད། །

མི་རིགས་དགོས་དོན་གླེང་བའི་གཞིས་ཀྱི་དཔའ་བོ། །
མི་ཚེ་མདུན་ལམ་སྒྲུབ་པའི་བྱེས་ཀྱི་བླ་དཔོན། །
གཞིས་བྱེས་གཉིས་ཀྱི་དགོས་དོན་ཁ་ཁ་ཡིན་ནམ། །
མདུན་ལམ་འཚོལ་སྟངས་འདི་ལ་རྩིས་ཤིག་ཡོད་ཀི །

དངོས་མིང་། འཇིགས་མེད་འོད་ལྡན། སྨྱུག་མིང་། ཟུངས་ཁྲག ལས་རིགས། དགེ་རྒན།
—————————————————————————————

དཔའ་བོའི་རྟོགས་བརྗོད།

____མྱི་དེ་ཚོ་འདི་ལྟར་བཞུད་སོང་།
དཔྱི་ས་དགེ་འདུན་ཡོན་ཏན།


ས་ཆེན་དབང་བསྒྱུར་གྱི་སྦྱོར་བ་རྩུབ་མོའི་གདོང་ནས། །
བཙན་པོ་སྲོང་བཙན་གྱི་དཔའ་སྤོབས་སེམས་ལ་བརྒྱུས་ཏེ། །
བདེན་དོན་ཀི་སྒྲ་ཡི་རྒྱང་འབོད་མཁའ་ལ་སྲིང་བཞིན། །
ང་ཡི་གངས་རི་བ་དཔའ་དང་སྟོབས་ཀྱིས་བཞུད་སོང་། །

རེ་བའི་དར་ཆ་དང་བདག་པོ་མེད་པའི་གནས་ནས། །
སུ་ཡི་ཡིད་ཁམས་ལ་བརྣག་པའི་ན་ཟུག་གླེང་ཞོར། །
འགྱུར་མེད་དམ་ཚིག་གི་ཁ་ཆེམས་བོད་ལ་བསྐྱུར་ཏེ། །
མིག་ཆུའི་དེབ་ཐེར་ཞིག་བསྣམས་ནས་རྒྱང་ལ་བྱེར་སོང་། །

ཁྲག་དམར་འཛར་འཛར་གྱི་ལོ་རྒྱུས་སྐྱ་བོའི་གཞུང་ནས། །
མིག་ཆུ་ཁྲོམ་ཁྲོམ་གྱི་ལོ་ཟླ་ཟད་པོའི་ཀློང་ནས། །
འབྲུག་གི་ངར་སྐད་ཀྱི་རྣམ་ཤེས་དཔང་བོར་བཞག་ཏེ། །
སྲིད་པའི་གངས་རྒན་དེ་འབོད་ཞོར་ར་མདར་ཆས་སོང་། །

རྗེ་འབངས་ཁྲི་སྟོང་གི་ཤ་དང་རུས་པར་བསམ་ནས། །
ལྷོ་འབོད་བྱང་འབོད་ཀྱི་རྨ་ཁ་ཞེ་ལ་བཞག་ནས། །
གཤེད་མའི་ཧམ་སེམས་ཀྱི་ལྕགས་ཐག་སིལ་སིལ་དྲུད་དེ། །
ཐུ་བྷོད་སྙིང་སྟོབས་ཀྱི་སྒོ་གླེགས་ཤུགས་ཀྱིས་བརྡུངས་སོང་། །

དངོས་མིང་། དགེ་འདུན་ཡོན་ཏན། སྨྱུག་མིང་། རོལ་དབྱངས་ནག་པོ།
—————————————————————————————

དཔའ་བོའི་རྟོགས་བརྗོད།

བསྟན་འཛིན་ཆོས་དབྱིངས།



སྤྲེལ་དང་བྲག་སྲིན་རིགས་ཀྱི་བཙན་པོའི་གདོང་དྲུག་བོད། །
བྱང་ཆུབ་སེམས་ཀྱིས་སེམས་རྒྱུད་བརླན་པའི་སེམས་དཔའ་ཉིད། །
རང་དབང་རྔ་ཆེན་འཚེ་མེད་ལམ་གྱིས་གནམ་ས་སྒུལ། །
མེ་དཔུང་དམར་པོས་ཆོལ་གསུམ་ཆིག་སྒྲིལ་སྙིང་སྟོབས་བསྐྲུན། །

གནམ་འོག་རིག་པའི་དཔའ་བོར་གྲགས་པའི་ཁྱུ་མཆོག་གིས། །
སྦྱིན་སྲེག་མེ་ཡིས་འཛམ་གླིང་མི་ཡི་བྲང་གཞུང་བསྲེགས། །
དཔའ་དང་སྟོབས་ཀྱིས་མི་དབང་མཛད་འཕྲིན་ཟིལ་གྱིས་མནན། །
རང་གཞན་དོན་གཉིས་ཐེག་པའི་དཔའ་བོའི་སེམས་ཉིད་རྨད། །

རྒྱལ་སྲས་སྤྱོད་ཚུལ་ཟབ་པའི་ལམ་བཟང་འདི་ལས་ཀྱང། །
མེ་ལྕེ་ལམ་གྱིས་གཤེགས་ཚུལ་སྲིད་པ་གསུམ་ན་དཀོན། །
དཔའ་བོའི་གད་རྒྱངས་མེ་ལྕེའི་ཀློང་ནས་བསྒྲགས་པའི་ཚེ། །
ཀྲུང་གོའི་དབང་འཛིན་རྩ་ཁྲིམས་ངང་གིས་བཤིག་པར་རྩོམ། །

ཆོས་དད་རང་དབང་དཔའ་བོའི་གློ་མཆིན་རྒྱུ་མས་རྩོད། །
སྐད་ཡིག་རང་དབང་དཔའ་བོའི་རྐང་རུས་ཚིལ་གྱིས་རྩོད། །
སྨྲ་བརྗོད་རང་དབང་དཔའ་བོའི་ཤ་ཁྲག་སྙིང་གིས་རྩོད། །
མི་རིགས་རང་དབང་དཔའ་བོ་འབར་བའི་མེ་ཡིས་རྩོད། །

ལུས་ཀྱི་ངང་ཚུལ་ལན་གཅིག་ཐོབ་པའི་འཇིག་རྟེན་ནས། །
སེམས་ཀྱིས་བརྩེ་ཞིང་འགྲོགས་པའི་ཉེ་དུ་རྒྱང་དུ་དོར། །
སྲོག་གི་དབང་བོ་མེ་ཡི་ཁམས་སུ་འཐིམ་པར་བྱས། །
འཁོར་བ་སྤངས་པའི་དཔའ་བོའི་རྟོགས་བརྗོད་མེ་ཡིས་བྲིས། །

བདེན་པའི་མེ་ལྕེ་དྲག་ཏུ་འབར་བའི་ཚེ་སྲོག་མང་པོས། །
ལ་རྒྱའི་སེམས་དོན་འཛམ་གླིང་ཡོངས་ལ་མེ་ཡིས་ཞུས། །
བཙན་དབང་འོག་གི་ཞེ་འཁོན་ངོ་རྒོལ་ཞི་བ་ཡིན། །
ཚེ་སྲོག་རླབས་ཆེན་མེ་རུ་བསྒྲོན་པ་གཟི་བརྗིད་ཡིན། །

དངོས་མིང་། བསྟན་འཛིན་ཆོས་དབྱིངས། སྨྱུག་མིང་། མ་སྐྱེས་མེ་ཏོག ལས་རིགས། གསར་འགོད་པ།

—————————————————————-

རྩོམ་སྒྲིག་པའི་གཏམ་ཐུང་།
བོད་སྐད་ཡིག་གི་མགོ་འཕང་ཤིན་ཏུ་དམའ་ཞིང་སྒྱུ་རྩལ་རྩོམ་རིག་ཤིན་ཏུ་ནས་ཉམ་ཐག་པའི་བཙན་བྱོལ་བའི་ཁོར་ཡུག་འདི་རུའང་། དབྱངས་གསལ་སྡེབ་སྦྱོར་གྱི་རྩལ་ལ་ཅི་འདོད་དུ་ཁ་ལོ་བསྒྱུར་ཐུབ་པའི་ཡི་གེ་བ་བདག་མེད་ནི་ཤིན་ཏུ་མང་སྟེ། དཔེར་ན། ངེད་ཟུང་གི་གྲོགས་པོ་རུ་གྱུར་པ་ཁོ་ནའི་ནང་དུའང་། འདི་འདྲའི་སྙན་ངག་པ་མང་པོ་ཞིག་ཡོད་པ་རེད། ངེད་ཟུང་གིས་ཉིན་གསུམ་གྱི་ནང་གྲོགས་པོ་ཚོར་ཁ་པར་ཡར་བཏང་མར་བཏང་བྱས་ནས་སྙན་ངག་རེ་འབྲི་བར་བསྐུལ་བ་ལས་སྙན་ངག་ཉེར་གསུམ་འབྱོར་བ་དང་རེ་ཟུང་མ་གཏོགས་སྒྱུ་རྩལ་གྱི་ཉམས་འདོན་སྟངས་དང་། བརྗོད་བྱའི་ཟབ་གནད་སྔོག་སྟངས། ཚིག་གི་སྡེབ་སྦྱོར་སྤེལ་སྟངས་གང་ཐད་ནས་ངོམ་དུ་རི་བ་ཤ་སྟག་ཡིན་པ་མ་ཟད། ད་ཐེངས་སྙན་ངག་གི་སྡེ་བ་ཞིག་ཚུགས་པ་འདིས། བཙན་བྱོལ་གྱི་ནམ་མཁར་སྒྱུ་རྩལ་རྩོམ་རིག་གི་རྡོ་རིང་རྔམ་བརྗིད་ལྡན་པ་ཞིག་གནམ་དུ་བསླངས་ཡོད་པར་བཤད་ནའང་འུད་དུ་གཏན་ནས་སྨྲ་མི་སྤོབས་སྟེ། སྙན་ངག་གི་སྡེ་བ་འདིའི་མགོ་ནས་མཇུག་བར་སེམས་རྣལ་ཚུགས་ཀྱིས་རུ་ཉུལ་ཐེངས་ཤིག་བྱས་ན་བདེན་པའི་ངེས་ཤེས་གསལ་བོ་ཞིག་ཐོབ་ངེས་ཡིན།
སྙན་ངག་གི་སྡེ་བ་འདི་ལ་ཚན་པ་གསུམ་དུ་དབྱེ་ནས་ནང་གསེས་ཀྱི་ཚན་པའི་མིང་ངེད་ཟུང་གིས་བཏགས་ཡོད་ལ། ཐེངས་འདིའི་ཁ་བྱང་གཅིག་པའི་སྙན་ངག་གི་སྡེ་བ་འདི་ཁ་བརྡ་དང་། དུས་བབ། འོད་དཀར་དྲ་ཚིགས། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲ་བ་བཅས་སུ་འགོད་རྒྱུ་ཡིན་ལ། ཟླ་ཤས་རྗེས་ནས་རྩོམ་ཡིག་ཁག་ལས་ལེགས་འདེམས་ཀྱིས་དེབ་ཀྱི་ངོ་བོར་དཔར་སྐྲུན་ཞུ་འཆར་ཡིན། འདིར་བཀོད་ཟིན་པའི་སྙན་ངག་རྣམས་ནི་ངེད་ཟུང་གི་གྲོགས་པོ་ཚོས་བྲིས་པའི་སྙན་ངག་ཤ་སྟག་ཡིན་ལ། འདྲ་པར་ཁ་ཤས་ངེད་གཉིས་ཀྱིས་རྩོམ་པ་པོར་འབྲེལ་གཏུག་མ་བྱས་པར་བཞག་པའང་ཡོད་པས། ཇུས་འགོད་ཐད་ནས་ནག་ཉེས་ཅི་ཡོད་ངེད་ཟུང་གི་ལས་ཉེས་ལས་རྩོམ་པ་པོ་ཚོར་དམིགས་བསལ་འབྲེལ་བ་གང་ཡང་མེད། ཐེངས་འདིར་བརྗོད་དོན་པར་རིས་ལས་པར་རིས་ཚང་མ་སྐྱ་པར་ལ་བསྒྱུར་ནས་མྱ་ངན་མཚོན་པར་བྱས་ཡོད། ད་དུང་ཁ་བྱང་གཅིག་པའི་སྙན་ངག་འབྲི་མཁན་གྱི་རྩོམ་པ་པོ་ཡོད་ན། kangwod@gmail.com ནང་བསྐུར་གནོངས་དང་། ཐད་ཀར་དྲ་ངོས་འདོན་ངེས་ཡིན།
རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོ་སྲུང་བརྩིའི་ཉིན་མོར་གུས་བཅས།

0 comments:

ཟིན་བྲིས་འཚོལ་ཡུལ