དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 29 November 2012

(HIV)ནུས་འཇོམས་དུག་སྲིན་(AIDS)ཨེ་ཙི་འགོས་ནད་སྔོན་འགོག་བྱེད་ཐབས།


སྔ་འགྱུར་གྲུབ་དབང་རྫོགས་ཆེན་པའི་དཔེ་ཚོགས།
(HIV)ནུས་འཇོམས་དུག་སྲིན་(AIDS)ཨེ་ཙི་འགོས་ནད་སྔོན་འགོག་བྱེད་ཐབས།
རྫོགས་ཆེན་མཁན་ཆེན་ཆོས་དགའ་མཆོག་གི་བཀའ་ལྟར་སྨན་སྤྲུལ་དགེ་གྲགས་ནས་རྩོམ་བསྒྲིགས་བྱས།
གོ་ཐོས་ལྟར་ན་སྤྱི་ལོ་༡༩༨༡ནས་གསར་དུ་ཤེས་རྟོགས་བྱུང་བའི་ནད་ངན་འདི་དང་པོ་ཕྱི་གླིང་བས་སྤྲ་སྤྲེའུའི་རིགས་ལ་ལུས་འབྲེལ་བྱས་པ་ལས་བྱུང་ནས་རིམ་པར་འཛམ་གླིང་ལ་ཁྱབ་ཅིང་། འགྲོ་བ་མིའི་རིགས་ཀྱི་བདེ་ཐང་དང་སྲོག་ལ་རྒོལ་མཁན་གྱི་ནད་ངན་ཚབས་ཆེན་ཞིག
སྤྱི་ལོ ༡༩༨༡ ལོའི་ཟླ་ ༦ ཚེས་ ༥ ཉིན་ཨ་རིའི་འགོས་ནད་ཆེད་མཁས་མི་སྣས་ཐོག་མར་ནད་ངན་འདི་ངོས་འཛིན་བྱས་པའི་རྗེས་ནས་ད་ལྟའི་བར་ལོ་༣༠ལྷག་གི་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྡོམས་རྩིས་གཞིར་བཟུང་ན། འཛམ་གླིང་ཡོངས་ནས་མི་གྲངས་ས་ཡ་༦༠་ལྷག་ལ་ནད་ངན་འདི་འགོས་ཡོད་པ་དང་། དེ་ལས་ས་ཡ་ ༣༠ ལྷག་གི་ཚེ་སྲོག་ནད་ངན་འདིས་འཕྲོག་ཡོད་པ་རེད།
ད་ལྟའི་ཆར་འཛམ་གླིང་གི་མི་གྲངས་ས་ཡ་སུམ་ཅུ་སོ་བཞི་ལ་ནད་ངན་འདི་འགོས་ཡོད་པ་དང་། ནད་ངན་འདི་གསར་དུ་འགོས་པའི་མི་དེ་དག་ལས་བརྒྱ་ཆ་ ༤༡ གཞོན་སྐྱེས་དང་། དེ་ལས་ཀྱང་བརྒྱ་ཆའི་ ༦༠ ལྷག་བུད་མེད་གཞོན་སྐྱེས་ཀྱི་རིགས་ཡིན་པ་རེད།
ད་སྔོན་འཛམ་གླིང་སྟེང་དུ་ནད་ངན་འདི་བཅོས་བྱེད་ཀྱི་སྨན་ཞིག་མེད་ནའང་ནད་དུག་ཚོད་འཛིན་བྱེད་པའི་སྨན་རྫས་དང་། རིམས་ཐར་ནུས་ཤུགས་མཐོར་འདེགས་སྨན། ནད་ངན་འདིའི་རྐྱེན་ལས་བྱུང་བའི་ནད་རིགས་གཞན་པ་དག་ལ་སོ་སོར་ཁ་གཏད་ཀྱིས་གནས་སྐབས་གསོ་བཅོས་བྱེད་ཐབས་ཙམ་ཡོད་པ་རེད། ཡིན་ཡང་སྨན་པ་དང་སྨན་ཁང་གི་མཛུབ་སྟོན་ལྟར་སྨན་རྫས་བཀོལ་སྤྱོད་བྱེད་དགོས་པ་ལས་གང་འདོད་ཀྱིས་སྨན་རྫས་བཀོད་སྤྱོད་བྱེད་མི་ཉན།
(ཡུན་ནན་ཞིང་ཆེན་ཞི་ཧྲང་པན་ན་ཁུལ་གྱི་སངས་རྒྱས་འོད་ཁྱིམ་ཚོགས་པའི་ཉམས་མྱོང་ལྟར་ན་མི་རྣམས་ལ་ནད་ངན་འདིས་ཐེབས་ནས་ཅི་བྱ་གཏོལ་མེད་དུ་གྱུར་བའི་སྐབས་སུ་ནང་བ་སངས་རྒྱས་པའི་བླ་མ་དང་དགེ་འདུན་པ་རྣམས་ཀྱིས་ལས་རྒྱུ་འབྲས་དང་། དགེ་བ་བཅུ། ཕར་ཕྱིན་དྲུག བདེན་པ་བཞི་སོགས་ཀྱི་ཆོས་བཤད་གནང་སྟེ། དགེ་སྒྲུབ་སྡིག་སྤངས། ཚོགས་བསགས་སྒྲུབ་སྦྱང་བྱེད་པར་བསྐུལ་བས་ཕན་ནུས་བསམ་གྱིས་མི་ཁྱབ་པ་འདུག་པ་མིག་མཐོང་ལག་ཟིན་བྱུང་ཡོད་པས་འདི་དག་ལ་དོ་སྣང་ཤུགས་ཆེན་བྱེད་དགོས།)

ནད་ངན་འདི་ལ་དབྱིན་སྐད་དུ (HIV/AIDS)བརྗོད།
དེང་སང་བོད་སྐད་དུ། (HIV)ནུས་འཇོམས་དུག་སྲིན་དང་(AIDS)ཨེ་ཙི་འགོས་ནད་ཅེས་བསྒྱུར་ཡོད་པ་དང་། ལྷན་སྐྱེས་སྲིན་བུ་འཁྲུགས་པའི་ནད་དང་། དུས་རབས་ཉི་ཤུ་བའི་གཉན་རིམས་ཡང་འབོད་ཅིང༌། ད་སྔར་རྒྱལ་སྤྱིའི་གསོ་རིག་སྡེ་ཁག་ལ་ནད་ངན་འདི་སྔོན་འགོག་གི་སྨན་དང་གསོ་བཅོས་ཀྱི་ཐབས་ཤེས་ཅི་ཡང་བརྙེད་མེད་པས་གཅོང་ཆེན་ཡ་མེད་དང་དུས་རབས་ཀྱི་གཤེད་མ་ཞེས་འབོད་སྲོལ་ཡང་ཡོད་པ་རེད། (༢༠༡༠་ལོར་གུས་ཀྱིས་པར་བའི་དེབ་ཆུང་ནང་རེག་དུག་ཞེས་བྲིས་ཡོད་པ་དང་ཕྱིར་བཞུགས་ཀྱི་སྨན་པ་འགས་རེག་དུག་ཞེས་བཏགས་འདུག འོན་ཀྱང་བོད་ཀྱི་གསོ་རིག་ནང་རེག་དུག་ཟེར་བའི་ནད་གཞན་ཞིག་ཡོད་པས། ནད་ངན་འདི་ལ་མིང་དེ་བཏག་ན་མི་འགྲིགས་ཚུལ་མཁས་དབང་སྨན་པ་ཁ་ཤས་ཀྱིས་གསུངས་བྱུང་བ་དང་ནད་ངན་འདི་ལ་ནུས་འཇོམས་དུག་སྲིན་དང་དེ་སྨིན་པ་ལ་ཨེ་ཙི་འགོས་ནད་ཞེས་བཏགས་སོང་། )



ཨེ་ཙི་འགོས་ནད་ཐོག་མར་མི་ལ་ཕོག་སྐབས་སུ་ (HIV)ནུས་འཇོམས་དུག་སྲིན་གྱི་ན་ཚ་དེ་ཕོག་གི་ཡོད།
(HIV)( སྒྲ་བསྒྱུར་བྱས་ན་ཨེ་ཆུ་ཨ་ཡི་ཝེས)ཟེར་བ་འདིའི་དོན། དབྱིན་སྐད་དུ། Human Immunodeficiency Virus ཟེར། ( བོད་སྐད་དུ།) མིའི་ནད་འགོག་ནུས་པ་འཇོམས་པའི་དུག་སྲིན་ཟེར།
མིའི་ལུས་ཁམས་ལ་རང་བཞིན་གྱིས་མངའ་བའི་ནད་འགོག་ནུས་པ་དེ་ཉིད་འཇོམས་འགྲོ་བའི་དུག་སྲིན་ཞིག་ཡིན་ཞེས་ནུབ་ལུགས་གསོ་རིག་པས་བཤད་ཀྱི་ཡོད་པས་མིའི་ནད་འགོག་ནུས་པ་འཇོམས་པའི་དུག་སྲིན་ཟེར། འདི་ནས་བསྡུས་མིང་ལ་((HIV)ནུས་འཇོམས་དུག་སྲིན)་ཞེས་འབོད་ཀྱི་ཡིན)

(HIV)ནུས་འཇོམས་དུག་སྲིན་རིམ་གྱིས་སྨིན་ཏེ་ན་ཚ་དངོས་སུ་གྱུར་པ་ལ་དབྱིན་སྐད་དུ།

Acquired Immune Deficiency Syndrome བསྡུས་ཚིག་ལ(AIDS)ཨེ་ཙི་ཞེས་འབོད།

(བོད་སྐད་དུ།) ནད་འགོག་ནུས་པ་ཉམས་པའི་ན་ཚ་འགོས་པ(སྨིན་པ)། བསྡུས་ཚིག་ལ་(ཨེ་ཙི་འགོས་ནད་)ཞེས་བཏགས་ཡོད་པ་རེད།

(AIDS)ཨེ་ཙི་ཞེས་པ་འདི་ནི་དབྱིན་ཡིག་ཡིན་པ་དང་ཡིག་འབྲུ་རེ་རེས་གཤམ་གསལ་གྱི་ནང་དོན་མཚོན།

A (Acquired) འགོས་པ(སྨིན་པ)
I (Immune) ནད་འགོག་ནུས་པ།
D (Deficiency) ཉམས་པ།
S (Syndrome) ན་ཚ།
ནད་འགོག་ནུས་པ་ཉམས་པའི་ན་ཚ་འགོས་པ་(AIDS) ཨེ་ཙིའི་འགོས་ནད་ཟེར།

ཨེ་ཙི་འགོས་ནད་(AIDS)ཞེས་པའི་ནད་ངན་དེ་གང་ཡིན་ནམ་ཞེ་ན།

ཨེ་ཙི་འགོས་ནད(AIDS)ཞེས་པའི་ནད་ངན་དེ་ནི།
(AIDS) ཨེ་ཙི་འགོས་ནད་སྟེ་ནད་འགོག་ནུས་པ་ཉམས་པའི་ན་ཚ་སྨིན་པ་དེ་ནི་ཐོག་མར་གཞན་ལས་འགོས་པའི་མིའི་ནད་འགོག་ནུས་པ་འཇོམས་པའི་དུག་སྲིན། (HIV)ནུས་འཇོམས་དུག་སྲིན་གྱིས་མིའི་ལུས་ཁམས་ལ་རང་བཞིན་གྱིས་མངའ་བའི་ནད་འགོག་ནུས་པ་དེ་ཉིད་འཇོམས་པ་དང་། གཟུགས་པོའི་ནང་གི་ནད་འགོག་ནུས་ཤུགས་རྣམས་ལ་གཏོར་བཤིག་དང་གནོད་པར་བྱས་པས། མིའི་ལུས་ཀྱི་ནད་འགོག་ནུས་ཤུགས་ཡོངས་སུ་ཉམས་ཤིང་གཉན་ཚད་བསླངས་པའི་ན་ཚ་ཡོངས་སུ་སྨིན་པ་དེ་ལ་(AIDS)ཨེ་ཙི་འགོས་ནད་ཟེར།
(HIV)ནུས་འཇོམས་དུག་སྲིན་གྱི་ནུས་པ་ཚབས་ཆེན་སྨིན་ཏེ་མིའི་ལུས་ལ་ཁྱབ་རྗེས་སུ། མིའི་གཟུགས་པོའི་ནང་གི་ནད་འགོག་ནུས་ཤུགས་ཡོངས་སུ་ཉམས་པའི་ཕྱོགས་འདུས་ཀྱི་ནད་ངན་བཅོས་སུ་མི་རུང་བ་ཞིག་ཡིན།
ད་སྔ་རྒྱལ་སྤྱིའི་གསོ་རིག་སྡེ་ཁག་གིས་ནད་ངན་འདི་སྔོན་འགོག་གི་ཐབས་ཤེས་དང་གསོ་བཅོས་ཐུབ་པའི་སྨན་ཅི་ཡང་བརྙེད་མེད་པས། ནད་ངན་འདི་ཕོག་ནས་འཆི་ལམ་མ་གཏོགས་ལམ་ཁ་གཞན་ཞིག་གདམ་ཁ་མེད།

(AIDS) ཨེ་ཙི་འགོས་ནད་ཟེར་བའི་ནད་འགོག་ནུས་པ་ཉམས་པའི་ན་ཚ་དེ་མ་སྨིན་པའི་གོང་དུ་ནད་ངན་དེ་སློང་མཁན་གྱི་(HIV)ནུས་འཇོམས་དུག་སྲིན་དེ་འགོས་ནས་མིའི་གཟུགས་པོའི་ནང་དུ་ལོ་མང་པོར་གབ་པའི་ཚུལ་དུ་གནས་ཀྱི་ཡོད།
(HIV)ནུས་འཇོམས་དུག་སྲིན་ནི་སྤྲ་སྤྲེའུ་དང་འགྲོ་བ་མིའི་ལུས་ཟུངས་ཀྱི་ཕྲ་ཕུང་གསོན་པོ་ལ་འཚོ་བ་རོལ་ཐུབ་པ་ལས་མིའི་གཟུགས་པོའི་རླན་གཤེར་དང་བྲལ་བའམ་ཕྱི་རོལ་གྱི་རང་བྱུང་ཁོར་ཡུག་གི་ནང་དུ་རང་ནུས་ཀྱིས་འཚོ་མི་ཐུབ་པར་སྐར་མ་གསུམ་ནས་ལྔ་ཡི་ནང་འཆི་འགྲོ་གི་ཡོད་པ་རེད།

ཨེ་ཙིའི་ནད་སློང་མཁན་(HIV)ནུས་འཇོམས་དུག་སྲིན་ཟེར་བ་དེ་གང་ཡིན།

མིའི་ནད་འགོག་ནུས་པ་འཇོམས་པའི་དུག་སྲིན། (HIV)ཟེར་བའི་ནུས་འཇོམས་དུག་སྲིན་དེ་གབ་པའི་རང་བཞིན་ཅན་གྱི་འགོས་ནད། ཤིན་ཏུ་ཕྲ་བའི་(HIV)ནུས་འཇོམས་དུག་སྲིན་འདི་མི་གཞན་ལ་འགོས་ལམ་འདྲ་མིན་བརྒྱུད་ནས་འགོས་སླ་བའི་ནད་ངན་ཚབས་ཆེན་ཞིག་ཡིན།
(HIV)ཟེར་བའི་ནུས་འཇོམས་དུག་སྲིན་འདིས་མིའི་གཟུགས་པོའི་ནད་འགོག་ནུས་ཤུགས་ཡོངས་སུ་ཉམས་པར་བྱེད་པས། རིམ་ནད་སོགས་འགོས་ནད་འདྲ་མིན་མང་པོ་ཞིག་འགོས་སླ་བ་དང་བཅོས་སུ་མེད་པའི་ཚབས་ཆེན་གྱི་ནད་གཞན་ཀྱང་ན་སླ་བ་ཡིན།
(HIV)ནུས་འཇོམས་དུག་སྲིན་དེ་སྨིན་ན། ནད་འགོག་ནུས་པ་ཉམས་པའི་ན་ཚ་འགོས་པ་ཟེར་བའི་(AIDS)ཨེ་ཙི་འགོས་ནད་དེ་རེད།
གཟུགས་པོའི་གཤེར་གཟུགས་ནང་དུ་གནས་པའི་ (HIV)ནུས་འཇོམས་དུག་སྲིན་དེ་ཧ་ཅང་ཕྲ་བའི་རྐྱེན་གྱིས་ཐུན་མིན་བརྟགས་དཔྱད་བྱེད་སའི་སྨན་ཁང་ནས་ཁྱད་དུ་ཕྲ་མཐོང་ཆེ་ཤེལ་གྱིས་ནད་ངན་འདི་བརྟགས་དཔྱད་ལེགས་པར་བྱས་ན་མ་གཏོགས། ང་ཚོས་ནམ་རྒྱུན་ལུས་པོ་བརྟག་དཔྱད་བྱ་བྱེད་ཀྱིས་ནད་ངན་དེ་ཕོག་ཡོད་མེད་ཤེས་མི་ཐུབ།

ཕྲ་མཐོང་ཆེ་ཤེལ་ནང་(HIV)ནུས་འཇོམས་དུག་སྲིན་དེ་འདི་ནང་བཞིན་མཐོང་གི་ཡོད།

照片1-23 图片j

(AIDS)ཨེ་ཙི་འགོས་ནད་སློང་མཁན་(HIV)ནུས་འཇོམས་དུག་སྲིན་དེ་མིའི་གཟུགས་པོའི་ནང་གང་དུ་སྡོད་ཀྱི་ཡོད་དམ།

(AIDS)ཨེ་ཙི་འགོས་ནད་སློང་མཁན་(HIV)ནུས་འཇོམས་དུག་སྲིན་དེ་མིའི་གཟུགས་པོའི་གཤེར་གཟུགས་ནང་ལ་སྡོད་ཀྱི་ཡོད་ཀྱང་འཆིལ་མ་སོགས་ཀྱི་ནང་ལ་མེད་པར་བཤད། (HIV)ནུས་འཇོམས་དུག་སྲིན་མང་ཤོས་གནས་ས་ནི།

  1. ཁྲག
  2. ཐིག་ལེ།
  3. མོ་མཚན་གྱི་ཟགས་ཆུ།
  4. འོ་མ་སོགས་ཀྱི་ནང་ལ་ཡིན།

(AIDS)ཨེ་ཙི་འགོས་ནད་སློང་མཁན་(HIV)ནུས་འཇོམས་དུག་སྲིན་གྱིས་གཟུགས་པོའི་ནང་ག་རེ་བྱེད་ཀྱི་ཡོད་དམ།

(AIDS)ཨེ་ཙི་འགོས་ནད་སློང་མཁན་(HIV)ཟེར་བའི་(HIV)ནུས་འཇོམས་དུག་སྲིན་འདི་ཕོག་ནས་ལོ་གསུམ་ནས་བརྒྱད་ནང་མིའི་ལུས་ཁམས་ལ་རང་བཞིན་གྱིས་མངའ་བའི་ནད་འགོག་ནུས་པ་དེ་དག་འཇོམས་པ་དང་། གཟུགས་པོའི་ནང་གི་ནད་འགོག་ནུས་ཤུགས་རྣམས་ལ་གཏོར་བཤིག་དང་གནོད་པར་བྱེད་པ། མིའི་ལུས་ལ་མེད་དུ་མི་རུང་བའི་ནད་འགོག་སྲིན་བུ་རྣམས་ཟ་བར་བྱེད་པ། རིམས་ནད་དང་གཉན་ཚད་གཞན་བསླངས་པར་བྱེད་པ་སོགས་ཡིན།

(AIDS)ཨེ་ཙི་འགོས་ནད་སློང་མཁན་(HIV)ནུས་འཇོམས་དུག་སྲིན་དེ་མི་གཞན་ལ་ག་འདྲ་བྱས་ནས་འགོས་ཀྱི་ཡོད་དམ།

(AIDS)ཨེ་ཙི་འགོས་ནད་སློང་མཁན་(HIV)ནུས་འཇོམས་དུག་སྲིན་དེ་མི་གཞན་ལ་འགོས་པར་བརྒྱུད་ལམ་གཙོ་བོ་གསུམ་ཡོད།

  1. (HIV)ནུས་འཇོམས་དུག་སྲིན་ཕོག་ཡོད་པའི་མི་དང་ལུས་འབྲེལ་བྱས་པ་དང་གཅིག
  2. (HIV)ནུས་འཇོམས་དུག་སྲིན་ཕོག་ཡོད་པའི་ཁྲག་མི་གཞན་གྱི་ལུས་ལ་སོང་བ་དང་གཉིས།
  3. (HIV)ནུས་འཇོམས་དུག་སྲིན་དེ་ཕོག་ཡོད་པའི་མའི་འོ་མ་ཕྲུ་གུར་བླུད་པ་དང་གསུམ་བརྒྱུད་ནས་མི་གཞན་ལ་འགོས་ཁྱབ་འགྲོ་གི་ཡོད།

སྨད་འཚོང་མ་དང་སྨད་འཚོང་མ་གླ་མཁན། ངེས་མེད་ཀྱི་དགའ་རོགས་འཚོལ་མཁན། ཁྲག་འཐེན་འཇུག་བྱེད་མཁན། དུག་ནག་གི་ཁབ་བེད་སྤྱོད་བྱེད་མཁན། ལུས་འཁྲུད་དང་འཕུར་མཉེན་ཁང་སོགས་ནི་ནད་ངན་འདི་འགོས་སའི་ཉེན་ཁ་ཆེ་ཤོས་ཡིན།

དང་པོ་བདེ་འཇགས་མིན་པའི་ལུས་འབྲེལ་བརྒྱུད་(AIDS)ཨེ་ཙི་འགོས་ནད་སློང་མཁན(HIV)ནུས་འཇོམས་དུག་སྲིན་དེ་སྤྱི་ཚོགས་ནང་ལ་འགོས་ཁྱབ་འགྲོ་བ།

འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བའི་ནང་ (HIV)ནུས་འཇོམས་དུག་སྲིན་འགོས་ཁྱབ་འགྲོ་ལམ་གཙོ་བོ་ནི། (HIV)ནུས་འཇོམས་དུག་སྲིན་དེ་ཕོག་ཡོད་པའི་མི་དང་ཉེན་སྲུང་མེད་པའི་ལུས་འབྲེལ་བྱས་པས་མི་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྤྱི་ཚོགས་ནང་ལ་འགོས་ཁྱབ་འགྲོ་གི་ཡོད།

ཉེན་སྲུང་མེད་པའི་ལུས་འབྲེལ་ཞེས་པ་ནི་སྲུང་ཤུབས་སམ་སྦྲུམ་འགོག་འགྱིག་ཐུམ་བེད་སྤྱོད་མ་བྱས་པར་མི་གཞན་དང་ལུས་འབྲེལ་བྱས་པ་ལ་ཟེར།

གལ་སྲིད་མི་འདྲ་མིན་དང་མཉམ་དུ་སྲུང་ཤུབས་སམ་སྦྲུམ་འགོག་འགྱིག་ཐུམ་བེད་སྤྱོད་མ་བྱས་པ ར་ཉེན་སྲུང་མེད་པའི་ལུས་འབྲེལ་བྱས་པ་ཡིན་ན། (AIDS) ཨེ་ཙི་འགོས་ནད་སློང་མཁན་ (HIV)ནུས་འཇོམས་དུག་སྲིན་དེ་སྤྱི་ཚོགས་ནང་ལ་འགོས་ཁྱབ་ཤུགས་ཆེར་འགྲོ་རྒྱུའི་ཉེན་ཁ་ཆེ་རུ་གཏོང་གི་ཡོད།

མི་འདྲ་མིན་དང་མཉམ་དུ་ཉེན་སྲུང་མེད་པའི་ལུས་འབྲེལ་བྱེད་མཁན་ཞིག་དང་མཉམ་དུ་ཉེན་སྲུང་མེད་པའི་ལུས་འབྲེལ་བྱེད་པ་དང་། རང་ཡང་སྲུང་ཤུབས་སམ་སྦྲུམ་འགོག་འགྱིག་ཐུམ་བེད་སྤྱོད་བྱེད་རྒྱུ་ལ་དགའ་བོ་མེད་མཁན་ཞིག་ཡིན་ན། ཉིན་ཞིག་(AIDS)ཨེ་ཙི་འགོས་ནད་འགོས་རྒྱུ་ཉག་གཅིག་ཡིན་པ་མ་ཚད། གཞན་མཚན་མའི་འགོས་ནད་མང་པོ་ཞིག་ཀྱང་འགོས་དང་འགོས་བཞིན་པ་རེད།
སྲུང་ཤུབས་སམ་སྦྲུམ་འགོག་འགྱིག་ཐུམ་བེད་སྤྱོད་བྱས་ནས་ལུས་འབྲེལ་བྱས་པ་དེར་བདེ་འཇགས་ཀྱི་ལུས་འབྲེལ་ལམ། ཉེན་ཁ་མེད་པའི་ལུས་འབྲེལ་ཞེས་ཟེར།

ལུས་འབྲེལ་ག་དུས་བྱས་ཀྱང་སྲུང་ཤུབས་སམ་སྦྲུམ་འགོག་འགྱིག་ཐུམ་བེད་སྤྱོད་བྱས་ན། ལུས་འབྲེལ་བརྒྱུད་(AIDS)ཨེ་ཙི་འགོས་ནད་སློང་མཁན(HIV)ནུས་འཇོམས་དུག་སྲིན་དེ་རང་ལ་འགོས་པའི་ཉེན་ཁ་ཆུང་བ་དང་། སྤྱི་ཚོགས་ནང་མི་གཞན་ལ་འགོས་ཁྱབ་མི་འགྲོ་བའི་ཕན་ཐོག་ཆེན་པོ་ཡོད་པ་མ་ཚད་མཚན་མའི་འགོས་ནད་མང་པོ་ཞིག་སྔོན་འགོག་བྱེད་ཐུབ་ཀྱི་ཡོད།

照片2 -24 图片o
སྲུང་ཤུབས་སམ་སྦྲུམ་འགོག་འགྱིག་ཐུམ་བེད་སྤྱོད་བྱས་ནས་བདེ་འཇགས་ཡོང་བ་བྱེད་རྒྱུ་ནི། རང་རང་སོ་སོའི་རང་འགན་ཞིག་ཡིན་པ་དང་རང་སྲོག་རང་གིས་སྲུང་བ་ཞིག་ཡིན་པར་ཤེས་དགོས།

ལུས་འབྲེལ་བྱེད་སྐབས་སྲུང་ཤུབས་སམ་སྦྲུམ་འགོག་འགྱིག་ཐུམ་བེད་སྤྱོད་བྱས། འོན་ཀྱང་ལུས་འབྲེལ་མ་བྱས་པའི་སྔོན་ལ། བུད་མེད་དེས་སྐྱེས་པའི་མཚན་མ་ཁ་ཡིས་འཇིབ་པ་དང་ནུ་བ་སོགས་བྱས་ན། གལ་སྲིད་སྐྱེས་པ་དེ་ལ་ (HIV)ནུས་འཇོམས་དུག་སྲིན་ཕོག་ཡོད་པ་ཞིག་ཡིན་ན། བུད་མེད་དེ་ལ་ནད་ངན་དེ་ཕོག་པར་བརྒྱ་ཆ་བརྒྱད་ཅུ་ནས་དགུ་བཅུ་གོ་ལྔ་ 80%-95% བར་ཡིན། དེས་ན་བུད་མེད་རྣམས་ཀྱིས་སྐྱེས་པའི་མཚན་མ་ཁ་ཡིས་འཇིབ་ཅིང་ནུ་བ་སོགས་བྱེད་སྐབས་མཚན་མ་ལ་སྲུང་ཤུབས་སམ་སྦྲུམ་འགོག་འགྱིག་ཐུམ་ཡིན་གཅིག་མིན་གཉིས་སྐོན་དགོས།

དེ་བཞིན་ལུས་འབྲེལ་བྱེད་སྐབས་སྲུང་ཤུབས་སམ་སྦྲུམ་འགོག་འགྱིག་ཐུམ་བེད་སྤྱོད་བྱས། འོན་ཀྱང་ལུས་འབྲེལ་མ་བྱས་པའི་སྔོན་ལ། སྐྱེས་པས་བུད་མེད་ཀྱི་མཚན་མ་འཇིབ་ལྡག་སོགས་བྱས་ན། གལ་སྲིད་བུད་མེད་དེ་ལ་(HIV)ནུས་འཇོམས་དུག་སྲིན་ཕོག་ཡོད་པ་ཞིག་ཡིན་ན། སྐྱེས་པ་དེ་ལ་ནད་ངན་དེ་ཕོག་པར་བརྒྱ་ཆ་བརྒྱད་ཅུ་ནས་དགུ་བཅུ་གོ་ལྔ་ 80%-95% བར་ཡིན། དེ་བཞིན་བུད་མེད་ཀྱི་འོ་མ་ལས་ནད་ངན་དེ་འགོས་ཀྱི་ཡོད་པས། སྐྱེས་པ་རྣམས་ཀྱིས་བུད་མེད་ཀྱི་ནུ་མ་སོགས་ནུ་དགོས་ན་འོ་མ་ཁ་ནང་ལ་མི་འགྲོ་བར་བྱེད་དགོས།
གང་ཡིན་ཟེར་ན་(HIV)ནུས་འཇོམས་དུག་སྲིན་མང་ཤོས་གནས་ས་ནི། ཁྲག་དང་ཐིག་ལེ། བུད་མེད་ཀྱི་འོ་མ། མོ་མཚན་གྱི་ཟགས་ཆུ་དང་ཕོ་མཚན་གྱི་གཤེར་ཁུ་སོགས་ལ་ཡིན།

གཞན་ཡང་ལུས་འབྲེལ་བྱེད་སྐབས་ལ་ཕོ་མོ་གཉིས་ཀྱིས་ཁྲུས་དང་གཙང་སྦྲ་ཡག་པོ་བྱེད་རྒྱུ་གལ་ཆེ། ཁྲུས་དང་གཙང་སྦྲ་ཡག་པོར་བྱས་ན་མཚན་མའི་འགོས་ནད་མང་པོ་ཞིག་མི་འགོས་པར་ཕན་ཐོག་ཆེན་པོ་ཡོད། དེ་བཞིན་ལུས་འབྲེལ་བྱས་རྗེས་སོ་སྨན་གྱིས་མཚན་མ་བཀྲུས་ན་འགོས་ནད་སྲིན་བུ་མང་པོ་ཞིག་རང་ལ་མི་ཕོག་པའི་ཕན་ཐོག་ཡོད་ཟེར།

སྤྱིར་འཛམ་གླིང་འདིར་བུད་མེད་ཀྱི་རིགས་ལ་(HIV)ནུས་འཇོམས་དུག་སྲིན་གྱི་ནད་འགོས་སླ་བ་དང་བུད་མེད་ལ་འགོས་པའི་གྲངས་འབོར་ཀྱང་མང་།
(HIV)ནུས་འཇོམས་དུག་སྲིན་འདི་ནམ་རྒྱུན་ཕོ་མོའི་འཁྲིག་སྦྱོར་ལ་བརྟེན་ནས་མོ་ལ་འགོས་སླ་བ་དང་།
དེ་བཞིན་ཕོ་དང་ཕོ། མོ་དང་མོ་ལྟ་བུ་མཚན་མཐུན་འཁྲིག་སྦྱོར་ལ་བརྟེན་ནས་ཕོ་ཡིས་ཕོ་ལ་འགོས་སླ་བ་ཡིན། ཕོ་དང་མོའི་གཞང་ངམ་རྐུབ་ལ་སྤྱོད་པ་དེས་གཞང་ངོས་ཀྱི་པགས་པ་སྲབ་མོར་རྨ་བཏོད་སླ་བས་རྨ་ལས་ཐོན་པའི་ཁྲག་བརྒྱུད་དེ་ཕོ་ལ་འགོས་སླ་བ་ཡིན།



照片5-6-7
གཉིས་པ་ཁྲག་བརྒྱུད་ནས་(AIDS)ཨེ་ཙི་འགོས་ནད་སློང་མཁན་(HIV)་ནུས་འཇོམས་དུག་སྲིན་དེ་སྤྱི་ཚོགས་ནང་ལ་འགོས་ཁྱབ་འགྲོ་བ།

(HIV)ནུས་འཇོམས་དུག་སྲིན་ཡོད་པའི་ཁྲག་ཞིག་མི་གཞན་ཞིག་ལ་རྒྱབ་པ་ཡིན་ན། (HIV) ཞེས་པའི་ནུས་འཇོམས་དུག་སྲིན་མི་གཞན་དེ་ལ་འགོས་ཀྱི་ཡོད།

དེས་ན་རང་གིས་ཁྲག་གཙོང་བ་དང་མི་གཞན་ལ་ཁྲག་སྦྱིན་བྱེད་སྐབས། ཐོག་མར་རང་ལ་ནད་ངན་དེ་རིགས་ཡོད་མེད་རྟགས་དཔྱད་བྱེད་དགོས་པ་དང་། གཞན་ལས་ཁྲག་ཉོ་སྐབས་སོགས་ལའང་། ཁྲག་དེའི་ནང་ལ་ནད་ངན་དེ་རིགས་ཡོད་མེད་རྟགས་དཔྱད་ལེགས་པར་བྱེད་དགོས། རྟགས་དཔྱད་ལེགས་པར་མ་བྱས་པར་ཁྲག་སྦྱིན་སོགས་བྱས་ན། སྤྱི་ཚོགས་ནང་ལ་ཕན་པ་ལས་གནོད་པ་ཆེ་བ་བྱེད་ཀྱི་ཡོད།

(HIV)ནུས་འཇོམས་དུག་སྲིན་ཕོག་ཡོད་པའི་མི་ཞིག་གི་ཁ་ནང་ལ་རྨ་སོགས་ཡོད་པ་ཡིན་ན། མི་གཞན་ལ་འོ་བྱེད་མི་ཉན་པ་དང་། སོ་ཕྱིས་སོགས་མི་གཞན་དང་མཉམ་དུ་བེད་སྤྱོད་བྱེད་མི་ཉན། གལ་སྲིད་འོ་བྱས་པ་དང་སོ་ཕྱིས་མཉམ་དུ་བེད་སྤྱོད་བྱས་པ་ཡིན་ན་ཁ་ནང་གི་རྨ་ལས་ཐོན་པའི་ཁྲག་བརྒྱུད་ནས་ནད་ངན་དེ་མི་གཞན་ལ་འགོས་ཁྱབ་འགྲོ་གི་ཡོད།

(HIV)ནུས་འཇོམས་དུག་སྲིན་ཕོག་ཡོད་མཁན་ཞིག་ཡིན་ཕྱིན་ཆད་མི་དེའི་ཁྲག་རྨ་ཁ་སོགས་བརྒྱུད་ནས་མི་གཞན་གྱི་ལུས་ལ་གཏན་ནས་འགྲོ་མི་ཉན། གལ་སྲིད་སོང་ན་ནད་ངན་དེ་འགོས་པར་ཐེ་ཚོམ་མེད།

གཞན་ཡང་རང་རེ་བོད་ཀྱི་ས་ཆ་འགའ་རེར་མི་ཞིག་ལ་ཚེར་མ་ཟུག་པ་དེ་མི་གཞན་ཞིག་གིས་རོགས་བྱས་ནས་ལེན་སྐབས་ཁྲག་ཐོན་པ་ཁ་ཡིས་འཇིབ་པའི་ལུགས་སྲོལ་སོགས་ཡོད། ཚེར་མ་ཟུག་སའི་མི་དེ་ལ་(HIV)ནུས་འཇོམས་དུག་སྲིན་ཕོག་ཡོད་ན་མི་གཞན་དེ་ལ་འགོས་ཀྱི་ཡོད་པས། མི་གཞན་གྱི་ཁྲག་གང་བྱུང་དུ་རང་གི་ཁ་ནང་མི་འགྲོ་བར་བྱེད་རྒྱུ་གལ་ཆེན་པོ་ཡིན།

གལ་སྲིད་སྨན་པས་(HIV)ནུས་འཇོམས་དུག་སྲིན་འགོས་ཡོད་པའི་སྨན་བཅོས་ཡོ་ཆས་གཙང་སྦྲ་དང་དུག་སེལ་ཡག་པོ་མ་བྱས་པར་བེད་སྤྱོད་བྱས་པ་ཡིན་ན། (HIV)ནུས་འཇོམས་དུག་སྲིན་དེ་སྤྱི་ཚོགས་ནང་ལ་འགོས་ཁྱབ་འགྲོ་གི་ཡོད།

སྤྱིར་དུག་སེལ་དང་གཙང་མར་བྱེད་ཐུབ་དཀའ་བའི་འགོས་ནད་མང་པོ་ཞིག སྨན་བཅོས་ཡོ་ཆས་བརྒྱུད་མི་གཞན་ལ་འགོས་ཁྱབ་འགྲོ་ངེས་ཡིན་པས། སྨན་ཁབ་དང་དངུལ་ཁབ་སོགས་ལན་གཅིག་མ་གཏོགས་བེད་སྤྱོད་བྱེད་མི་ཉན། གཞན་ཡང་རྣ་བ་འབིགས་པ་སོགས་ལུས་ལ་རྨ་དང་ཁྲག་ཕྱུང་བ་ལས་ཀྱང་(HIV)ནུས་འཇོམས་དུག་སྲིན་དེ་འགོས་ཁྱབ་འགྲོ་བའི་ཉེན་ཁ་ཆེ་བས་གཟབ་དགོས།

ཉལ་ཐ་འཐེན་པ་དང་ཉལ་ཐ་རྩ་ལ་རྒྱག་རྒྱུར་ལོབས་མཁན་རྣམས་ཀྱིས་ཉལ་ཐ་རྒྱག་བྱེད་ཀྱི་ཁབ་ཆས་མི་གཞན་དང་མཉམ་དུ་བེད་སྤྱོད་བྱས་པ་ཡིན་ན། (HIV)ནུས་འཇོམས་དུག་སྲིན་དེ་ཉལ་ཐ་རྒྱག་བྱེད་ཀྱི་ཁབ་ཆས་སམ་ཁབ་རྩེ་བརྒྱུད་ནས་གཞན་ལ་འགོས་ཁྱབ་འགྲོ་གི་ཡོད། འཛམ་གླིང་གི་སྤྱི་ཚོགས་འདིར་ནད་ངན་འདི་འགོས་ཁྱབ་བྱུང་དོན་གཙོ་བོ་གཅིག་ནི། ཉལ་ཐ་རྒྱག་མཁན་གྱིས་ཉལ་ཐ་རྒྱག་བྱེད་ཀྱི་ཁབ་ཆས་སོགས་མི་གཞན་དང་མཉམ་དུ་བེད་སྤྱོད་བྱས་པ་ལས་བྱུང་བ་ཡིན།

照片8-9-10-22 图片m-
གསུམ་པ་ཨ་མའི་འོ་མ་བརྒྱུད་ནས་(AIDS)ཨེ་ཙི་འགོས་ནད་སློང་མཁན་(HIV)ནུས་འཇོམས་དུག་སྲིན་ཕྲུ་གུར་འགོས་པ།

(HIV)ནུས་འཇོམས་དུག་སྲིན་ཕོག་ཡོད་པའི་ཨ་མ་ནས་རང་གི་ཕྲུ་གུ་ལ་འགོས་པའི་བརྒྱུད་ལམ་གསུམ་ཡོད།

  1. ཕྲུ་གུ་ཁོག་པའི་ནང་ཡོད་སྐབས།
  2. ཕྲུ་གུ་སྐྱེ་དུས།
  3. ཕྲུ་གུར་ཨ་མའི་འོ་མ་སྟེར་བ་བརྒྱུད་བཅས་ཡིན།
ཨ་མ་དེ་ལ་ (HIV)ནུས་འཇོམས་དུག་སྲིན་ནད་ཡོད་ན་མངལ་ནས་ཐད་ཀར་འགོས་བ་དང༌། བཙས་རྗེས་མའི་ནུ་འོ་སྣུན་པ་ལ་བསྟེན་ནས་འགོས་ཀྱི་ཡོད། གཞན་ཡང་(HIV)ནུས་འཇོམས་དུག་སྲིན་ཕོག་ཡོད་པའི་མ་ཚབ་དང་བུད་མེད་གཞན་གྱི་འོ་མ་བྱིས་པ་ལ་སྟེར་ན་འགོས་ཀྱི་ཡོད།

照片11-12-13-14


གཤམ་གསལ་རྣམས་ལས་(AIDS)ཨེ་ཙི་འགོས་ནད་སློང་མཁན (HIV)ནུས་འཇོམས་དུག་སྲིན་དེ་མི་གཞན་ལ་འགོས་མི་ཐུབ།

  1. (HIV)ནུས་འཇོམས་དུག་སྲིན་ཕོག་ཡོད་པའི་ནད་པ་དེ་དག་དང་ནམ་རྒྱུན་སྤྱི་ཚོགས་ཀྱི་འབྲེལ་བས་མི་གཞན་ལ་ནད་ངན་དེ་འགོས་ཀྱི་མེད་པས་ནད་པ་དང་ནམ་རྒྱུན་སྤྱི་ཚོགས་འབྲེལ་བ་མ་ཆད་པར་བྱེད་དགོས།
  2. (HIV)ནུས་འཇོམས་དུག་སྲིན་འགོས་ཡོད་པའི་མིས་ལས་ཀ་བྱེད་ས་དང་ཉེ་འགྲམ་དུ་སྡོད་པ་སོགས་ཀྱིས་མི་གཞན་ལ་ནད་ངན་དེ་འགོས་ཀྱི་མེད་པས་ནད་པ་ལ་ཁ་བརྡ་སོགས་ཡག་པོ་བྱེད་དགོས།
  3. (HIV)ནུས་འཇོམས་དུག་སྲིན་འགོས་ཡོད་པའི་མི་དང་མཉམ་དུ་རྩེད་མོ་བརྩེ་བ་སོགས་ཀྱིས་མི་གཞན་ལ་ནད་ངན་དེ་འགོས་ཀྱི་མེད་པས་ནད་པ་ལ་སྤྲོ་སྣང་ཡོང་བའི་རྩེད་མོ་སོགས་བརྩེ་རོགས་བྱེད་དགོས།
  4. (HIV)ནུས་འཇོམས་དུག་སྲིན་འགོས་ཡོད་པའི་མི་དང་མཉམ་དུ་སློབ་སྦྱོང་བྱས་པས་མི་གཞན་ལ་ནད་ངན་དེ་འགོས་ཀྱི་མེད་པས་ནད་པ་ལ་ནད་གཞན་མི་འགོས་པའི་ཐབས་ཤེས་སོགས་སློབ་སྟོན་བྱེད་དགོས།
  5. (HIV)ནུས་འཇོམས་དུག་སྲིན་འགོས་ཡོད་པའི་མི་དང་མཉམ་དུ་ཟ་མ་ཟ་བ་སོགས་ཀྱིས་མི་གཞན་ལ་ནད་ངན་དེ་འགོས་ཀྱི་མེད་པས་ནད་པའི་གཟུགས་སྟོབས་མི་ཉམས་པའི་ཐབས་ཤེས་དང་གཟུགས་སྟོབས་གསོ་བའི་བཅུད་ལྡན་ཟས་རིགས་སོགས་སྤྲོད་རོགས་བྱེད་དགོས།
  6. (HIV)ནུས་འཇོམས་དུག་སྲིན་འགོས་ཡོད་པའི་མི་དང་ལྟོ་སྣོད་སོགས་མཉམ་དུ་བེད་སྤྱོད་བྱས་པ་ཙམ་གྱིས་མི་གཞན་ལ་ནད་ངན་དེ་འགོས་ཀྱི་མེད་ཀྱང་། ལྟོ་སྣོད་བརྒྱུད་འགོས་ནད་གཞན་འགོས་སྲིད་པས་(HIV)ནུས་འཇོམས་དུག་སྲིན་ཕོག་ཡོད་པའི་ནད་པ་ལ་ལྟོ་སྣོད་གཙང་སྦྲ་བྱེད་རོགས་དང་ལྟོ་སྣོད་གཙང་སྦྲ་བྱེད་ལུགས་བསླབ་དགོས།
  7. (HIV)ནུས་འཇོམས་དུག་སྲིན་གྱི་ནད་ཕོག་ཡོད་པའི་ནད་པ་དེའི་ནད་གཡོག་བྱས་པས་མི་གཞན་ལ་ནད་ངན་དེ་འགོས་ཀྱི་མེད་པས་ནད་པ་ལ་བརྩེ་བ་ཆེན་པོས་བྱམས་སྐྱོང་གནང་དགོས།
  8. དུག་སྦྲང་སོགས་སེམས་ཅན་གྱིས་སོ་བརྒྱབ་པ་ལས་མི་གཞན་ལ་(HIV)ནུས་འཇོམས་དུག་སྲིན་གྱི་ནད་ངན་དེ་འགོས་ཀྱི་མེད་ཀྱང་ནད་གཞན་འགོས་ཀྱི་ཡོད་པས་གཟབ་དགོས།
  9. (HIV)ནུས་འཇོམས་དུག་སྲིན་གྱི་ནད་ནི་མཁའ་དབུགས་དང་ཟས་སོགས་ལས་མི་འགོས་ཤིང༌། གཙོ་བོ་མིའི་སྤྱོད་ལམ་འབའ་ཞིག་ལ་རག་ལས་པ་ཡིན་པས་སྤྱི་ཚོགས་སྟེང་གི་ངན་སྤྱོད་དག་སྲུང་ཐུབ་ན། (AIDS)ཨེ་ཙི་འགོས་ནད་སློང་མཁན(HIV)ནུས་འཇོམས་དུག་སྲིན་གྱི་ནད་ཀྱང་འགོག་ཐུབ་པ་ཡིན།
  10. འདོར་ན་ཤིན་ཏུ་ཕྲ་བའི་(AIDS)ཨེ་ཙི་འགོས་ནད་སློང་མཁན(HIV)ནུས་འཇོམས་དུག་སྲིན་འདི་མིའི་ལུས་དྲོད་དང་བྲལ་ནས་རང་སྟོབས་ཀྱིས་འཚོ་མི་ཐུབ་པར་མཁའ་དབུགས་ཁྲོད་དུ་སྐར་མ་འགའ་ནས་ཤི་བར་འགྱུར་བས། (HIV)ནུས་འཇོམས་དུག་སྲིན་འགོས་ཡོད་པའི་མི་དང་སྤྱིར་བཏང་གི་འབྲེལ་འདྲིས་ལས་ནད་ངན་དེ་མི་གཞན་ལ་འགོས་ཀྱི་མེད། དཔེར་ན། འོ་ཆུང་བྱེད་པ། ལག་འཇུ་བཏང་བ། ཟ་མ་མཉམ་དུ་ཟ་བ། ལས་ཀའི་ཡོ་ཆས་མཉམ་དུ་བེད་སྤྱོད་བྱེད་པ། སྤྱོད་ཁང་གཅིག་ལ་སྤྱོད་པ། ཁྲུས་རྫིང་གཅིག་ལ་རོལ་བ། ཁ་པར་གཅིག་ལ་སྤྱོད་པ། སྦྲིད་པ་རྒྱག་པ་སོགས་ལས་མི་འགོས།
ཡང་བསྐྱར་ཞུ་རྒྱུ། (AIDS)ཨེ་ཙི་འགོས་ནད་སློང་མཁན(HIV)ནུས་འཇོམས་དུག་སྲིན་ཕོག་ཡོད་པའི་ནད་པ་དེ་དག་ལ་མཐོང་ཆུང་དང་དམའ་འབེབས་གཏན་ནས་བྱེད་མི་རུང་།

图片a-d-e-g-
གཤམ་གསལ་གྱི་འགོས་ལམ་ཁོ་ན་བརྒྱུད་(AIDS)ཨེ་ཙི་འགོས་ནད་སློང་མཁན(HIV)ནུས་འཇོམས་དུག་སྲིན་དེ་མི་གཞན་ལ་འགོས་ཁྱབ་འགྲོ་གི་ཡོད།

  1. (HIV)ནུས་འཇོམས་དུག་སྲིན་ནད་ངན་ཕོག་པའི་མི་དང་ལུས་འབྲེལ་བྱས་པ་བརྒྱུད་མི་གཞན་ལ་ནད་ངན་དེ་འགོས་ཀྱི་ཡོད།
  2. (HIV)ནུས་འཇོམས་དུག་སྲིན་ནད་ངན་ཕོག་ཡོད་པའི་སྐྱེས་པའི་མཚན་མར་སྲུང་ཤུབས་མ་སྐོན་པར་ཁ་ཡིས་འཇིབ་པ་དང་ནུ་བ་སོགས་བརྒྱུད་མི་གཞན་ལ་ནད་ངན་དེ་འགོས་ཀྱི་ཡོད།
  3. (HIV)ནུས་འཇོམས་དུག་སྲིན་ནད་ངན་ཕོག་ཡོད་པའི་བུད་མེད་ཀྱི་མོ་མཚན་གྱི་ཟག་ཆུ་དང་འོ ་མ་བརྒྱུད་མི་གཞན་ལ་ནད་ངན་དེ་འགོས་ཀྱི་ཡོད།
  4. (HIV)ནུས་འཇོམས་དུག་སྲིན་ནད་འདི་ཕོ་མོའི་འཁྲིག་སྦྱོར་ལ་བརྟེན་ནས་མོ་ལ་འགོས་སླ་བ་དང་། མཚན་མཐུན་འཁྲིག་སྦྱོར་ལ་བརྟེན་ནས་ཕོ་ལ་འགོས་སླ་བ་དང་། གཞང་ངམ་རྐུབ་ལ་སྤྱོད་པ་དེས་གཞང་ངོས་ཀྱི་པགས་པ་སྲབ་མོར་རྨ་བཏོད་སླ་བས་རྨ་ལས་ཐོན་པའི་ཁྲག་བརྒྱུད་དེ་ཕོ་ལ་འགོས་སླ་བ་ཡིན།
  5. (HIV)ནུས་འཇོམས་དུག་སྲིན་ནད་འདི་ཕོག་ཡོད་མཁན་རྣམས་ལས་བརྒྱ་ཆ་ ༤༡ གཞོན་སྐྱེས་དང་། དེ་ལས་ཀྱང་བརྒྱ་ཆ་ ༦༠ ལྷག་བུད་མེད་གཞོན་སྐྱེས་ཀྱི་རིགས་ཡིན་པ་རེད། ནད་ངན་འདི་འགོས་ལམ་གཙོ་བོ་ལུས་འབྲེལ་ཁུ་ཁྲག་བརྒྱུད་ནས་ཡིན་པས་འབྱུང་འགྱུར་བུད་མེད་གཞོན་སྐྱེས་ཚོས་དོགས་ཟོན་ནན་མོ་བྱེད་དགོས།
  6. (HIV)ནུས་འཇོམས་དུག་སྲིན་ནད་ངན་ཕོག་ཡོད་པའི་ཁྲག་སྦྱིན་བྱེད་པ་དང་ཁྲག་རྒྱག་པ་བརྒྱུད་མི་གཞན་ལ་ནད་ངན་དེ་འགོས་ཀྱི་ཡོད། (དཔེར་ན། གྲོང་ཁྱེར་ཏ་དབྱི་སྨན་ཁང་ཨང་གཉིས་པས་ཕྱི་ལོ་༢༠༠༣ལོར་ཨེ་ཙིའགོས་ནད་ཡོད་པའི་ཁྲག་བཙོང་བའི་གནས་ཚུལ་ཤེས་རྟོགས་བྱུང་བ་དང། སྨན་ཁང་ནས་ཕྱི་ལོ་༡༩༩༨ལོའི་གོང་དུ་ཟུངས་ཁྲག་ཚོང་མཁན་དང་ནད་པ་ཁྲག་བླུགས་པ་ཚོར་ཞིབ་འཇུག་བྱས་པའི་སྐབས་ཟུངས་ཁྲག་ཚོང་མཁན་མི་༢༠ལ་ཨེ་ཙི་འགོས་ནད་ཡོད་པ་དང། ཁྲག་བླུགས་ཟིན་པའི་ནད་པ་༧༣ལ་ཨེ་ཙི་འགོས་ནད་འགོས་ཁྱབ་ཟིན་པ་ཤེས་རྟོགས་བྱུང་ཡོད་པའི་གནས་ཚུལ་བཤད་རྒྱུ་ཡོད་པ་རེད།)


  1. (HIV)ནུས་འཇོམས་དུག་སྲིན་ནད་ངན་ཕོག་ཡོད་པའི་མིའི་རྨ་ལས་ཐོན་པའི་ཁྲག་དང་ཆུ་སེར་བརྒྱུད་མི་གཞན་ལ་ནད་ངན་དེ་འགོས་ཀྱི་ཡོད།
  2. (HIV)ནུས་འཇོམས་དུག་སྲིན་ནད་ངན་ཡོད་པའི་ཉལ་ཐ་རྒྱག་བྱེད་ཀྱི་ཁབ་ཆས་བརྒྱུད་མི་གཞན་ལ་ནད་ངན་དེ་འགོས་ཀྱི་ཡོད།
  3. (HIV)ནུས་འཇོམས་དུག་སྲིན་ནད་ངན་ཡོད་པའི་དུག་སེལ་མ་བྱས་པའི་ཁབ་དང་བཤག་བཅོས་ཡོ་ཆས་སོགས་བརྒྱུད་མི་གཞན་ལ་ནད་ངན་དེ་འགོས་ཀྱི་ཡོད།
  4. (HIV)ནུས་འཇོམས་དུག་སྲིན་ཕོག་ཡོད་པའི་ཨ་མ་ནས་ཕྲུ་གུ་ལ་ནད་ངན་དེ་འགོས་ཀྱི་ཡོད།
  5. སྤྱིར་བཏང་དུ་འོ་བྱེད་པ་ཙམ་གྱིས་(HIV)ནུས་འཇོམས་དུག་སྲིན་ནད་འདི་མི་གཞན་ལ་འགོས་མི་ཐུབ་ཀྱང་ནད་པ་དེའི་ཁ་ནང་དུ་རྨ་ཡོད་ན་དེའི་ཁྲག་བརྒྱུད་དེ་མི་གཞན་ལ་འགོས་ཀྱི་ཡོད།
  6. གཞན་(HIV)ནུས་འཇོམས་དུག་སྲིན་ཕོག་ཡོད་པའི་ཁ་སྤུ་བཞར་བྱེད་དང་སོ་བཀྲུ་བྱེད་སོགས་ལ་ནད་ཅན་དེའི་ཁྲག་ཉུང་ཙམ་ཡོད་སྲིད་པ་དང༌། ཡང་དེའི་ལག་ཕྱིས་སོགས་ལའང་ཁུ་ཁྲག་སོགས་ཡོད་ངེས་བས། དེ་དག་གང་བྱུང་དུ་སྤྱོད་མི་རུང༌།
  7. དེ་བཞིན་མགྲོན་ཁང་དང་ཁྲུས་ཁང་སོགས་ཀྱི་སྤྱི་སྤྱོད་ལག་ཕྱིས་སོགས་ལ་འཛེམ་ཐུབ་ན་ལེགས་ཤིང་(AIDS)ཨེ་ཙི་འགོས་ནད་སློང་མཁན་(HIV)ནུས་འཇོམས་དུག་སྲིན་མ་ཡིན་པའི་མཚན་མའི་འགོས་ནད་གཞན་དག་ཀྱང་དེ་དག་ལས་འགོས་པ་ཤས་ཆེ། སྤྱིར་གཞན་གྱི་དངོས་པོ་རང་གིས་མི་སྤྱོད་པ་དང་རང་སྒེར་གྱི་ཉེར་སྤྱོད་དངོས་པོ་རྣམས་མི་གཞན་དང་སྡེབ་ནས་བེད་སྤྱོད་མཉམ་དུ་མ་བྱས་ན་ལེགས།


图片f-h-k-l-m-p-q-r-s
ང་ཚོས་གང་འདྲ་བྱས་ནས་(AIDS)ཨེ་ཙི་འགོས་ནད་སློང་མཁན་(HIV)་ནུས་འཇོམས་དུག་སྲིན་འགོས་ཡོད་པའི་མི་ཞིག་ཡིན་པ་ངོས་འཛིན་བྱེད་ཐུབ་བམ།

(AIDS)ཨེ་ཙི་འགོས་ནད་དང་(HIV)ནུས་འཇོམས་དུག་སྲིན་ཕོག་ཡོད་པའི་མི་རྣམས། མི་གཞན་གྱིས་མཐོང་ཚུལ་ལ་བདེ་ཐང་ཡིན་པའི་རྒྱུན་ལྡན་གྱི་མི་དང་འདྲ་བ་མཐོང་གི་ཡོད། མིའི་ཕྱི་ཚུལ་ལ་བལྟས་པ་ཙམ་གྱིས་ནད་ངན་དེ་ཕོག་ཡོད་མེད་ཤེས་ཐུབ་ཀྱི་མེད།
ཐབས་ལམ་གཅིག་པུ་ཡོད་པ་ནི། དམིགས་གསལ་ཚད་ལྡན་ནད་ངན་འདི་བརྟག་དཔྱད་བྱེད་སའི་སྨན་ཁང་དུ་སོང་ནས། རང་ལ་ནད་ངན་དེ་ཕོག་ཡོད་མེད་ཀྱི་བརྟག་དཔྱད་ལེགས་པར་བྱེད་རྒྱུ་དེ་ཁོ་ན་ཡིན།
དེས་ན་སྨན་ཁང་ཚད་ལྡན་ལ་སོང་ནས་ནད་ངན་དེ་སོ་སོ་ལ་འགོས་ཡོད་མེད་ཁྲག་དང་ལུས་ཀྱི་ཟགས་ཁུ་ལ་བརྟག་དཔྱད་ལེགས་པར་བྱེད་དགོས། གང་བྱུང་ལུས་འབྲེལ་བྱེད་མཁན་རྣམས་ཀྱིས་ལོ་ལྟར་བརྟག་དཔྱད་བྱེད་འོས།

(AIDS)ཨེ་ཙི་འགོས་ནད་སློང་མཁན(HIV)ནུས་འཇོམས་དུག་སྲིན་ཐོག་མར་རང་ལ་འགོས་པའི་ནད་རྟགས་ཅི་འདྲ་ཡོང་གི་ཡོད།
དམིགས་བསལ་(HIV)ནུས་འཇོམས་དུག་སྲིན་འགོས་པའི་རྟགས་དང་ནད་ངོ་ཆོད་པའི་རྟགས་ཁ་བསལ་བོ་དང་གཏན་ཁེལ་ཞིག་མེད་ཀྱང་། སྤྱིར་དེའི་རྟགས་དང་བརྒྱུད་རིམ་ལ་རིགས་བཞིར་དབྱེ་ཆོག་སྟེ།
དང་པོ་ནི། (HIV)ནུས་འཇོམས་དུག་སྲིན་ལུས་ལ་ཞུགས་མ་ཐག་པའི་སྐབས་ཀྱི་རྟགས་ཏེ། (མི་འགའ་ཤས་ལ་)ཚ་བ་རྒྱག་པ། པགས་ནད་འབྱུང་བ། རྨེན་མདུད་སྐྲངས་བ། ཐང་ཆད་པ། རྔུལ་ཆེ་བ། སྐྱུགས་བྲོ་བ། སྐྱུགས་པ། འཁྲུ་བ། མིད་ཚད་རྒྱས་བ་སོགས་འབྱུང་ལ། སྤྱིར་བཏང་རྟགས་འདི་དག་གནས་བའི་ཡུན་ནི་བདུན་ཕྲག་ལྔ་ཡིན། འོན་ཀྱང་ནད་ཕོག་དུས་རྟགས་ཅི་ཡང་མི་འབྱུང་བ་ཡང་ཡོད་སྲིད།
གཉིས་བ་ནི། (HIV)ནུས་འཇོམས་དུག་སྲིན་གབ་པའི་སྐབས་ཏེ་ནད་དུག་གིས་མིའི་ལུས་པོའི་ནད་རིགས་འགོག་སྲུང་གི་ནུས་པ་གཏོར་བརླག་ཆེས་ཆེར་གཏོང་ཞིང་ཉམས་པར་བྱེད་པའི་སྐབས་ཡིན། གབ་ཡུན་ཆ་སྙོམས་ལྟར་ན་ལོ་2-8བར་ཡིན། འདིའི་སྐབས་སུ་ནད་ངོས་འཛིན་དང་ནད་གཞན་གསོ་བཅོས་བྱེད་རྒྱུར་དཀའ་ཁག་ཆེན་པོ་བཟོ་གི་ཡོད་པ་རེད།
གསུམ་པ་ནི། གབ་པའི་རྗེས་ཀྱི་ (HIV)ནུས་འཇོམས་དུག་སྲིན་དེ་(AIDS)ཨེ་ཙི་འགོས་ནད་ལ་སྨིན་པའི་སྐབས་ཏེ། མགོ་སྐེ་དང་མཆན་ཁུང༌། སྣ་ཁུང་། རྣ་བའི་མདུན་རྒྱབ། བརླ་རྐང༌། མན་འོག་གི་རྨེན་མདུད་ཆུང་བ་སོགས་སྐྲངས་པ། ལུས་ཡོངས་མི་བདེ་བ་དང་གཟེར་རྒྱས་པ། ཟས་བཅུད་ལེགས་པར་བསྐྱེད་ཀྱང་ལུས་རིད་པ། ལུས་སྟོབས་ཟད་ཅིང་ཟླ་འགར་གཟེར་ཆུང་རྒྱས་བ། ཟླ་གཅིག་ལ་མཚན་མོ་ཐེངས་ལྔའི་ཡན་གྱི་རྔུལ་ཆུ་བཞུར་བ། མགོ་ན་བ། སེམས་མི་སྐྱིད་པ། ཁ་ཤས་ལ་དྲན་པ་འཆོར་བ་དང༌། བཞི་ཆའི་གསུམ་ཡན་གྱི་ནད་པ་ལ་མཚེར་བ་སྐྲངས་བའི་རྟགས་འབྱུང༌། ད་དུང་གཞང་གི་འཁོར་དང་མཚན་མ། ཁ་ནང་སོགས་ལ་རྨ་འབྱུང་བར་འགྱུར་ལ། བཤང་གཅིན་མང་ཞིང་སླ་ལ་འབྱར་བག་ཅན་ནོ། །
བཞི་བ་ནི། (HIV)ནུས་འཇོམས་དུག་སྲིན་ནད་ངན་དེ་རྒྱས་ཏེ་(AIDS)ཨེ་ཙི་འགོས་ནད་དངོས་སུ་སྨིན་ནས་གཉན་པོ་མེད་པར་གྱུར་བའི་སྐབས་ཏེ། ལུས་ཀྱི་ནད་རིགས་འགོག་སྲུང་གི་ནུས་བ་ཤིན་ཏུ་ཉམས་པར་བརྟེན་འགོས་ནད་སྣ་ཚོགས་དང་། སྐྲན་སྡུག་ཅན་སྣ་ཚོགས་འབྱུང་བ། དཔེར་ན། གློ་བའི་གཉན་ཚད། ཀླད་པའི་རྒྱ་དར་ལ་ཞུགས་པའི་གཉན་ཚད། གློ་བའི་གཅོང་ནད་སོགས་འབྱུང་ཞིང་། འདིས་སྐབས་ལ་ལུས་ཀྱི་ཟུང་དང་སྟོབས་ཤུགས་ཡོངས་སུ་ཟད་དེ་ལོ་ཟླ་ཞག་དུས་མལ་དུ་ལུས་ཏེ་འཆི་བའི་ལམ་ལ་བསྙེགས་པ་ཡིན།
འོན་ཀྱང་གོང་གི་ནད་རྟགས་དེ་དག་ཐོན་པས་(HIV)ནུས་འཇོམས་དུག་སྲིན་གྱི་ནད་ཡིན་པའི་ཁྱབ་པ་ཡང་མེད་པས། ནད་རྟགས་དེ་དག་ཐོན་པ་ཙམ་གྱིས་རང་ཉིད་ལ་(AIDS)ཨེ་ཙི་འགོས་ནད་སློང་མཁན་(HIV)ནུས་འཇོམས་དུག་སྲིན་གྱི་ནད་ངན་དེ་ཕོག་ཡོད་པར་སྙམ་ནས་སེམས་སྡུག་དང་འཇིགས་སྐྲག་བྱེད་མི་རུང་ཞིང༌། གལ་སྲིད་དོགས་པ་ཡོད་ན་ནད་འདི་བརྟག་ཐབས་ལ་ཁྲག་དང་ལུས་ཀྱི་ཟགས་ཁུ་སོགས་བརྟག་དཔྱད་བྱེད་པ་གཙོ་བས། འབྲེལ་ཡོད་ཚད་ལྡན་སྨན་ཁང་དུ་སོང་ནས་ནད་ངན་དེ་ཕོག་ཡོད་མེད་བརྟག་དཔྱད་ལེགས་པར་བྱས་ཏེ་བརྡར་ཤ་གཅོད་པ་གལ་ཆེ་བ་ཡིན།
照片18-19-


ནད་དེ་ཕོག་ཚར་རྗེས་འབྲས་བུ་ག་རེ་ཡོང་གི་ཡོད་དམ།
(HIV)ནུས་འཇོམས་དུག་སྲིན་ཕོག་ཡོད་པའི་མི་རྣམས་ཉུང་མཐར་ཡང་ལོ་ཤས་རིང་རང་ཉིད་ལ་ནད་ངན་དེ་ཡོད་མེད་ཤེས་རྟོགས་ཡོང་གི་མེད་ལ། ལོ་ཤས་རིང་ཕྱི་ཚུལ་ལ་འགྱུར་ལྡོག་མེད་པ་དང་། ཁོང་ཚོ་བདེ་ཐང་འདྲ་བ་ཞིག་ཏུ་མཐོང་བ་མ་ཟད་ནད་ངན་དེ་ཕོག་ཡོད་པའི་ཚོར་སྣང་ཡང་ཡོང་གི་མེད། ཁོང་ཚོས་རྒྱུན་གཏན་བཞིན་འཚོ་བ་སྐྱེལ་གྱི་ཡོད་པ་དང་བདེ་འཇགས་མིན་པའི་ལུས་འབྲེལ་སོགས་ཀྱང་བྱེད་སྲིད། ནད་ངན་དེ་ཕོག་ཡོད་མེད་མ་ཤེས་པའི་རྐྱེན་གྱིས་སྤྱི་ཚོགས་ནང་ལས་སླ་པོའི་ངང་འགོས་ཁྱབ་འགྲོ་གི་ཡོད།

འོན་ཀྱང་(HIV)ནུས་འཇོམས་དུག་སྲིན་གྱིས་ཁོང་ཚོའི་གཟུགས་པོའི་ནང་གི་ནད་འགོག་སྲིན་བུ་རྣམས་རིམ་བཞིན་ཟོས་ནས་མེད་པར་བཏང་སྟེ། ལོ་གསུམ་ནས་ལྔའི་རྗེས་སུ་ཁོང་ཚོའི་རྒྱུན་གཏན་གྱི་གཟུགས་པོའི་ནད་འགོག་ནུས་ཤུགས་མེད་པར་གྱུར་ནས་ (AIDS)ཨེ་ཙི་འགོས་ནད་ན་བ་འགོ་ཚུགས་ཀྱི་ཡོད།

(HIV)ནུས་འཇོམས་དུག་སྲིན་ཕོག་པའི་མི་མང་ཆེ་བ་ལོ་ལྔ་ནས་བརྒྱད་ནང་(AIDS)ཨེ་ཙི་འགོས་ནད་གྱིས་ཟིན་ཏེ་ཤི་གི་ཡོད། འོན་ཀྱང་(AIDS)ཨེ་ཙི་འགོས་ནད་གྱིས་ལམ་སང་འཆི་མི་ཐུབ་པར་ཡུན་རིང་པོ་མལ་དུ་ལུས་ཏེ་ལུས་ཀྱི་ནུས་ཤུགས་ཡོངས་སུ་ཟད་དུ་བཅུག་ནས་ནད་གཞན་དང་སྡེབ་སྟེ་འཆི་རྐྱེན་བྱེད་ཀྱི་ཡོད།

照片15-16-20 图片b-c

(AIDS)ཨེ་ཙི་འགོས་ནད་(HIV)ནུས་འཇོམས་དུག་སྲིན་དེ་འཇིགས་སྣང་དང་ཉེན་ཁ་ཧ་ཅང་ཆེ་བའི་ནད་ངན་ཞིག་རེད་ཟེར་དགོས་དོན་ནི།

word health Organization (who) UNAIDS. www.who.int/hiv/data/en/
རྒྱལ་སྤྱིའི་བདེ་ཐང་ཚོགས་པའི། (AIDS) ཨེ་ཙི་འགོས་ནད་ཞིབ་འཇུག་ཚོགས་པས། ༢༠༡༡ ལོའི་སྙན་ཐོའི་ནང་འཁོད་དོན།
ནད་ངན་འདི་ཤེས་རྟོགས་བྱུང་ནས་ད་ལྟའི་བར་མི་བྱེ་བ་དྲུག་དང་ས་ཡ་དགུ་(69,000,000)ལྷག་ལ་ནད་དེ་འགོས་ཡོད།
འདས་པའི་ལོ་སུམ་ཅུའི་རིང་མི་གྲངས་བྱེ་བ་གསུམ་(30,000,000)ལྷག་གི་ཚེ་སྲོག་འཕྲོག་ཟིན་པ་དང་།
ད་ལྟར་ནད་ངན་འདི་ཕོག་ཞིང་འཚོ་བཞིན་པའི་ནད་པ་བྱེ་བ་གསུམ་དང་ས་ཡ་བཞི་(34.000.000 )ལྷག་ཡོད་པ་དང་།
༢༠༡༡ལོར་ཉུང་ཤོས་ལ་མི་ས་ཡ་གཉིས་དང་འབུམ་ལྔ་2,500,000ལྷག་ལ་ནད་ངན་འདི་གསར་དུ་འགོས་ཡོད་པ་དང་།
དེ་བཞིན་2011ལོར་མི་ས་ཡ་གཅིག་དང་འབུམ་བདུན་1,700,000ལྷག་ནད་ངན་འདིས་ཤི་རྐྱེན་བྱས་འདུག

འདི་ནི་ཁོ་ཚོའི་ཧ་གོ་བའི་ནད་པ་དང་ཤི་བོའི་གྲངས་འབོར་ཙམ་ཡིན་པ་ལས་ནད་ངན་འདི་ཕོག་ཡོད་པའི་ནད་པ་དང་ཤི་བོ་ཡོངས་རྫོགས་ཀྱི་གྲངས་ཀ་མ་རེད།

རང་རིགས་བོད་ཀྱི་ས་ཕྱོགས་རྣམས་སུ་ནད་ངན་འདི་འགོས་ཡོད་པའི་དཔེ་མཚོན་ཙམ་བརྗོད་ན།

༢༠༠༩ ལོར་བོད་རང་སྐྱོངས་ལྗོངས་སུ་མི་བརྒྱ་དང་གསུམ་༡༠༣ ལ་ཨེ་ཙི་འགོས་ནད་ཕོག་ཡོད།2008 ལོར་མཚོ་སྔོན་ཞིང་ཆེན་དུ་མི་བརྒྱ་དང་དྲུག་ཅུ་རེ་བདུན་༡༦༧ ལ་ཨེ་ཙི་འགོས་ནད་ཕོག་ཡོད།
༢༠༠༩ ལོར་ཀན་སུ་ཞིང་ཆེན་དུ་མི་ཉིས་བརྒྱ་བརྒྱད་ཅུ་གྱ་བདུན་༢༨༧ ལ་ཨེ་ཙི་འགོས་ནད་ཕོག་ཡོད།
༢༠༠༩ ལོར་ཡུན་ནན་ཞིང་ཆེན་དུ་མི་བདུན་ཁྲི་ཉིས་སྟོང་དགུ་བརྒྱ་སོ་དགུ་༧༢༩༣༩ ལ་ཨེ་ཙི་འགོས་ནད་ཕོག་ཡོད་པ་དང་། ཡིན་ཡང་2010 ལོར་མི་ཆིག་འབུམ་དྲུག་ཁྲི་ཆིག་སྟོང་བརྒྱད་བརྒྱ་དྲུག་བཅུ་རེ་གསུམ་༡༦༡༨༦༣ ལ་འཕར་འདུག །ལོ་གཅིག་གི་ནང་ལ་མི་བརྒྱད་ཁྲི་བརྒྱད་སྟོང་དགུ་བརྒྱ་ཉེར་བཞི་༨༨༩༢༤ འཕར་ཡོད།
༢༠༠༩ ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་མི་སུམ་ཁྲི་སྟོང་མེད་ཆིག་བརྒྱ་༣༠༡༠༠ ལ་ཨེ་ཙི་འགོས་ནད་ཕོག་ཡོད།


ནད་ངན་འདི་ལ་བཅོས་ཐབས་ཡོད་དམ།

ད་སྔ་རྒྱལ་སྤྱིའི་གསོ་རིག་སྡེ་ཁག་ལ་ནད་ངན་འདི་སྔོན་འགོག་གི་ཐབས་ཤེས་དང་གསོ་བཅོས་ཀྱི་ སྨན་ཅི་ཡང་བརྙེད་མེད། འོན་ཀྱང་སྨན་རིགས་འདྲ་མིན་གྱིས་བཅོས་ཐབས་ཟེར་བ་ཞིག་ཡོད། དེ་ནི་སྨན་རིགས་འདྲ་མིན་ཟོས་ནས་(HIV)ནུས་འཇོམས་དུག་སྲིན་གྱི་ནད་འབུ་གོང་འཕེལ་འགྲོར་མི་བཅུག་པ་དང་ནད་འབུ་གྲངས་ཉུང་དུ་བཏང་ཐུབ་པའི་ནད་འབུ་ལ་ཁ་བཏད་བཅོག་ཐབས་ཤིག་ཡིན། ཡིན་ཡང་ནད་འབུ་རྩ་མེད་དུ་བཏང་མི་ཐུབ། ཐབས་ལམ་འདིས་ནད་པའི་ཚེ་རིང་དུ་བཏང་གི་ཡོད། དཔེར་ན། (དུས་ལྟར་སྨན་བཅོས་བྱས་ནས་སྨན་པའི་ངག་ལྟར་ཉན་མཁན། ད་ལྟའི་ཐེ་ཝན་གྱི་ནད་པ་མང་ཆེ་བ་ལོ་བཅོ་ལྔ་ཡན་ལ་འཚོ་ཐུབ་ཀྱི་ཡོད།) སྨན་རིགས་འདྲ་མིན་ཟེར་བ་དེ་སྨན་གང་བྱུང་དུ་ཟ་བ་ཞིག་མ་ཡིན་པར། རྒྱལ་སྤྱིའི་གསོ་རིག་སྡེ་ཁག་གིས་ནད་ངན་འདི་ལ་ཁ་བཏད་བཅོག་ཐབས་དམིགས་གསལ་སྨན་རིགས་འདྲ་མིན་ཕྱོགས་བསྡུས་བྱས་པའི་སྨན་རྣམས་ལ་ཟེར་བ་ཡིན།

照片25
ངས་གང་འདྲ་བྱས་ནས་(AIDS)ཨེ་ཙི་འགོས་ནད་(HIV)ནུས་འཇོམས་དུག་སྲིན་སྔོན་འགོག་བྱེད་དགོས་སམ།

ང་ཚོས་ངེས་པར་དུ་(HIV)ནུས་འཇོམས་དུག་སྲིན་མི་འགོས་པ་བྱེད་པའི་གོམས་གཤིས་ཁག་ལག་བསྟར་བྱེད་དགོས།

  1. (HIV)ནུས་འཇོམས་དུག་སྲིན་རང་ཉིད་ལ་འགོ་བར། ཉེན་ཁའི་རང་བཞིན་གྱི་གོམས་གཤིས་འདུག་དང་མི་འདུག
  2. སོ་སོའི་བཟའ་ཟླས་མི་གཞན་དང་མཉམ་དུ་ལུས་འབྲེལ་བྱེད་ཀྱི་ཡོད་མེད་ཐོག་བློས་འགེལ་བྱེད་ཐུབ་དང་མི་ཐུབ།
  3. སོ་སོའི་བཟའ་ཟླས་(HIV)ནུས་འཇོམས་དུག་སྲིན་འགོས་ཡོད་པའི་མི་དང་མཉམ་དུ་ལུས་འབྲེལ་བྱས་ཡོད་མེད།
  4. སོ་སོའི་བཟའ་ཟླས་ཉལ་ཐ་འཐེན་མཁན་གྱི་མི་དང་མཉམ་དུ་ཁབ་ཆས་བེད་སྤྱོད་བྱས་ཡོད་མེད།
  5. སོ་སོའི་བཟའ་ཟླ་ལ་མི་གཞན་གྱི་ཁྲག་རྒྱབ་ཡོད་མེད་དང་ཡང་ན་གཙང་མ་མེད་པའི་ཁབ་ཆས་བེད་སྤྱོད་བྱས་ཡོད་མེད་སོགས་དོགས་གཞི་ཅན་གྱི་རིགས་རྣམས་ལ་སྔོན་འགོག་ཡག་པོ་བྱེད་དགོས།
  6. ཕོ་མོའི་ལུས་འབྲེལ་བྱེད་ས་ཉུང་དུ་གཏོང་དགོས། ལུས་འབྲེལ་བྱེད་ཡུལ་གཅིག་ལས་མེད་པ་དེ་ནི་ཉེན་ཁ་ཆུང་ཤོས་ཡིན། མ་ཟད་རང་གི་བཟའ་ཟླ་ལ་ཡང་སོ་སོ་མ་གཏོགས་གཞན་མེད་པར་བྱེད་དགོས།
  7. གལ་སྲིད་རང་ཉིད་ལུས་འབྲེལ་བྱེད་རྒྱུར་དགའ་བའི་མི་ཚོའི་ཁོངས་གཏོགས་ཞིག་ཡིན་ཚེ། ངེས་པར་དུ་སོ་སོའི་ལུས་འབྲེལ་གྱི་བྱ་སྤྱོད་བདེ་འཇགས་ཡིན་མིན་ལ་གཟབ་ནན་བྱེད་དགོས། གལ་སྲིད་མུ་མཐུད་ནས་ཕོ་མོའི་ལུས་འབྲེལ་བྱེད་ས་མང་པོ་ཡོད་དགོས་ན། ཁོང་ཚོ་ལ་(HIV)ནུས་འཇོམས་དུག་སྲིན་དེ་ཕོག་ཡོད་པར་བརྩིས་ནས་ག་དུས་ཡིན་རུང་སྲུང་ཤུབས་སམ་སྦྲུམ་འགོག་འགྱིག་ཐུམ་བེད་སྤྱོད་བྱས་ནས་བདེ་འཇགས་ཀྱི་ལུས་འབྲེལ་བྱེད་དགོས། དུས་རྟག་ཏུ་སྲུང་ཤུབས་སམ་སྦྲུམ་འགོག་འགྱིག་ཐུམ་བེད་སྤྱོད་བྱེད་དགོས།
  8. མིའི་ཕྱི་ཚུལ་ལ་བལྟས་པ་ཙམ་གྱིས་(HIV)ནུས་འཇོམས་དུག་སྲིན་དེ་ཕོག་ཡོད་མེད་ཤེས་མི་ཐུབ་པའི་རྐྱེན་གྱིས་རང་གིས་ལུས་འབྲེལ་བྱེད་ས་ལ་ནད་ཕོག་མེད་ཤག་དང་མེད་པར་ཤོག་སྙམ་པ་ནི་ཉེན་ཁ་ཆེན་པོ་རེད།
ཁོང་ལ་(HIV)ནུས་འཇོམས་དུག་སྲིན་འགོས་མེད་པར་ཤོག
ཁོང་ལ་(HIV)ནུས་འཇོམས་དུག་སྲིན་འགོས་མེད་པར་ཤོག
ཞེས་སྲུང་ཤུབས་སམ་སྦྲུམ་འགོག་འགྱིག་ཐུམ་བེད་སྤྱོད་མི་བྱེད་པར་ཁོང་ལ་(HIV)ནུས་འཇོམས་དུག་སྲིན་ཕོག་མེད་པའི་རེ་བ་དང་སྨོན་ལམ་ཙམ་མི་བྱེད་པར་སྲུང་ཤུབས་སམ་སྦྲུམ་འགོག་འགྱིག་ཐུམ་བེད་སྤྱོད་བྱེད་དགོས།
མདོར་ན་རང་གི་བཟའ་ཟླ་ལས་གཞན་ལ་ལུས་འབྲེལ་མི་བྱེད་ཅིང་། ཁྱད་པར་དུ་གཞང་ཁང་ནང་དུ་མི་འགྲོ་བ་དང་སྨད་འཚོང་མ་ལ་ལུས་འབྲེལ་གཙང་གཅོད་བྱེད་དགོས། ངེས་མེད་ལ་ལུས་འབྲེལ་བྱས་ན་ངེས་པར་དུ་སྦྲུམ་འགོག་འགྱིག་ཐུམ་བེད་སྤྱོད་བྱེད་དགོས།

图片i-v-x
ཉལ་ཐ་འཐེན་རྒྱུ་མེད།

  1. གལ་སྲིད་རང་ཉིད་ཁབ་ཆས་བེད་སྤྱོད་བྱས་སྟེ་ཉལ་ཐ་འཐེན་པ་དང་ཉལ་ཐ་རྩ་ལ་རྒྱག་རྒྱུར་ལོབས་པ་ཅན་ཞིག་ཡིན་ན། ཁབ་ཆས་ཀྱི་ཡོ་ཆས་མི་གཞན་དང་མཉམ་དུ་བེད་སྤྱོད་བྱེད་རྒྱུ་མེད། གཞན་ཁབ་ཆས་དང་ཁབ་རྩེ་དུག་སེལ་ཡག་པོ་མ་བྱས་བར། བསྐྱར་དུ་རྩ་བ་ནས་ཁབ་ཆས་བེད་སྤྱོད་བྱེད་རྒྱུ་མེད། ཁབ་ཆས་དང་ཁབ་རྩེ་ཐེངས་གཅིག་ལས་བེད་སྤྱོད་བྱས་ཡོད་མེད་སྨན་པར་སྐད་ཆ་འདྲི་དགོས།

图片-r
(AIDS)ཨེ་ཙི་འགོས་ནད་རང་ལ་ཕོག་ཡོད་མེད་བརྟག་དཔྱད་ལེགས་པར་བྱེད་དགོས།

ཁྱེད་དང་ཁྱེད་ལ་ལྟོས་པའི་ཁྱིམ་མི་དང། ཉེ་འཁོར་གྲོགས་པོ་རྣམས་ཀྱི་གཙོས་མཐོ་དམན་དྲག་ཞན་མེད་པའི་ཡུལ་མི་རྣམས་ལ་(AIDS)ཨེ་ཙི་འགོས་ནད་(HIV)ནུས་འཇོམས་དུག་སྲིན་གྱི་ནད་འདི་ཕོག་ཡོོད་མེད་ལོ་རེ་བཞིན་བརྟག་དཔྱད་བྱེད་ཐབས་གནང་དགོས། ཁྱད་པར་དུ་ས་ཆ་འདྲ་མིན་ལ་རྟག་པར་འགྲོ་དགོས་མཁན་རྣམས་མི་གཞན་དང་ལུས་འབྲེལ་སོགས་བྱུང་བ་ཡིན་ན། དམིགས་བསལ་དུ་ནད་ངན་འདི་དག་ཕོག་ཡོོད་མེད་བརྟག་དཔྱད་དུས་ནས་དུས་སུ་བྱེད་གལ་ཆེ།

གལ་སྲིད་ཁྱེད་ཀྱིས་ནད་ངན་འདི་ཕོག་ཡོད་མེད་བརྟག་དཔྱད་མ་བྱས་པར་ལུས་འབྲེལ་གང་བྱུང་དུ་བྱས་ན། ཁྱེད་ཀྱིས་སྤྱི་ཚོགས་ཡོངས་ལ་གནོད་ཚབ་ཆེ་བའི་ནད་ངན་འདི་ཁྱབ་སྤེལ་བྱས་པ་ཡིན་པ་མ་ཚད། ཡ་ང་སྡུག་རྩུབ་ཅན་གྱི་ནད་ངན་འདིས། མི་རིང་པར་ཁྱེད་དང་ཁྱེད་གྱི་ཉེ་འཁོར་ཡོངས་ ལ་འཇབ་རྒོལ་བྱས་ནས་རིན་བྲལ་དལ་རྟེན་གྱི་ཚེ་སྲོག་འཕྲོག་སྲིད།

照片3—4-21 图片t-u-w-
སྤྱིར་བཏང་ (AIDS)ཨེ་ཙི་འགོས་ནད་(HIV)ནུས་འཇོམས་དུག་སྲིན་འདི་དག་འགོག་སྲུང་བྱེད་དགོས་པ་མི་ཚང་མ་ལ་འགན་ཡོད་པས་སོ་སོའི་ལུས་འབྲེལ་གྱི་བྱ་སྤྱོད་བདེ་འཇགས་མིན་པ་ཤེས་བཞིན་དུ་ལོག་པར་སྤྱོད་ན། ཁྱེད་ཀྱིས་རང་ཐོག་ལ་རང་བཞིན་གྱིས་བབས་པའི་སྤྱི་ཚོགས་ཀྱི་འགན་དེ་མ་ཁུར་བ་མ་ཟད། འགྲོ་བ་སྤྱི་ཚོགས་འདིའི་ཚེ་སྲོག་ལ་སྣང་ཆུང་བཏང་བ་ཞིག་རེད།

མི་ཞིག་ཡིན་པའི་ཆ་ནས་བསམ་སྤྱོད་བཟང་པོས་གཞན་ཕན་གྱི་ལས་ཞིག་སྒྲུབ་མ་ཐུབ་ཀྱང་ཉེས་མེད་གཞན་གྱི་ཚེ་སྲོག་འཕྲོག་པའི་སྤྱོད་ངན་ལ་དོ་སྣང་མ་བྱས་པ་ནི་ཤིན་ཏུ་མ་རབས་ཐ་ཆད་ཞིག་མ་རེད་དམ།

ཡང་འགའ་ཤས་ཀྱིས་ངོ་ཚ་ཆེ་མདོག་གིས་ནད་ངན་འགོས་ནད་འདི་དག་འགོས་ཡོད་མེད་ཀྱི་ལུས་པོར་བརྟགས་དཔྱད་མི་བྱེད་པ་ནི།

ཇི་སྐད་དུ། ངོ་ཚ་མི་དགོས་ས་ལ་ངོ་ཚ་དང་། །ངོ་ཚ་དགོས་ས་ལ་ངོ་མི་ཚ། །
ཞེས་མནའ་བོའི་གཏམ་དཔེ་ལས་གྲགས་པ་ལྟར་བླང་དོར་གོ་ལྡོག་བྱེད་མི་རུང་ཏེ། བདེ་འཇགས་མིན་པའི་ལུས་འབྲེལ་གང་བྱུང་དུ་བྱེད་པའི་སྤྱོད་ངན་ལ་ངོ་ཚ་དགོས་པ་ལས། ན་ཚ་སྔོན་འགོག་གི་ཆེད་དུ་རང་ལ་ནད་ངན་འདི་དག་ཕོག་ཡོད་མེད་བརྟག་དཔྱད་བྱེད་པ་ལ་ངོ་ཚ་བྱེད་དགོས་དོན་ཅི་ཡང་མེད།
རང་ལ་ནད་ངན་འདི་དག་ཕོག་ཡོད་མེད་བརྟག་དཔྱད་མི་བྱེད་པ་ནི་རང་སྲོག་རང་གིས་གཅོད་པ་ལྟ་བུའི་ངོ་ཚ་ཁྲེལ་མེད་ཀྱི་བླུན་རྟགས་ངོ་མ་ཞིག་རེད།

ཁྱད་པར་ནད་ངན་དེ་རང་ལ་ཕོག་ཡོད་པ་གཞན་གྱིས་ཤེས་སོང་ན་ངོ་ཚ་སྙམ་ནས་འཇིགས་སྐྲག་གིས་བརྟག་དཔྱད་བྱེད་མི་ཕོད་པ་སྡར་མ་ཝ་དང་འདྲ་བའི་བསམ་སྤྱོད་ནི། སེམས་ཁུངས་གཏིང་ནས་ཡིད་ཕམ་སྐྱེ་འོས་པའི་རྨོངས་དད་སྐྱོ་བོ་ཞིག་རེད། འདི་ལྟ་བུའི་ལོག་པའི་བསམ་སྤྱོད་ནི་དེང་གི་མི་རིགས་འདི་ལ་ཧ་ཅང་མ་འོས་ཤིང་གཏན་ནས་མི་དགོས་པའི་རྗེས་ལུས་ཀྱི་འདུ་ཤེས་ངན་པ་ཞིག་རེད།

དེས་ན་མི་རིགས་དང་སྤྱི་ཚོགས་ལ་ཕན་པའི་ཕྱིར་དང་། སོ་སོའི་མི་ཚེའི་མདུན་ལམ་ཡག་པོ་ཡོང་ཕྱིར་དང། རང་གཞན་ལུས་སེམས་ཀྱི་འཕྲོད་བསྟེན་ཡག་པོའི་ཆེད་དུ། དུས་ལྟར་ཚད་ལྡན་སྨན་ཁང་དུ་སོང་ནས་རང་ལུས་ལ་ནད་ངན་ནད་དུག་འདི་དག་ཕོག་ཡོད་མེད་བརྟགས་དཔྱད་ལེགས་པར་བྱེད་དགོས་སོ།

གལ་སྲིད་ཁྱེད་ཉིད་ནད་ངན་དེ་ཕོག་ཡོད་མཁན་ཞིག་ཡིན་ན།

  1. ནམ་རྒྱུན་དུས་ཐོག་ཏུ་ཉལ་དགོས་པ་དང་ངལ་གསོ་ཡག་པོ་བྱེད་དགོས།
  2. འཚོ་བཅུད་ཡོད་པའི་ཞལ་ལག་བཞེས་དགོས་པ་དང་གཟུགས་སྟོབས་གསོ་བའི་ཐབས་ལ་འབད་དགོས།
  3. འགོས་ནད་གཞན་མི་འགོས་པའི་ཐབས་ཤེས་རྣམས་དུས་ལྟར་ལག་ལེན་བྱེད་དགོས།
  4. དེ་བཞིན་ནམ་རྒྱུན་སེམས་ལ་སྤྲོ་སྣང་ཡོད་པར་བྱེད་དགོས་པ་ལས་སེམས་སྡུག་དང་སེམས་ནད་བྱེད་རྒྱུ་མེད།
  5. མི་གཞན་ལ་ལུས་འབྲེལ་བྱེད་མི་རུང་།
  6. ཁྱེད་ཀྱི་ཁྲག་མི་གཞན་གྱི་ལུས་ལ་རྩ་བ་ནས་འགྲོར་བཅུག་མི་ཉན།
མི་གཞན་ལ་ལུས་འབྲེལ་དང་གཞན་གྱི་ལུས་ལ་ཁྱེད་ཀྱི་ཁྲག་སོང་བ་ཡིན་ན། ཁྱེད་ཀྱིས་མི་དེའི་ཚེ་སྲོག་བཅད་པ་རེད་ལ་མི་རིགས་འདི་རྩ་མེད་བཏང་བའི་ཉེས་པ་བསགས་པ་རེད།

ཆེད་ཞུ། བྱམས་བརྩེའི་ཤེས་རབ་ཀྱིས་ཕྱུགས་པའི་སྤུན་གྲོགས་རྣམས་པ།
སྤྱིར་ན་ང་ཚོ་སྨྲ་ཤེས་དོན་གོ་བའི་མི་བུ་ཞིག་ཡིན་པ་མ་ཚད་ཆོས་དང་རིག་གཞུང་། ལོ་རྒྱུས་གྱིས་ཕྱུག་པའི་མི་རིགས་ཁྱད་འཕགས་ཞིག་ཡིན་པས། རྟག་ཏུ་མཐོ་ལ་ཕྲག་དོག དམའ་ལ་ཁྱད་གསོད། མཉམ་པ་ལ་འགྲན་སེམས་གི་བསམ་ངན་འཆང་ནས། དངོས་ཤུགས་བརྒྱུད་གསུམ་ནས་གཅིག་གིས་གཅིག་ལ་གནོན་གང་ཐུབ་དང་གནོད་ཅི་ཐུབ་ཀྱི་བསམ་སྤྱོད་ངན་པ་མི་འཆང་བར། མི་རིགས་འདི་དང་སྤྱི་ཚོགས་འདི། དུས་སྐབས་འདི་ལ་བསམ་ནས་རང་ནུས་གང་ཡོད་ཀྱིས་ཕན་ཅི་ཐོག་དང་ཞབས་ཞུ་གང་འགྲུབ་སྒྲུབ་འོས།

ཁྱད་པར་དབང་ཆ་དང་དཔལ་འབྱོར་ཡོད་མཁན་བོད་རིགས་མི་བུ་རྣམས་ཀྱིས། རང་འདོད་དང་ཁེངས་དྲེགས་ཀྱིས་དུས་མི་འདའ་བར་སོ་སོའི་དབང་དང་དཔལ་འབྱོར་བེད་སྤྱོད་བྱས་ནས། མི་རིགས་འདིའི་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་དང་ཆོས་རིགས་དཔལ་འབྱོར་ཡར་རྒྱས་ཡོང་བར་ཞབས་འདེགས་རླབས་ཆེན་བྱེད་འོས།

དེ་བཞིན་བོད་རིགས་ན་གཞོན་རྣམས་ཀྱིས་ཀྱང། སྲོག་ལ་ཐུག་ཀྱང་ནང་དམེ་གཏན་ནས་བྱེད་མི་འོས་ལ། ཤྭ་བག་དུད་ཆང་དང་བག་མེད་ལེ་ལོའི་ངང་དུ་མི་ཚེ་འཕྲོ་བརླག་མི་བཏང་བར་རྒྱུན་དུ་གནའ་དེང་གི་རིག་པའི་ལམ་ལ་སློབ་སྦྱོང་བཟང་པོ་བྱས་ནས། མ་བསྐུལ་དང་བླངས་ཀྱིས་མི་རིགས་འདིའི་སྤྱི་ཚོགས་ལ་ཞབས་ཞུ་བཟང་པོ་གང་འགྲུབ་བྱེད་དགོས།

མདོར་ན་བསམ་སྤྱོད་བཟང་པོས་རྒྱུན་དུ་སློབ་སྦྱོང་དང་འཕྲོད་བསྟེན་ཡག་པོར་བྱས་ནས། ཡ་རབ་ཚུལ་ལྡན་དང་ཕུག་བསམ་ཡོད་པའི་མི་བུ་ཞིག་བྱེད་རྒྱུ་ནི་སྤྱིར་མི་ཞིག་ཡིན་ནས་གལ་ཆེ། མ་ཚད་དེང་སྐབས་མི་རིགས་འདི་ལ་ཧ་ཅང་གི་གལ་འགང་ཆེན་པོ་ཞིག་ཡིན།

ང་ཚོ་བོད་རིགས་ནི་གྲངས་ཉུང་མི་རིགས་རླབས་ཆེན་ཞིག་ཡིན་པས་མི་རིགས་རང་གི་བཟང་སྤྱོད་དང་མཐུན་པའི་འཕྲོད་བསྟེན་ཡག་པོ་བྱེད་དགོས་པ་ལས། (AIDS)ཨེ་ཙི་འགོས་ནད་ཀྱིས་ཁྱབ་པའི་མི་རིགས་སྐྱོ་བོ་ཞིག་དུ་འགྱུར་ན་མི་རུང་། ད་ནས་བཟུང་མི་ཚང་མས་(AIDS)ཨེ་ཙི་འགོས་ནད་(HIV)ནུས་འཇོམས་དུག་སྲིན་སྔོན་འགོག་གི་བསམ་སྤྱོད་བཟང་པོ་དྲིལ་བསྒྲགས་དང་ལག་ལེན་མ་བསྐུལ་དངས་བླང་གིས་ཕྱོགས་སོ་སོ་ནས་བྱེད་དགོས་སོ། །

མནའ་བོའི་རིག་གཞུང་ཟབ་མོའི་བརྒྱུད་པ་འཛིན་དགོས།
དེང་གི་ཤེས་རིག་མང་པོའི་སྙིང་བཅུད་ལེན་དགོས།
རང་གི་བསམ་སྤྱོད་བཟང་པོའི་ཡོན་ཏན་ཤེས་དགོས།
ཀུན་གྱི་སེམས་ལ་ཕན་པའི་དམ་ཆོས་སྤེལ་དགོས།
འདིར་བཀའ་དྲིན་བརྗོད་པར་བཀའ་བ་རྫོགས་ཆེན་མཁན་ཆེན་ཆོས་དགའ་མཆོག་གིས། རང་ལ་ནུས་པ་རེ་ཡོད་པ་དེས། རང་རིགས་སྤྱི་ཚོགས་འདི་དང་། འགྲོ་བ་ཀུན་ལ་ལྷག་བསམ་བཟང་པོས་དོན་ལ་ཕན་པའི་ཞབས་ཞུ་གང་ཐུབ་རེ་བསྒྲུབ་དགོས་པའི་ཞལ་གདམ་ལམ་སྟོན། དུས་རྒྱུན་གུས་དང་གྲོགས་པོ་ཡོངས་ལ་གནང་དང་གནང་བཞིན་པའི་བཀའ་དྲིན་དང་། སྦྱིན་པ་ཚོགས་པའི་(AIDS)ཨེ་ཙི་འགོས་ནད་དང་དེ་སློང་མཁན་གྱི་ནད་དུག་ཞེས་པའི་དེབ་ལ་གཞི་བྱས། ཁ་བརྡ་དྲ་ཚིག་ནང་གི་ཨ་ཕོ་མཐུ་ཆེན་ལགས་ཀྱི་ཟིན་བྲིས་ཨེ་ཙི་སྐོར་གྱི་དྲི་བ་དྲིས་ལན་ཟེར་བ་དང་། རྒྱལ་སྤྱིའི་ནད་ངན་(AIDS)ཨེ་ཙི་འགོས་ནད་ཞིབ་འཇུག་ཚོགས་པའི་དྲ་ཚིག་དང་། དེ་མིན་ནད་ངན་འདིའི་བསྐོར་གྱི་དྲ་ཚིག་འགའི་བཀའ་དྲིན་ལ་བརྟེན་ནས། ༼༢༠༡༠༽ ཉིས་སྟོང་བཅུ་ལོར་གུས་ཀྱི་མི་ལོ་ཧྲིལ་བོ་གཉིས་ཀྱི་རེ་འདུན་ལེགས་འགྲུབ་བྱུང་བའི། ནད་ངན་འདི་སྔོན་འགོག་བྱེད་ཐབས་ཀྱི་དེབ་ཆུང་ཞིག་ཚར་ཁྲི་བཅུ་པར་ནས། བོད་ཀྱི་ས་ཆ་བདུན་ཅུ་ལྷག་ལ་བསམ་སྤྱོད་བཟང་པོའི་དྲིལ་བསྒྲགས་དང་ལག་ལེན་བྱེད་ཆོག་ཏུ་འབུལ་ཐུབ་པ་བྱུང་བ་དེ་ལ། རང་རིགས་ཁ་བ་རི་བའི་སྤུན་ཟླ་རྣམས་ཀྱིས་དགའ་བསུ་དང་རྒྱབ་བསྐྱོར་ཆེན་པོར་ཐོབ་པ་མ་ཟད། ཡང་བསྐྱར་པར་རོགས་ཟེར་བའི་བསྐུལ་མ་གྲངས་མང་བྱུང་བ་དང་རང་གིས་ཀྱང་རང་ནུས་གང་ཡོད་ཀྱིས་རང་རིགས་འདི་ལ་ཕན་པའི་བྱ་བ་རེ་ཨེ་འགྲུབ་ཀྱི་རེ་འདོད་ཆེན་པོ་ཡོད་པ་སོགས་ལ་བརྟེན་ནས། (AIDS)ཨེ་ཙི་འགོས་ནད་སྔོན་འགོག་བྱེད་ཐབས་ཀྱི་དེབ་ཆུང་དེ་ལ་ཞུ་དག་དང་ནད་ངན་འདིའི་བསྐོར་ལ་ཞིབ་འཇུག་ཅུང་ཟད་བྱས་ནས་འདི་བཞིན་ཡང་བསྐྱར་པར་སྐྲུན་བྱེད་ཐུབ་བྱུང་བས། གོང་ན་སྨྲོས་པའི་ཚོགས་པ་དང་མཁས་དབང་ཁག ཐེང་འདིར་ཞུ་དག་དང་རྒྱབ་བསྐྱོར་གནང་མཁན་བསྟན་དགའ་དང་མཁན་པོ་བསྟན་པའི་རྒྱལ་མཚན་སོགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་བ་དང་། འདིས་འཚོན་རང་གཞན་དགེ་བའི་རྩ་བ་ཅི་འཆིས། ངན་འགྲོའི་འཁོར་བ་སྟོང་བའི་རྒྱུ་རྐྱེན་དུ་འགྱུར་བ་དང་ཇི་སྲིད་གོ་ལ་ཧྲིལ་བོ་མ་འཇིག་བར་དུ་རང་མི་རིགས་འདི་གནས་ཤིང་། ཀུན་གྱི་ལུས་སེམས་གཉིས་ལ་བཟང་སྤྱོད་དང་མཐུན་པའི་འཕྲོད་བསྟེན་ཡག་པོ་ཞིག་བྱུང་སྟེ། རླབས་ཆེན་ཞི་བདེའི་བྱ་གཞག་དཀར་པོས་ཡོངས་བའི་འཇིག་རྟེན་འདི་ཉིད་གསལ་བའི་རྒྱུ་རུ་འགྱུར་བ་ཤོག་ཅིག་གུ།
ཞེས་ཧོང་ཀོང་རྫོགས་ཆེན་ཆོས་ཚོགས་ནས་ཉིས་སྟོང་བཅུ་གཉིས་ལོའི་སྤྱི་ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན་འཇུག་གྲུབ་པར་བྱས།

སྨན་སྤྲུལ་དགེ་གྲགས་ནས།



封底
སྤུན་ཟླ་ལགས། ཁྱེད་ཀྱིས་དེབ་འདི་ཚར་གཅིག་ལས་མང་བ་ཉར་མི་ཉན། དེབ་འདི་ལས་ཤེས་ཐོས་བྱུང་བ་རྣམས་མི་གཞན་ལ་བརྒྱུད་བཤད་བྱེད་དགོས།

མ་ཚད་(ང་ཚོ་བོད་རིགས་ནི་གྲངས་ཉུང་མི་རིགས་རླབས་ཆེན་ཞིག་ཡིན་པས་མི་རིགས་རང་གི་བཟང་སྤྱོད་དང་མཐུན་པའི་འཕྲོད་བསྟེན་ཡག་པོ་བྱེད་དགོས་པ་ལས། (AIDS)ཨེ་ཙི་འགོས་ནད་ཀྱིས་ཁྱབ་པའི་མི་རིགས་སྐྱོ་བོ་ཞིག་དུ་འགྱུར་ན་མི་རུང་བས། ད་ནས་བཟུང་རང་གཞན་ཚང་མས་ནད་ངན་འདི་སྔོན་འགོག་གི་བསམ་སྤྱོད་བཟང་པོ་དྲིལ་བསྒྲགས་དང་ལག་ལེན་ཕྱོགས་སོ་སོ་ནས་བྱེད་དགོས་སོ། །)


བློ་འདྲི་ཡུལ། རྫོགས་ཆེན་མཁན་ཆེན་ཆོས་དགའ།

རྩོམ་སྒྲིག་པ། སྨན་སྤྲུལ་དགེ་གྲགས།
ཞུ་དག་པ། བསྟན་དགའ།
འཆར་འགོད་པ། 陳忠雄
རི་མོ་བ། 馬培容
འབྲེལ་གཏུག་བྱེད་ས། པདྨ་དབང་ཆེན། 86-13678177100
རྫོགས་ཆེན་ཆོས་འཕེལ། 86-13693460555

རྫོགས་ཆེན་གནའ་དཔེ་གསར་སྐྲུན་ཁང་ནས་པར་དུ་བསྐྲུན།

0 comments:

ཟིན་བྲིས་འཚོལ་ཡུལ