དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 22 December 2012
༄༅། །ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོའི་མཛད་རྗེས་ལ་བསྟོད་པའི་སྙན་ངག་
ང་རོའི་སྒྲ་ཞེས་བྱ་བ་བཞུགས་སོ།
བདེ་ཆེན་དབང་མོས་བརྩམས།
༄༅། །གནས་ཕྱོགས་གཡས་རུ་ཆོས་ཀྱི་ཞིང་ཁམས་འདིར། །
སྣོད་བཅུད་ངོ་མཚར་སྒོམ་པའི་ཤེས་རབ་ཅན། །
སྐྱེ་བར་སྔར་མར་དད་བརྩོན་ཐར་ཕྱིན་པའི། །
ལོ་ཆེན་ཆོས་སྐྱོང་བཟང་པོའི་མཛད་པར་བསྔགས། །
བསླབ་ཁྲིམས་ནོར་གྱི་གཏེར་ལ་དཔལ་འཛིན་མཁན། །
རིག་པའི་ཁུ་བྱུག་སྒྲ་བསྒྱུར་དབང་ཕྱུག་ཅན། །
བདག་ཉིད་ཆེན་པོ་ཆོས་ཀྱི་ལམ་རིམ་པ། །
གངས་ཅན་གཙུག་རྒྱན་ཞྭ་ལུའི་ཞབས་སུ་བརྟེན། །
ཆུང་དུས་བགྲོད་དཀའི་ངལ་བ་བརྒྱ་ཕྲག་མྱོང་། །
འཕགས་ཡུལ་མ་བསྐོར་གྲངས་མེད་པཎྚི་ཏ། །
མ་བསྟེན་པར་ཡང་ཤེས་བྱ་རིག་པའི་གནས། །
སྨྲ་བའི་དབང་ཕྱུག་ཆོས་བཟང་ཞབས་སུ་བརྟེན། །
གདན་ས་མཐིལ་གྱི་སྣོད་བཅུད་ཤེས་དཔལ་ཁྲོད། །
མངོན་བརྗོད་རིག་པའི་ཐེའུར་དགོངས་འགྲེལ་ནས། །
འཆི་མེད་མཛོད་ལ་ཞུ་དག་འགྱུར་བཅོས་པས། །
ཡོངས་གྲགས་རྣམ་གསལ་ཁོང་ཉིད་ཞབས་སུ་བརྟེན། །
མཁན་ཆེན་དཀོན་མཆོག་བཟང་སོགས་ཞབས་གཏུགས་ནས། །
བློ་ཡི་སྒྲོན་མེར་ཐིག་ལེའི་ཤེས་དཔལ་བཀྲལ། །
ཐོས་བསམ་དཔག་བསམ་འཁྲི་ཤིང་པང་ན་བཞིན། །
བཅུ་ཕྲག་གཏེར་གྱི་ཁམས་འདི་ཞབས་སུ་བརྟེན། །
འཕགས་བོད་ཀུན་མཁྱེན་སྐད་གཉིས་སྨྲ་བའི་ཏོག །
མདོ་ཕྱོགས་བཤད་ལུང་མཁྱེན་རྒྱ་མཐའ་ཡས་ཅན། །
སྔགས་ཀྱི་བྱིན་རླབས་སྙིང་པོར་སྒྲོ་འདོགས་བཅད། །
ལེགས་གསུང་ཆོས་རྣམས་བརྟག་པས་ཞབས་སུ་བརྟེན། །
མཚོ་བྱུང་སྒྲ་ཡི་བཤད་རྒྱུན་ཉམས་གསོ་ཕྱིར། །
སྒྲ་སྙན་སྡེབ་མངོན་ཟློས་བཅས་རིག་གནས་ལྔའི། །
མ་འགྱུར་འགྲེལ་བར་གཏན་ཕབ་དཔལ་འཛིན་པའི། །
ལོ་ཆེན་རལ་གྲི་འཛིན་འདི་ཞབས་སུ་བརྟེན། །
ཁྱད་འཕགས་ཆོས་སྐྱོང་འབུམ་གྱི་འོད་ཟེར་གྱིས། །
བཀའ་བསྟན་འགྱུར་གྱི་ཕྲེང་ཚོགས་ལེགས་བསྐྱངས་ནས། །
ཏི་སིའི་མཁས་པའི་ཟུང་གི་མཁྱེན་རྒྱ་ཡངས། །
བསྒྱུར་བའི་བིདྷུརྱ་རྣམས་ཞབས་སུ་བརྟེན། །
སྒྲ་དང་སྙན་ངག་ཁྲིད་རྒྱུན་རབ་སྤེལ་ནས། །
སྟག་ལུང་ཆོས་རྗེ་ཀརྨ་ཞྭ་དམར་ནག །
ཀུན་མཁྱེན་བླ་ཆེན་གསུམ་པོ་ལེགས་བསྐྱངས་པའི། །
བཤེས་གཉེན་ཆེན་པོ་ཁྱོད་ཉིད་ཞབས་སུ་བརྟེན། །
ཆོས་སྐྱོང་བཟང་པོའི་གསུང་གྱི་མཐུ་སྟོབས་ལས། །
གཉེར་བའི་སློབ་བུ་སྐྱོགས་སྟོན་ལོ་ཙཱ་བ། །
འདི་ཡི་ཡང་སློབ་ཟུར་མཁར་བློ་གྲོས་རྒྱལ། །
ལྕང་ཡལ་སྒུར་བཞིན་མེས་པོའི་ཞབས་སུ་བརྟེན། །
གང་ཟག་ལོ་ཡི་ཕུང་པོར་ཉེ་བའི་བར། །
རིན་ཆེན་བློ་ཡི་ཁང་བཟང་བསྐྲུན་པར་བགྱིས། །
བཀྲ་ཤིས་རྒྱལ་མཚན་རབ་ཏུ་སྒྲེང་པ་ཡི། །
མཐའ་ཡས་མཛད་པའི་ཆུ་རྡུལ་ཞབས་སུ་བརྟེན། །
ཞེས་ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོའི་མཛད་རྗེས་ལ་བསྟོད་པའི་སྙན་ངག་ང་རོའི་སྒྲ་ཞེས་བྱ་བ་བཞུགས་སོ། །ཞེས་པ་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་༢༠༡༠ལོའི་ལོ་ཙཱ་འཛིན་གྲྭའི་ལྷ་སའི་སློབ་མ་བདེ་ཆེན་དབང་མོས་རབ་བྱུང་བཅུ་བདུན་པའི་ཆུ་ཕོ་འབྲུག་ལོའི་ཟླ་བཅུ་པའི་ཚེས་བཅུ་གཉིས་སམ་སྤྱི་ལོ་༢༠༡༢ལོའི་ཟླ་༡༡པའི་ཚེས་༢༥ཉིན་དགེ་བའི་བཤེས་གཉེན་སྟུག་རྒྱལ་བཀའ་སྲུང་མགོན་པོ་ལགས་ཀྱི་མཛུབ་ཁྲིད་འོག་ལེགས་པར་འགྲུབ་པ་དགེའོ། །
༄༅།
།སློབ་སྟོན་དགེ་རྒན་གྱི་གསལ་བཤད་མདོར་བསྡུས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་མངོན་བརྗོད་ཀྱི་རྣམ་བཤད་བློ་གསལ་འཇུག་ངོགས་ཞེས་བྱ་བ་བཞུགས་སོ།
།ཞེས་པའི་སློབ་ཚན་གྱི་ལས་བྱ་ཞིག་ཏུ་སློབ་གྲོགས་བདེ་ཆེན་དབང་མོས་བྲིས་པའི་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་མཛད་རྗེས་ལ་བསྟོད་པའི་སྙན་ངག་ང་རོའི་སྒྲ་ཞེས་བྱ་བ་བཞུགས་སོ།
།ཞེས་པ་དྲངས་ནས་ལེགས་པར་བཀོད་པ་དགེའོ། །
Subscribe to:
Post Comments (Atom)
0 comments:
Post a Comment