དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 28 November 2012
དོན་ལ་རྟོན་པ་ཞེས་བྱ་བའི་གླུ།
[ རྫ་ཚེ་རིང་བཀྲ་ཤིས། ] [ 2012-11-28 ]


བླ་མ་ལ་ཕྱག་འཚལ་ལོ།།
རྡོ་རྗེ་སེམས་དང་རྡོ་རྗེ་ཆོས། །དཔལ་ལྡན་བདུད་འཇོམས་རྡོ་རྗེའི་ཞབས།།
དཀྱིལ་འཁོར་གཙོ་དང་དབྱེར་མེད་པའི།།བླ་མ་རྣམས་ལ་ཕྱག་འཚལ་ལོ།།
མདང་ནུབ་ཚེས་པ་ཉི་ཤུ་ལྔའི།།མཁའ་འགྲོ་འདུ་བའི་དུས་བཟང་ལ།།
སྔ་འགྱུར་རིག་འཛིན་འདུས་སྡེ་རུ།།དམ་ཚིག་ཚོགས་ཀྱི་འཁོར་ལོར་རོལ།།
རྟུལ་ཞུགས་ལྡན་པའི་མཆེད་ལྕམ་དག།ཚོམ་བུ་གཅིག་ཏུ་ཚོགས་པ་ལས།།
ཕུན་སུམ་ཚོགས་པའི་རྟེན་འབྲེལ་གྱི།།སྣང་བའི་སྒོ་འཕར་འབྱེད་པ་བྱུང་།།
ལྕང་ལོའི་ཆས་བརྒྱད་མནབ་པ་ཡི།།བརྟུལ་ཞུགས་ལྡན་པའི་བུ་སློབ་ཀུན།
དད་དང་གུས་པ་རྩེ་གཅིག་པས།།ཐེག་མཆོག་ལམ་ལ་གཞོལ་བ་མཐོང་།།
འདུས་པའི་རྣལ་འབྱོར་ཕོ་མོ་ཀུན།།མ་བཅོས་རལ་བ་ཤིག་སེ་ཤིག།
མཛེས་པའི་གཟན་དཀར་ཁྲ་ལ་ལ།།མཉམ་པའི་ཅང་དྲིལ་ཁྲོ་ལོ་ལོ།།
ཅེ་སྤྱང་ངུ་བ་ལྟ་བུ་ཡི།།རྐང་གླིང་འབོད་སྒྲ་ཙེར་བ་དེ།།
མཁའ་འགྲོའི་འབོད་བརྡ་ཡིན་སྙམ་ཚེ།།སེམས་ལ་ལྷག་ཏུ་འཇེབས་པ་བྱུང་།།
སྒྲ་ནི་གསལ་ཞིང་དབྱངས་ཡང་སྙན།།གདངས་ནི་ལྷོད་ཅིང་མཉམ་པ་ཡི།།
ཆོ་ག་བཟང་པོའི་འདོན་སྟངས་འདིས།།སེམས་ལ་ངེས་ཤེས་བཟང་པོ་སྐྱེས།།
མི་ཡི་བླ་མར་མ་ལྟོས་པར།།དགའ་རབ་རྡོ་རྗེ་ལ་བསྟེན་ལས།།
ཐེག་མཆོག་དགོངས་པར་དབང་འབྱོར་བ།།ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ལགས།།
ཆོས་ཉིད་ནམ་མཁའི་ཀློང་མཛོད་ཀྱི།།དགོངས་པ་རྩིས་སུ་ཕབ་པ་སྟེ།།
དཔལ་ལྡན་ཁྲོས་མ་ནག་མོ་ནི།།རྩོལ་མེད་ཐེག་པའི་བརྡ་སྐད་དོ།།
ཨེ་མ་མཁའ་འགྲོ་གསང་བའི་སྐད།།ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི།།
ཡོངས་སུ་གྲུབ་པ་ཆེན་པོ་སྟེ།།འཕོ་དང་འགྱུར་བ་མ་མཆིས་སོ།།
ཆོས་ཉིད་ནམ་མཁའི་ཀློང་མཛོད་ཀྱི།།ཡི་གེ་ཕྲ་མོ་ཕྲ་མོ་ཡང་།།
མཁའ་འགྲོའི་སྲོག་གི་ཐིག་ལེ་སྟེ།།ཤིན་ཏུ་ཕངས་ཤིང་གཅེས་པ་ཡིན།།
ཁྲོས་མའི་ཚིག་དོན་རེ་རེ་ཡང་།།དབང་བཞིའི་ངོ་སྤྲོད་མཐར་ཐུག་སྟེ།།
རང་བབ་ངང་ནས་གཞུང་སེམས་བསྲེས།།འདི་ལ་མཉམ་པར་བཞག་ཅེས་བྱ།།
ཆེད་དུ་བསྒོམ་ཞེས་མ་བསམ་ཡང་།།སེམས་དང་ཚིག་དང་དོན་དང་གསུམ།།
ཆུ་ལ་ཆུ་བཞག་བཞིན་དུ་འདྲེས།།འདི་ནི་ཁྲོས་མའི་ཁྱད་ཆོས་ལགས།།
རང་སྣང་དབང་དུ་འདུ་བ་དང་།།གཞན་སྣང་ཟིལ་གྱིས་མནོན་པ་དང་།།
ཟང་ཐལ་རིག་པའི་ངར་ཐོན་པ།།འདི་ནི་གཅོད་ཀྱི་ཆེ་བ་ལགས།།
ཆུང་ནས་ཐེག་མཆོག་ལམ་ལ་ཞུགས།།བརྒྱུད་པ་རིན་ཆེན་སྲོག་ལྟར་གཅེས།།
སྙིང་ཐིག་ཡིད་བཞིན་ནོར་བུ་ལ།།ཕྱིར་མི་ལྡོག་པའི་དད་པ་བཞག།
འོན་ཀྱང་ཚིག་གི་རྟོག་གེ་དང་།།ཕྱི་རོལ་རྐྱེན་གྱི་གཡེང་བ་ཡིས།།
རྡོ་རྗེ་གསང་བའི་དམ་ཚིག་ལ།།རྟག་ཏུ་གནས་པ་མ་ལགས་མོད།།
ལྷག་པའི་ཆོས་དང་ལྷག་པའི་མཆེད།།ཕུན་ཚོགས་གནས་དུས་རྟེན་འབྲེལ་གྱིས།།
ནང་ལས་ཤར་བའི་དགའ་བདེའི་དཔྱིད།།རང་བཞིན་ཤུགས་ཀྱིས་འབར་བ་བྱུང་།།
གནས་དང་དུས་ཀྱི་རྟེན་འབྲེལ་དང་།།གྲོགས་དང་མཐུན་པའི་རྐྱེན་དག་ནི།།
གསང་སྔགས་ཐབས་ཀྱི་རྣལ་འབྱོར་ལ།།ཤིན་ཏུ་གཅེས་པ་ཡིན་པར་རྟོགས།།
རྒྱན་དང་ལྕང་ལོའི་མཛེས་པ་ནི།།འདི་ལ་ལྷག་ཏུ་མཛེས་པ་སྟེ།།
མཁའ་འགྲོ་མ་ཡི་དམ་ཚིག་ལ།།དད་པ་སྐྱེས་པ་ཙམ་ཡང་འཚེངས།།
གྲུབ་ཐོབ་གོང་མའི་བྱིན་རླབས་ཀྱིས།།ཤེས་པ་བན་མ་བུན་མ་བྱུང་།།
རིག་པ་གསལ་ཞིང་ངེས་ཤེས་སྐྱེས།།ལུས་ཀྱང་ཡང་བ་ལྟ་བུར་ཚོར།།
སྒྱུ་ལུས་འདི་ལྟར་ཐ་མལ་ཞིང་།།སེམས་ཀྱང་རྟག་ཏུ་གཡེངས་ལགས་ཏེ།།
བརྒྱུད་པའི་བྱིན་རླབས་མཐོང་བ་ལས།།ཡིད་ནི་ཁྲ་མ་ཁྲོལ་དུ་གྱུར།།
སྔ་འགྱུར་བརྒྱུད་པ་རིན་པོ་ཆེར།།གཏིང་ནས་མོས་གུས་བྱས་ཙ་ན།།
རང་ཁྱིམ་རང་གིས་མཐོང་བ་ལྟར།།སེམས་ནི་བྲོད་ཅིང་དགའ་བ་བྱུང་།།
སྙིགས་མ་ཤིན་ཏུ་བདོ་ལགས་ཤིང་།།བསྟན་ཡང་འཇིག་པ་ལྟར་སྣང་ཡང་།།
གསང་བ་མཆོག་གི་སྒྲོན་མེ་ནི།།སྨག་ལ་ལྷག་ཏུ་གསལ་བ་མཐོང་།།
སྐྱེ་བ་འདི་དང་སྐྱེ་བ་བཞན།།སྐྱེ་བ་སྐྱེ་བ་ཐམས་ཅད་དུ།།
རྡོ་རྗེའི་ཚོགས་དང་ལྷན་ཅིག་པས།།ལུང་གི་སྒོ་བཞིར་སྤྱོད་པ་དང་།།
ལག་པས་ཅང་ཏེའུ་དྲིལ་བུ་འཁྲོལ།།ངག་ནས་མཁའ་འགྲོའི་སྣང་གླུ་གྱེར།།
རིག་པས་ཕྱི་རྒྱ་རླབས་ཀྱིས་གཅོད།།མཁའ་འགྲོའི་མིང་པོ་འགྲུབ་པར་ཤོག།
ཅེས་པ་འདི་ཡང་།
སུད་སུ་ལན་ཊིའི་གྲོང་ཁྱེར་ཆེན་པོ་ལོ་སན་དུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་སྔ་འགྱུར་རིག་འཛིན་འདུས་སྡེའི་རྩ་བའི་ཆོས་ཚོགས་སུ། རིག་འཛིན་ནམ་མཁའ་རྒྱ་མཚོ་མཆོག་གི་དགོངས་བཞེད་ལྟར། དེ་ཀའི་འདུས་སྡེའི་སློབ་ཚོགས་ལ་ཉིན་འགའི་ཆོས་འབྲེལ་གྲུབ་པའི་གཏང་རག་ཏུ་འདུས་སྤྱི་ནས་གཏེར་གསར་ཁྲོས་མའི་ཚོགས་འཁོར་རྒྱས་པ་འབུལ་སྐབས་ཀྱི་རང་གི་སྣང་ཉམས་(འདི་ཤེས་ཉམས་ལས་འདས་པའི་སྣང་ཉམས་དེར་མི་གོ)དངོས། བོད་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་སྟོན་ཟླ་ར་བའི་དབང་ཕྱོགས་ཀྱི་ཚེས་༢༦དགེ་བར།རྫ་ཚེ་རིང་བཀྲ་ཤིས་སམ། བླ་མས་བཏགས་པ་མ་ལུས་ཡོངས་གྲོལ་མིང་ཅན་ཐེག་མཆོག་རྒྱལ་པོ་མོས་པས་ལམ་དུ་བྱེད་པ་དེས་ཡི་གེར་བཀོད་པའོ།།
སྤྱི་ལོ་༢༠༡༢ཟླ་༩ཚེས་༡༡ལའོ།།

0 comments:

ཟིན་བྲིས་འཚོལ་ཡུལ