དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 27 November 2012

ཨེ་མ་ཧོའི་ཞབས་བརྟན་ཀ་རྩོམ་མཆེད་ལྔ། ། ཕུལ་བྱུང་གི་སྙན་ངག་པས།

༄། །གསོལ་འདེབས་ཀྰ་ལིའི་དོ་ཤལ་ཞེས་བྱ་བ་བཞུགས་སོ།།

ཀླུ་སྨྱོན་ཧེ་རུ་ཀ ཨ་རི།

ཀ་དག་ཆོས་དབྱིངས་ཁ་སྦྱོར་ནམ་མཁའི་མདོག །

 ག་ས་གང་དུ་ང་ཅག་མགོན་སྣང་མཁྱེན། །

 ཅ་ཅོའི་སྤྲོས་བྲལ་ཆ་རྫོགས་ཉམས་རྟོགས་མཛོད། །

 ཇ་ཆང་འདོད་ཡོན་ཉ་རྒྱས་དབང་སྡུད་བསྔག །

 ཏ་ལའི་འདབ་འདྲའི་ཐ་དད་འགྲོ་བ་རྣམས། །

 ད་ལྟ་དུས་གསུམ་ན་རྒ་འཇིགས་སྐྱོབ་རྒྱལ། །

 པ་ར་མི་ཏའི་ཕ་མཐའ་མཁྱེན་པའི་ཐུགས། །

 བ་ལང་ལ་སོགས་མ་རྒན་འདྲེན་ཁྱོད་དྲན། །

 ཙ་རི་ལ་སོགས་ཚ་བའི་ཡུལ་ལྗོངས་སུ། །

 ཛ་དྲག་བསྟན་སྤེལ་ཝ་ལེར་བཞུགས་གསོལ་འདེབས། །

 ཞ་ལོང་འགྲོ་བར་ཟ་འཐུང་སྩོལ་མཛད་ཅིང་། །

 འ་ཅག་དམ་ཚིག་ཡ་མཚན་བདེན་སྟོབས་མཐུས། །

 ར་རིའི་དྲི་བྲལ་ལ་ལུང་བརྒལ་བའི་ཟླ། །

 ཤ་ཚའི་གསུང་སྙན་ས་སྟེང་ཁྱབ་བཞིན་བཞུགས། །

 ཧ་ཅང་བརྩེ་བའི་ཨ་ལགས་མཁན་ཆེན་མཆོག །

 སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པར་སྨོན། །

 ཞེས་པ་འདི་ཡང་། དུས་མཐའ་འདིར་ལུང་རྟོགས་ཡོན་ཏན་གྱིས་ཕྱུག་པའི་མཁན་ཆེན་བླ་མ་རིན་པོ་ཆེ་ མཆོག་གི་ཞབས་བརྟན་གསོལ་འདེབས་སུ་དམིགས་ཏེ། ས་མཐའི་ལྡོམ་པོ་ཀླུ་སྨྱོན་ཁྲག་འཐུང་གླིང་པ་ ཞེས་འབོད་པ་དེས་ཨ་རིའི་ཡུལ་ནས་རྩེ་གཅིག་ཏུ་སྨོན་པ་དགེའོ། །

 

སློབ་དཔོན་དགྱེས་དཔལ་རྡོ་རྗེའི་གསོལ་འདེབས་བྱིན་རླབས་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།

 དགེ་བཤེས་བེ་རི་འཇིགས་མེད། དྷརྨ་ས་ལ།

ཀ་དག་ཁྲེགས་ཆོད་གཉུག་མའི་རང་སེམས་གསལ།།

 ཁ་བ་དུང་དང་པད་རྩ་ལྟ་བུའི་སྐུ།།

 ག་ཤལ་མགྲིན་པའི་རྩ་མདུད་གྲོལ་བའི་གསུང་།།

 ང་ཡི་མཆེད་གྲོགས་དགྱེས་དཔལ་རྡོ་རྗེ་མཁྱེན།།

 ཅ་ཅོ་ཆོ་མེད་གསུང་གི་སྒོ་ན་མེད།།

 ཆ་སྤྱོད་ཆོས་བརྒྱད་སྐུ་ཡི་ཉམས་ན་མེད།།

 ཇ་ཆང་འདོད་ལ་ཆགས་སེམས་ཐུགས་ན་མེད།།

 ཉ་རྒྱས་ཟླ་གཞོན་དགྱེས་དཔལ་རྡོ་རྗེ་མཁྱེན།།

 ཏ་ཐྰ་ག་ཏའི་བསྟན་ལ་ཉམས་ལེན་ཟབ།།

 ཐ་སྙད་རིག་པའི་གནས་ལ་མཁྱེན་རྒྱ་ཡངས།།

 ད་ལྟར་ཕྱི་གླིང་གང་སར་འཕྲིན་ལས་རྒྱས།།

 ན་རའི་མཆོག་གྱུར་དགྱེས་དཔལ་རྡོ་རྗེ་མཁྱེན།།

 པ་ལོ་དབུ་ལ་བཅིངས་པའི་གྲུབ་ཐོབ་པ།།

ཕ་རོལ་ཕྱིན་གཞུང་མཁས་པའི་པཎྜི་ཏ།།

 བ་སོ་ལྟར་དཀར་བྱང་སེམས་ས་གནས་པ།།

 མ་ལུས་མགྲོ་མགོན་དགྱེས་དཔལ་རྡོ་རྗེ་མཁྱེན།།

 ཙ་ཀྲ་གསུམ་གྱི་དགོངས་དོན་ཐུགས་སུ་ཆུབ།།

 ཚ་གྲང་ཁྱད་བསད་སྒོམ་པའི་ཉམས་མྱོང་ཐོན།།

 ཛ་ཡའི་བསྟན་པ་འཛམ་གླིང་ཤར་ནུབ་ལ།།

 ཝ་ལེར་གསལ་མཛད་དགྱེས་དཔལ་རྡོ་རྗེ་མཁྱེན།།

 ཞྭ་མདོག་ཕྱོགས་རེས་བྲལ་བའི་ཉམས་ལེན་ཟབ།།

 ཟ་འཐུང་ངན་ངོན་ཙམ་གྱི་ཆོག་ཤེས་ལྡན།།

 འ་འུར་གཡམ་རྒྱུག་མེད་པའི་བརྟན་ལྷིངས་ཅན།།

 ཡ་མཚན་སྐྱེས་ཆེན་དགྱེས་དཔལ་རྡོ་རྗེ་མཁྱེན།།

 ར་མགོ་ལུག་སྦྱར་བྱེད་པའི་མཛད་སྤྱོད་མེད།།

 ལ་ལུང་མགོ་སྐོར་བཏང་བའི་ལོ་རྒྱུས་མེད།།

 ཤ་ཚའི་ཟོལ་གྱིས་བསླུས་པའི་གྱོད་གཞི་མེད།།

 ས་མཐའི་འདྲེན་པ་དགྱེས་དཔལ་རྡོ་རྗེ་མཁྱེན།།

 ཧ་ཅང་སྙིགས་མའི་དུས་རླུང་འཚུབ་མའི་ནང་།།

 ཨ་དོན་སྐྱེ་མེད་དམ་པའི་ཆོས་ཚུལ་གྱིས།།

 ཧ་ལོ་འབོད་པའི་ཡུལ་གྲུར་གསལ་མཛད་པ།།

 ཨ་ལགས་མཆོག་སྤྲུལ་དགྱེས་དཔལ་རྡོ་རྗེ་མཁྱེན།།

 ཅེས་མ་མཇལ་རིག་པའི་མཆེད་གྲོགས་སློབ་དཔོན་དགྱེས་དཔལ་རྡོ་རྗེའི་གསོལ་འདེབས་བྱིན་རླབས་ཆར་འབེབས་ཞེས་བྱ་བ་འདི་ནི། སྙན་ངག་པ་བེ་རི་འཇིགས་མེད་ཀྱིས། མཐའ་དག་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་གང་ན་བཞུགས་པའི་གནས་མཆོག་ཛ་ལནྡྷ་ར་དེང་གི་ཆར་དྷརྨ་ས་ལ་ཞེས་སུ་འབོད་པའི་ནགས་འདབས་སུ། སྤྱི་ལོ་ ༢༠༡༢། ༩། ༦། ཉིན་ཐོལ་བྱུང་དུ་བྲིས་པ་དགེ་ལེགས་འཕེལ། །

 

ཀ་བསྟོད་རྒྱལ་སྲས་དགྱེས་པའི་འཛུམ་མདངས་བཞུགས་སོ། །

ཤར་སྤྲུལ་རིན་པོ་ཆེ། འབྲས་ལྗོངས།

 

ཀ་དག་གདོད་མའི་གཞི་ཀློང་ནས།

ཁ་དོག་སྒྱུ་འཕྲུལ་དྲྭ་བའི་འོད།

ག་གི་དགྱེས་པ་རྡོ་རྗེ་མཆོག།

ང་ཅག་དཔལ་དུ་ཤར་འདི་རྨད།

 

ཅ་ཅོའི་ཚིག་གི་སྤྲོས་བྲལ་ཞིང་།

ཆ་མེད་དོན་དམ་གནས་ལུགས་ལ།

ཇ་ཡུན་གཅེར་མཐོང་ངོ་སྤྲོད་པས།

ཉ་གང་ཟླ་ལྟར་ལྷུན་གྱིས་གྲུབ།

 

ཏ་ཚ་དབྱིག་སྙིང་ཞི་བསིལ་ཆོས།

ཐ་སྙད་ཐོས་བསམས་སྒྲོ་མདོགས་ཆོད།

ད་ལྟའི་ཤར་ནུབ་སྐྱེ་འགྲོ་དག།

ན་ཀྲ་འཁོར་བའི་འཇིགས་ལས་བསྐྱབ།

 

པ་ཊ་རྟེན་འབྱུང་འཁོར་འདས་ཆོས།

ཕ་རོལ་ཕྱིན་བཅུའི་ཐེམ་སྐས་ལ།

བ་གླང་མ་རིག་དུཿཁས་འགྲོ།

མ་ལུས་འདྲེན་ལ་ལྕགས་ཀྱུའི་མཆོག།

 

ཙ་རི་དག་པ་ཤེལ་རི་ནས།

ཚ་གྲང་འཇོམས་མཛད་མཁའ་འགྲོས་ཚོགས།

ཛ་དྲག་ཁྱེད་ཀྱིས་བཀའ་ཕེབས་ན།

ཝ་ལེར་འདུ་ལ་སྤྲོ་བ་འཕེལ།

 

ཞ་ཞོར་བྱམས་དང་བརྩེ་བའི་ཐུགས།

ཟ་ཟིས་གཡེང་ལ་མི་བསྐུར་ནས།

འ་འུར་སྐལ་ལྡན་བུ་སློབ་ཀུན།

ཡ་རབས་འཇུག་ལ་བསྐུལ་མ་འདེབས།

 

ར་བ་ཁོར་ཡུག་ངེས་མེད་དུ།

ལ་འུར་མི་རྟག་དྲན་བསྐུལ་ཏེ།

ཤ་ཚ་ཅན་གྱི་ལྔ་བདོའི་འགྲོ།

ས་མཆོག་ཐར་ལམ་བཀོད་ལ་བྲེལ།

 

ཧ་ཅང་མཁས་པའི་མཛད་རྣམ་ལ།

ཨ་ཙི་བདག་འདྲའི་རྟོགས་དཀའ་ཀྱང་།

ཨེ་མ་ཀ་མད་སུམ་བཅུའི་སྒྲས།

ཝཾ་ཡིག་སྤྲོས་བྲལ་དོན་རྟོགས་ཤོག།

 

འདིའང་དམ་ཆོས་རྒྱ་མཚོ་ཞེས་པ་ངེས་མེད་ཉུལ་བའི་རྨོངས་འཁྱམ་པ་དེས་སྦས་ཡུལ་འབྲས་མོ་ལྗོངས་སུ་རྟེན་འབྲེལ་གྱིས་བལྟས་ཅུང་ཟད་བྱུང་བ་བསྟུན་དཔལ་དགྱེས་པ་རྡོ་རྗེ་ལ་ཀ་མད་སུམ་བཅུས་བསྟོད་པ་འདི་ཕྱི་ལོ་༢༠༡༢/ཟླ་༤/༥ཉིན་གུས་པ་དང་བཅས་སྟེ་ཕུལ། །

 

༄༅།། དཔལ་དགྱེས་པ་རྡོ་རྗེའམ་མཁན་ཆེན་བླ་མ་མཆོག་ལ་ཕུལ།

ཀ་དག་རྟོགས་པ་སད་པའི་རིག་འཛིན་གྱི་རྣལ་འབྱོར། ། ཁ་དོག་ཆ་ལུགས་མ་ངེས་བརྟུལ་ཞུགས་ཀྱི་མཛད་སྤྱོད། །

ག་ས་གང་དུ་བཞུགས་པའི་འཕྲིན་ལས་ཀྱི་གདུགས་དཀར། ། ང་ཡི་མིག་ལམ་འཕྱར་དུས་ཡིད་སེམས་དེ་སྤྲོ་སོང་། །

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

སྔགས་སྨྱོན་ནས་འདི་ཙམ་མོ།།

 

ཀ་རྩོམ་ཐོལ་བྱུང་སྨྱོན་པའི་གླུ་དབྱངས།།

 

ཀ་ནས་དག་པ་གཞི་ཡི་གནས་ལུགས་རྟོགས། །

ཁ་སྦྱོར་བདུན་ལྡན་ལྷུན་གྲུབ་ལོངས་སྤྱོད་རྫོགས། །

ག་ཆད་འཁོར་འདས་དབྱེར་མེད་ཕྱག་རྒྱའི་གདབ། །

ང་རྒྱལ་རང་བྱུང་གདོད་མའི་མགོན་པོ་རྒྱལ། །

 

ཅ་ཅོ་མ་བཅོས་གཉུག་མའི་རང་མདངས་ཤར། །

ཆ་ལུགས་ངེས་མེད་བརྟུལ་ཞུགས་སྤྱོད་པའི་མཛེས། །

ཇ་ཆང་འདོད་ཡོན་ལོངས་སྤྱོད་ལམ་དུ་འཁྱེར། །

ཉ་གོང་དཔལ་བཞིན་དཔལ་དགྱེས་ཧེ་རུ་ཀ །

 

ཏ་ཐ་ག་ཏའི་ཟབ་གསང་བསྟན་པ་འཛིན། །

ཐ་མལ་སྣང་གྲོལ་རིག་པར་ཅེར་གྱིས་གཟིགས། །

ད་ཀི་དཔའ་མོའི་ཚོགས་རྗེར་དབང་བསྒྱུར་བ། །

ན་འཆིའི་འཇིགས་བྲལ་ཆེ་མཆོག་རོལ་བ་རྒྱལ། །

 

པ་སངས་འོ་མའི་སྙིང་བཅུད་ཀློང་ཆེན་པའི། །

ཕ་ཆོས་སྙིང་ཐིག་ཟབ་མོའི་གཏེར་ལ་དབང། །

བ་མཆོག་འོ་བཅུད་ཞི་བ་སྤྲོས་བྲལ་རྟོགས། །

མ་གྱུར་འགྲོ་ཀུན་བྱམས་གཅིག་འདྲེན་གྱུར་ཅིག །

 

ཙ་རི་ཏྲ་སོགས་དབེན་གནས་སྒྲུབ་གནས་ཀུན། །

ཚ་གྲང་མུན་སྒོམ་ཡུལ་ལས་རབ་འདས་པའི། །

ཛ་ཡའི་གསུང་མཆོག་ཐེག་དགུའི་ཡང་རྩེའི་དོན། །

ཝ་ལེར་ཐུགས་ཀྱི་དགོངས་ཀློང་འདྲེས་དེས་སྤྲོ། །

 

ཞྭ་གོས་ངུར་སྨིག་རྟོག་འཛིན་རབ་བྲལ་ཞིང།

ཟ་འཆག་སྤྱོད་ལམ་མ་བཅོས་ཡེ་བབ་ངང། །

འ་འུར་གྲགས་སྟོང་རྒྱལ་བའི་རང་སྒྲར་ཤེས། །

ཡ་མཚན་གུ་རུ་ཉིད་དང་དབྱེར་མེད་ཤོག །

 

རྭ་ལོ་གྲགས་རྒྱལ་མཐུ་སྟོབས་ལུས་དང་འགྲོགས། །

ལྭ་དཀར་རས་པའི་དམ་ཚིགས་སེམས་དང་འགྲོགས།།

ཤ་རྭ་རྔོན་པའི་ལས་འཕྲོས་བཀའ་གདམས་རྒྱུད། །

ས་ཐོབ་སེམས་དཔའ་མཆོག་ལ་གླུ་འདི་འབུལ། །

 

ཧ་ཧ་ཉམས་སྣང་བདེ་བའི་རོལ་མོ་ལས། །

ཧོ་ཧོ་འོད་གསལ་རྫོགས་ཆེན་དགོངས་པ་ཤར། །

ཨ་ཨ་ཆོས་རྣམས་སྐྱེ་མེད་སེམས་ཀྱི་གཤིས། །

ཨོ་ཨོ་རིག་པའི་རང་ངོ་ཤེས་གྱུར་ཅིག

ས་མ་ཡཿ

ཞེས་པ་མཁན་ཆེན་བླ་མའི་འཁྲུངས་སྐར་ཉིན་རྟེན་འབྲེལ་དག་སྣང་གི་ཚུལ་དུ་སྐར་མ་བཅུ་ཙམ་གྱི་རིང་ལ་ཤར་མར་བྲིས་པ་དེ་རིང་སླར་ཡང་བཟོ་བཅོས་དང་ཞུ་དག་ཅང་ཟད་བགྱིས་ཏེ་ཕུལ་ལོ།།

0 comments:

ཟིན་བྲིས་འཚོལ་ཡུལ