དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 22 December 2012
བོད་རིགས་འཕེལ་ཕྱོགས་དང་ཆོས་སྲིད་ཟུང་འབྲེལ་ལ་དཔྱད་པ།
བརྒྱ་ཕྲག་རིན་ཆེན་ཟོང་གིས་ཁུག་མིན་པའི་། །ངོ་མཚར་སྟོང་ལྡན་རིག་པ་འབྱུང་བའི་ཞིང་།།
ཁོར་ཡུག་ཟླ་ཤེལ་དཀར་པོའི་མུ་ཁྱུད་ཅན། །སྣོད་བཅུད་དགེ་མཚན་འབུམ་གྱིས་ཤིས་གྱུར་ཅིག།
ཁུངས་ལྡན་ལོ་རྒྱུས་ཡིག་ཚང་གཞིར་བཟུང་ནས། །རྣམ་པར་དཔྱོད་པས་ཇི་ལྟར་དཔོག་པ་བཞིན།།
ཡུལ་འདིའི་སྔོན་བྱུང་ཆོས་སྲིད་གཙུག་ལག་དང་། །འབྱུང་འགྱུར་རིག་པའི་འཕེལ་ཕྱོགས་མདོ་ཙམ་བཤད།།
དེ་ཡང་གངས་རིའི་ར་བ་དཀར་པོའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་ལྗོངས་འདིར་ནང་པ་སངས་རྒྱས་པའིཆོས་འདི་དར་སྲོལ་ཤིན་ཏུ་ཆེ་བ་བྱུང་སྟེ། །བོད་མི་རྣམས་ཀྱི་བསམ་བློའི་འཁྱེར་སོ་དང། རིགས་པའི་གཞུང་ལུགས། ཡུལ་སྲོལ་གོམས་གཤིས། ཐ་ན་ཉིན་རེའི་འཚོ་བའང་ཕལ་ཆེར་ཆོས་དང་ཁ་འབྲལ་ཐབས་མེད་པ་ཞིག་ཆགས་པའི་རྒྱུ་མཚན་གྱིས་སྲིད་ཀྱི་བྱ་བ་དག་ཀྱང་དེ་ལས་ལོགས་ཤིག་ཏུ་རང་སྐྱ་བའི་ཚུལ་གྱིས་སྒྲུབ་ཐབས་མེད་པའི་ཕྱིར་ཆོས་སྲིད་ཟུང་འབྲེལ་ཞེས་པ་དེ་བྱུང་བ་རེད། འདིའི་འཇོག་མཚམས་དང་བྱུང་རིམ་ལ་འདོད་ཚུལ་མི་འདྲ་བ་མཆིས་མོད། སྤྱིར་ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཐ་བསྙད་ནི་སྔོན་གྱི་གཙུག་ལག་རྙིང་པ་རྣམས་ལས་བྱུང་ཞིང་། དེའི་དོན་ཕྱིན་ཅི་མ་ལོག་པ་ནི་ཆབ་སྲིད་ཆོས་དང་མཐུན་པར་སྐྱོང་བ་སྟེ། སྲིད་ཀྱི་དབང་ཆ་དེ་བེད་སྦྱོད་ལོག་པར་མི་བྱེད་པར་བསམ་པ་བཟང་པོ་བྱམས་བརྩེ་ལྷག་བསམ་དང་ཡ་རབས་དྲང་བདེན་གྱི་ལྟ་བ་ལ་གཞི་བཅོལ། ཕྱོགས་ལྷུང་དང་ཉེ་རིང་མེད་པར་ལས་འབྲས་ལ་གཞིགས་ནས་ཁྲིམས་ལུགས་དེ་ཆོས་ཀྱི་བསླབ་བྱ་དང་མཐུན་པར་སྐྱོང་བ་ཞིག་ལ་བྱ། དེའི་རྒྱུ་མཚན་གྱིས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ནས་བཟུང་རྒྱལ་ཁྲིམས་ནང་དུ་དགེ་བཅུའི་ཁྲིམས་སོགས་མང་པོ་ཞིག་བཞག་སྟེ་བཀའ་རྡགས་ཀྱི་ཕྱག་རྒྱས་བཏབ་པ་ཡིན་ནོ་། །ཆོས་ཁྲིམས་ཞེས་པ་དེའང་གཞན་ཞིག་མ་ཡིན་ཏེ། སྐྱེ་བོ་སོ་སོའི་རྒྱུད་ཀྱི་ཆགས་སྡང་ལ་སོགས་པའི་བསམ་པ་ངན་པ་རྣམས་དང་དེས་བསྐྱེད་པའི་ལུས་ངག་གི་བྱ་བ་ངན་པ་རྣམས་ནན་གྱིས་བཅོས་ནས་ཡང་དག་པའི་སྲོལ་དུ་འཛུད་པར་བྱེད་པ་དེ་ཡིན་ནོ། །སེམས་ཀྱི་ཁོང་ཁྲོ། ཕྲག་དོག་གཡོ་སྒྱུ། མིས་མི་ལ་ཐུབ་ཚོད་ཧམ་སེམས་སོགས་བཅོས་མ་ཐུབ་ཕྱིན། དགྲ་གྱོད་འཁོན་གསུམ། གཡོ་སྒྱུ་ཁྲམ་གསུམ་སོགས་མ་རབས་ཀྱི་བྱ་བ་སྣ་དགུ་བརྩམས་ནས་རང་གཞན་ཀུན་མི་བདེ་བའི་གཞིར་བྱེད་པ་ཙམ་དུ་མ་ཟད། སྤྱི་ཚོགས་ཀྱང་བདེ་འཇགས་དང་བརྟན་བརླིང་མེད་པའི་ཟིང་ཟིང་ཅན་དུ་སྒྱུར་བར་བྱེད་ལ། ནང་སེམས་ཀྱི་བསམ་པ་ངན་པ་དག་ཡོངས་སུ་སྤོང་བར་ནུས་ན་དེ་ལ་རྟེན་ཅིང་འབྲེལ་བའི་བྱ་བ་ངན་པ་དག་རང་ཤུགས་ཀྱིས་ཁེགས་པས་ཆོས་ཀྱི་དོན་པོ་ནི་མཐར་གཏུགས་ནས་བཤད་ན་སེམས་འདུལ་བ་དེ་རང་ལ་ཐུག་ཡོད། དེ་ལྟར་ནུས་པའི་གང་ཟག་དེ་འདྲ་ལ་དམ་པས་སྨད་པའི་ཚུལ་མིན་ཉེས་སྤྱོད་ཀྱི་བྱ་བ་མཐའ་དག་ཁེགས་པས་རྒྱལ་ཁྲིམས་ཞེས་པའི་ཁྲིམས་ཡན་གར་བ་ཞིག་སྲུང་མི་དགོས་པར། བག་ཡངས་སུ་གནས་ཆོག་པས་ཆོས་ཁྲིམས་དར་ཀྱི་མདུད་པ་འཇམ་ལ་ཡང་བ་ཞེས་བྱ། དེ་ནི་གཅོ་བོ་སྟེ་གཞི་འཛིན་ས་ལྟ་བུ་ཡིན། རྒྱལ་ཁྲིམས་ཞེས་པ་ནི་དེའི་འགལ་སྤོང་མཐུན་སྒྲུབ་ཀྱི་ཆ་རྐྱེན་ཙམ་སྟེ། ཆོས་ལ་གནས་ཤིང་ཆོས་བཞིན་སྤྱོད་པ་དག་ལ་རྗེས་སུ་ཡི་རང་དང་འབྲེལ་ལེགས་པའི་གཟེངས་བསྟོད་བྱ་བ་དང་། སྐྱེ་བོ་མི་སྲུན་པ་ཆོས་ཀྱི་ཚུལ་ལ་མི་གནས་པར་བསམ་པ་ངན་ཞིང་། སྦྱོར་བ་རྩུབ་མོས་མི་ལ་ཐུབ་ཚོད་གཏོང་བ་དང་། གསོད་པ་དང་རྐུ་བ་ལ་སོགས་པའི་ཚུལ་མིན་གྱི་བྱ་བ་ལ་ནན་གྱིས་ཞུགས་ནས་ཆོས་ཀྱི་བསླབ་བྱ་ཇི་ལྟར་བཏང་ཡང་ངན་གཤིས་མི་འདོར་བའི་རིགས་ཅན་རྣམས་ལ་ནན་ཏུར་དང་འབྲེལ་བའི་ཆད་ལས་སོགས་ལ་བརྟེན་ཏེ་བྱ་བ་ངན་པའི་འཕྲོ་གཅོད་དུ་འཇུག་པ་སོགསབྱེད་པས་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་སྦྲམ་ལ་ལྕི་བ་ཞེས་བྱ། དེ་ཡང་རྒྱལ་ཁྲིམས་ལ་བརྟེན་ནས་ཡིད་ཀྱི་མི་དགེ་བ་རྣམས་དངོས་སུ་འགོག་མི་ནུས་ཀྱང་ལུས་ངག་གི་མི་དགེ་བའི་བྱ་བ་རགས་པ་རྣམས་བཀག་པས་ཡིད་ཀྱི་དེ་རྣམས་ནུས་མེད་དུ་འགྱུར་བའི་ཚུལ་ལ་དགོངས་ནས་ཁྲིམས་སུ་བཅས་པར་མཛད་ཅེས་ལུགས་ཀྱི་བསྟན་བཅོས་དག་ལས་འབྱུང་། དེ་ལྟ་བུའི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་གཉིས་ཟུང་འཇུག་གི་སྲོལ་འདི་ཡོངས་གྲགས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་ལ་དབུ་བརྙེས་པར་འདོད་ཅིང་། དཔལ་སྤྲུལ་རིན་པོ་ཆེའི་ཆོས་འབྱུང་འབེལ་གཏམ་སོགས་སུ་ཁྲི་སྲོང་གི་སྐུ་དུས་སུ་འགོ་ཚུགས་པར་འདོད་དོ། །དེང་སང་གི་མཁས་པ་འགའ་རེས་ཧེ་ཀེར་དང་། ཨེན་ཀི་སི་སོགས་ཀྱི་གཞུང་ལུགས་ཁུངས་སུ་དྲངས་ཏེ་ཆོས་སྲིད་ཟུང་འབྲེལ་ཞེས་པའི་དོན་ནི་ཡུལ་གྱི་རྒྱལ་པོ་དང་། ཆོས་བདག་སློབ་དཔོན་གཉིས་ཀ་མི་གཅིག་གིས་བྱས་པ་དེར་བཤད་ཅིང་། དེའང་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཀྱི་སྲིད་དབང་བཟུང་བ་ནས་འགྲོ་ཚུགས་པར་འདོད་དོ། ། ལུགས་འདི་འཛིན་པ་དག་གིས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འདི་འགོ་ཚུགས་པ་ནས་བཟུང་མཇུག་མ་བསྒྲིལ་བར་གྱི་བྱུང་རིམ་ནང་ཆོས་ལུགས་དབང་འཛིན་པ་དག་གིས་ཕན་ཚུན་བར་མཆོད་གཞིས་མི་སེར་འཕྲོག་རེས་དང་། ས་དགེ་བཀའ་རྙིང་སོགས་གྲུབ་མཐའ་མི་འདྲ་བ་དག་ནང་ཕན་ཚུན་ཆབ་སྲིད་ཀྱི་དབང་ཆ་རྩོད་ལེན་བྱེད་རེས་བྱས་ཏེ་ནང་ཁུལ་འཐོར་ཞིག་དང་། སྲིད་འབྱོར་རིག་གསུམ་གོང་འཕེལ་དུ་འགྲོ་བ་ལ་གནོད་སྐྱོན་ཆེན་པོ་བཟོས་པ་སོགས་ཆག་སྒོ་བསམ་ཡུལ་ལས་འདས་པ་ཞིག་བྱུང་བ་དེ་དག་ཀྱང་ཆོས་སྲིད་གཉིས་མི་འབྲེལ་བཞིན་ཟུང་འབྲེལ་བྱས་པ་ལས་བྱུང་བར་སྨྲའོ། །བཤད་ཚུལ་དེ་འདྲ་ལ་བརྟེན་ནས་གཞོན་སྐྱེས་གསར་བུ་འགའ་རེས་བོད་ཡུལ་ཡར་རྒྱས་འགྲོ་མི་ཐུབ་པའི་རྒྱུ་མཚན་གཙོ་བོ་དེ་ཆོས་དར་བ་དང་འབྲེལ་བ་ཡོད་པར་བསམས་ནས་གོ་ལོག་མགོ་རྨོངས་ཐེབས་ཀྱིན་ཡོད་དེ། སྤྱིར་ཆོས་བདག་དང་རྒྱལ་པོ་གཉིས་མི་གཅིག་གིས་བྱེད་པ་དེ་ཆོས་སྲིད་ཟུང་འབྲེལ་གྱི་ཚད་དུ་འཇོག་པའི་ལུགས་ཤིག་ཡོད་པ་འགོག་དགོས་དོན་མེད་ནའང་། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་བཤད་པའི་སྐབས་སུ་བོད་རང་གི་མཁས་པ་རྣམས་ཀྱིས་ཞལ་གྱིས་བཞེས་པའི་ཆོས་སྲིད་ཟུང་འབྲེལ་གྱི་གོ་དོན་ཕྱོགས་ཙམ་ཡང་སློང་ཐུབ་མེད་པ་འདིས་ཐོག་མ་ཉིད་ནས་དཔྱད་པའི་གཞི་ཆེན་པོ་ཞིག་འཆུག་ཏུ་བཅུག་པར་སྣང་ངོ་།། །།
རྩོམ་པ་པོ། རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ།

0 comments:

ཟིན་བྲིས་འཚོལ་ཡུལ