དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 28 January 2013
ཝཱར་ཎའི་དཔེ་མཛོད་ཁང་ངོ་སྤྲོད།
[ ཨ་རིག་དགེ་མཐོང་། ] [ 2013-1-29 ]





དཔེ་མཛོད་ཁང་གི་དབྱིབས་ཙམ།
བཀའ་འགྱུར་གསེར་བྲིས་མ་དང་དཔེ་མཛོད་ངོ་སྤྲོད་མཁན།
བོད་ཡིག་གི་དཔེ་དེབ་དང་དེབ་ཀློག་ས།
བོན་པོ་སོགས་ཀྱི་བཀའ་བསྟན་དང་དེབ་ཀློག་ས།
ཧིན་རྡིའི་དཔེ་དེབ་ཀྱི་སྡེ་ཚན།
དབྱིན་ཇི་དེབ་ཀྱི་སྡེ་ཚན།
བགྲོ་གླེང་གནང་སའི་ཁང་བ།
གུས་པ་བོད་ཡིག་སྡེ་ཚན་དུ་འགྲོ་བཞིན་པའི་རྣམ་པ།
དཔེ་མཛོད་ཀྱི་ཉེ་འཁོར་གྱི་རྣམ་པ།

ཝཱར་ཎའི་ཞི་འཚོ་དཔེ་མཛོད་ཁང་གི་ངོ་སྤྲོད།
ངོ་སྤྲོད་གནང་མཁན་དཔེ་མཛོད་ཁང་གི་ལས་བྱེད་རྒན་བསོད་ནམས་ཚེ་དབང་།
འདི་ག་ཞི་འཚོ་དཔེ་མཛོད་ཁང་ནི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཡ་གྱལ་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན། ཞི་འཚོ་དཔེ་མཛོད་ཁང་ཞེས་བྱ་བའི་མཚན་འདི་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བ་ཞིག་ཡིན། དེ་ལྟར་འདོགས་དགོས་པའི་རྒྱུ་མཚན་གཙོ་བ་ནི་མཁན་ཆེན་ཞི་བ་འཚོས་བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་དང་དགེ་འདུན་གྱི་སྡེ་བཙུགས་པ་མ་ཟད། ཟབ་མོ་དབུ་མའི་ལྟ་བ་ཐོག་མར་སྤེལ་བར་མཛད་ཅིང་། ལྷག་པར་དུ་རྒྱལ་བསྟན་བོད་ཀྱི་སྐད་ཡིག་ཏུ་གཏན་ལ་འབེབས་པ་ལ་རྨད་དུ་བྱུང་བའི་ཐུགས་བསྐྱེད་ཀྱི་མཛད་པ་བསྐྱངས་པ་དེ་རྗེས་སུ་དྲན་པའི་ཆེད་ཡིན་པར་ཁོ་བོས་སེམས་སོ། ཕྱི་ལོ་༡༩༦༧ ལོར་གཙུག་ལག་སློབ་གྲྭ་བཙུགས་པའི་སྐབས་སུ་གསུང་རབ་གླེགས་བམ་གང་འཚམ་ལྡན་པའི་དཔེ་མཛོད་ཁང་དེ་རིམ་པས་གོང་འཕེལ་ཡར་རྒྱས་ཕྱིན་ཏེ་ད་ལྟའི་ཞི་འཚོ་དཔེ་མཛོད་ཀྱི་རྣམ་པར་གྱུར་པ་ཡིན། དཔེ་མཛོད་ཀྱི་བྱ་བ་དུ་མ་ཞིག་ཡོད་ནའང་བསྡུས་ན་གསུམ་དུ་བསྡུས་ཆོག་པ་ཡིན། དེ་དག་ནི་དཔེ་མཛོད་སོ་སོའི་དམིགས་ཡུལ་ལ་གཞིགས་ཏེ་རྩོམ་རིག་མཁོ་སྒྲུབ་བྱ་རྒྱུ་དང་། དཀར་ཆག་སྒྲིག་ཚུལ་གྱི་ལམ་ལུགས་ཤིག་ལ་གཞིར་རྩར་བཟུང་བའི་སྒོ་ནས་རྩོམ་རིག་རྣམས་ཐོ་བྱང་དཀར་ཆག་བཀོད་སྒྲིག་དང་སྡེ་ཚན་དབྱེ་བསྡུ་བྱ་རྒྱུ་དང་། རྩོམ་ཡིག་དེ་དག་ཀློག་པ་པོ་དང་དོན་གཉེར་ཅན་རྣམས་ལ་འགྲེམས་སྤེལ་བྱ་རྒྱུ་བཅས་ཡིན། འདིར་རྩོམ་རིག་ནི་ཡིག་ཆ་དང་གསུང་རབ་གླེགས་བམ། དཔེ་དེབ། དུས་དེབ། སྒྲ་འཛིན་འཁོར་ཐག དེ་བཞིན་ལྟ་བྱེད་དང་ཉན་བྱེད། CD ROM hard Disc electronic storage etc. སོགས་འཕྲུལ་རིགས་ཀྱི་ཤེས་བྱའི་བརྒྱུད་ལམ་ཚང་མ་ལ་ཁྱབ་ཅིང་འཇུག་པ་ཡིན།
དཔེ་མཛོད་ཀྱི་གོ་དོན། དཔེ་མཛོད་ཅེས་པ་ནི་རྩོམ་རིག་དང་། ཀློག་པ་པོ། དཔེ་མཛོད་ལས་བྱེད་བཅས་ཆོས་གསུམ་གྱི་གོང་བུའི་བདག་ཉིད་ཅིག་ལ་གོ་བ་ཡིན། ལས་བྱེད་ནི་རྩོམ་རིག་དང་ཀློག་པ་པོ་གཉིས་དབར་མཚམས་སྦྱོར་གྱི་འབྲེལ་བ་སྒྲུབ་པར་བྱེད་མཁན་དེ་ཡིན་པས་ན། ཀློག་པ་པོ་དང་དོན་གཉེར་ཅན་རྣམས་ཀྱིས་དཔེ་མཛོད་ཀྱི་ལས་བྱེད་ལ་འབྲེལ་བ་གནང་སྟེ་སོ་སོའི་དགོས་མཁོ་དཀའ་ཚེགས་མེད་པ་བདེ་བླག་ཏུ་འཐོབ་པའི་ཐབས་ལ་འབད་པར་བྱ།
ཞི་འཚོ་དཔེ་མཛོད་ཁང་ནི་སྡེ་ཚན་ལྔར་ཕྱེ་ཡོད། དེ་དག་ནི་མཁོ་སྒྲུབ་སྡེ་ཚན། འགྲེམས་སྤེལ་སྡེ་ཚན། དཀར་ཆག་སྡེ་ཚན། འཕྲུལ་རིགས་རྩོམ་རིག་སྡེ་ཚན། ཟུར་ལྟའི་རྩོམ་རིག་སྡེ་ཚན་བཅས་ཡིན། ཞར་བྱུང་དུ་ཀམ་པུ་ཊར་སྡེ་ཚན་འཆད་པའོ།
མཁོ་སྒྲུབ་སྡེ་ཚན་གྱི་ལས་འགན་གཙོ་བོ་ནི་དཔེ་མཛོད་ཁང་གི་དམིགས་ཡུལ་ལྟར་ནང་ཆོས་དང་། བོད་ཀྱི་རིག་གནས་དང་དེ་བཞིན་ཧི་མཱ་ལ་ཡའི་མི་རིགས་ཀྱི་ལེགས་བྱང་དང་འབྲེལ་བའི་རྩོམ་རིག་རྣམས་འཚོལ་ཐབས་བྱས་ཏེ་མཁོ་སྒྲུབ་བྱ་རྒྱུ་དེ་ཡིན། དེ་བསྒྲུབ་པའི་ཕྱིར་དུ་ཡིག་ངག་གཉིས་ཀྱི་ཐོག་ནས་འབྲེལ་ལམ་དུ་མ་ཞུ་དགོས་པའི་ལས་ཁུར་ཅི་རིགས་ཡོད།
འགྲེམས་སྤེལ་སྡེ་ཚན། སྡེ་ཚན་འདིའི་ལས་འགན་གཙོ་བོ་ནི་ཚོགས་མི་དེབ་སྐྱེལ་དང་། དཔེ་དེབ་འགྲེམས་སྤེལ་དང་སྡུད་ལེན་བྱ་རྒྱུ་དང་། དེ་དག་གི་ཡིག་ཆ་གཅེས་འཛིན་བྱེད་དགོས་པ་ཡིན། རྒྱུན་ལྡན་གྱི་ཚོགས་མི་དང་། རྒྱུན་ལྡན་མ་ཡིན་པའི་ཚོགས་མི། འཕྲལ་སེལ་གྱི་ཚོགས་མི་བཅས་དཔེ་མཛོད་ཀྱི་ཚོགས་མི་རྣམ་པ་མི་འདྲ་བ་འགའ་ཞིག་ཏུ་བཟོ་ཆོག་པ་ཡིན། དེབ་སྐྱེལ་སྒྲིག་འཇུག་བྱ་དགོས་པ་ནི་དཔེ་མཛོད་ཀྱི་སྒྲིག་འཛུགས་ཤིག་ཡིན་པས་ཚང་མས་ཐུགས་སྣང་དགོས་པའི་དོན་གནད་ཅིག་ཡིན། འགྲེམས་སྤེལ་བྱེད་སྟངས་ནི་Browne system དེ་ལག་བསྟར་བྱས་པའི་སྒོ་ནས་དཔེ་དེབ་སྔ་གཡར་ཞུ་བ་ཡིན། ད་ཆ་བྱ་བ་ཐམས་ཅད་ཀམ་པུ་ཊར་བཀོལ་སྤྱོད་བརྒྱུད་ཧ་ཅང་སྒྲུབ་སླ་ཞིང་སྟབས་བདེ་བར་གྱུར་ཡོད། སྡེ་ཚན་འདི་ནི་འབྲེལ་བ་བྱ་ཡུལ་གྱི་བསྟི་གནས་ཤིག་ཀྱང་ཡིན།
དཀར་ཆག་སྡེ་ཚན། རྩོམ་རིག་ཡོངས་རྫོགས་ཀྱི་ཐོ་བྱང་དང་འཇུག་བྱང་དཀར་ཆག་སི་ལིམ་ཌ་ཊ་བེས་ཀམ་པུ་ཊར་ནང་འཇུག་ཏུ་གསོལ་ཡོད། དཀར་ཆག་སྒྲིག་སྟངས་དང་སྡེ་ཚན་དབྱེ་བསྡུ་བྱེད་སྟངས་ནི་AACR-2 Anglo American Cataloguing Rules second edition and Colon Classification ལམ་ལུགས་གཞི་རྩར་བྱས་ཏེ་རྩོམ་ཡིག་གི་ཐོ་བྱང་དཀར་ཆག་བཟོས་ཡོད་པས། རྩོམ་པ་པོའི་མཚན་བྱང་། རྩོམ་རིག་གི་མཚན་བྱང་། བརྗོད་བྱ་སོགས་ཀྱི་སྒོ་ནས་གང་ལ་གང་དགོས་ཀྱི་རྩོམ་རིག་འཚོལ་ཐུབ་པ་ཡིན། དབྱིན་ཇི་དང་། ཧིན་ངྷི་། བོད་ཡིག་བཅས་སྐད་རིགས་མི་འདྲ་བ་གསུམ་གྱི་རྩོམ་རིག་ཡོད་པ་བཞིན་དེ་དག་སོ་སོའི་ཡིག་གཟུགས་བེད་སྤྱོད་བྱས་ཏེ་འཚོལ་དགོས་པ་ཡིན།
འཕྲུལ་རིགས་རྩོམ་རིག་སྡེ་ཚན།
སྡེ་ཚན་འདིར་དཔར་དུ་མ་བསྐྲུན་པའི་སྤྱིན་ཤོག་དང་ཕྲ་གཟུགས་སོགས་ཀྱི་རྣམ་པར་ཡོད་པའི་གསུང་རབ་གླེགས་བམ་དང་། དཔེ་དེབ། དུས་དེབ་སོགས་། དེ་བཞིན་སྒྲ་འཛིན་འཁོར་ཐག ལྟ་བྱེད་དང་ཉན་བྱེད། CD ROM hard Disc electronic storage etc. ཚང་མ་དཔར་དུ་མ་བསྐྲུན་པའི་རྩོམ་རིག་ཁོངས་སུ་འདུས་པ་ཡིན། དེ་དག་ནི་དཔེ་མཛོད་དུ་ཉར་ཚགས་སླ་ཞིང་སྟབས་བདེ་བའི་དབང་གིས་གཙོ་བོ་སྲུང་སྐྱོབ་གཅེས་འཛིན་ཁོ་ནར་དམིགས་ནས་མཁོ་སྒྲུབ་བྱས་པ་ཞིག་ཡིན་མོད་ཀྱང་། གསུང་རབ་སྡེ་ཚན་དུ་མ་བཞུགས་པའིདཔེ་རྙིང་སྤྱིན་ཤོག་དཀོན་རིགས་ཀྱི་རྣམ་པར་བཞུགས་པ་མང་དག་ཅིག་ཡོད།
ཟུར་ལྟའི་རྩོམ་རིག་སྡེ་ཚན།
ཚིག་མཛོད་དང་། ས་ཁྲ། ཕྱོགས་བསྡེབས་བྱས་པའི་ས་ཁྲ། ཤེས་བྱ་ཀུན་ཁྱབ། རིག་གནས་གནད་འདུས། རི་མོ། ཚགས་པར། མི་སྣ་གྲགས་ཅན་གྱི་རྣམ་ཐར། ། སྤྱི་བཏང་ཤེས་བྱ། ཁ་བྱང་ཕྱོགས་བསྡེབསདུས་དེབ། དཀར་ཆག ཐོ་གཞུང་སོགས་ཟུར་ལྟའི་རྩོམ་རིག་ཁོངས་སུ་འདུས་པ་ཡིན ། རྩོམ་རིག་དེ་དག་འགྲེམས་སྤེལ་དང་སྔ་གཡར་ཞུ་མི་ཆོག་པའི་རིགས་ཡིན་པར་བརྟེན་དཔེ་མཛོད་ཉིད་དུ་ལྟ་ཀློག་བྱ་དགོས་པ་ཡིན།
ཀམ་པུ་ཊར་སྡེ་ཚན།
ཀམ་པུ་ཊར་འཕྲུལ་ཆས་ནི་དེང་རབས་ཅན་གྱི་སྤྱི་ཚོགས་དང་མི་སྒེར་གྱི་མི་ཚེའི་ཆ་ཤས་ཤིག་ཏུ་གྱུར་ཡོད། རྒྱུ་མཚན་དེས་ན་སྡེ་ཚན་ནས་སློབ་གཉེར་བ་རྣམས་ལ་ཀམ་པུ་ཊར་གྱི་རིག་ལམ་དང་ལག་བསྟར་བྱེད་ཚུལ་གྱི་ཤེས་ཡོན་སློབ་སྦྱོང་དང་དམར་ཁྲིད་ལམ་སྟོན་གནང་བ་མ་ཟད། དེ་བཞིན་དྲྭ་རྒྱ་ཁག་ནས་ཤེས་རིག་སྔོག་འདོན་དང་། ཤེས་ཡོན་དང་འབྲེལ་བའི་བརྒྱུད་ལམ་ཚང་མར་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་ཀྱང་ཡོད། སྡེ་ཚན་ནས་འདི་གའི་ལས་ཁུངས་ཚང་མའི་ཀམ་པུ་ཊར་གྱི་འཛིན་སྐྱོང་གི་འགན་ཁུར་ཀྱང་བཞེས་བཞིན་ཡོད
འཇུག་སྒོ་ཕྱེ་བ་དང་འཇུག་སྒོ་མ་ཕྱེ་བ། Open access & close access
དེབ་ཁང་གི་འཇུག་སྒོ་ཕྱེ་བ་Open acess དང་འཇུག་སྒོ་མ་ཕྱེ་བའི་ close acess ལམ་ལུགས་གཉིས་ཡོད་པ་ལས་ཞི་འཚོ་དཔེ་མཛོད་ཁང་ནས་འཇུག་སྒོ་ཕྱེ་བའི་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད། དེབ་ཁང་ཁག་ཏུ་ཀློག་པ་པོ་རྣམས་རང་དབང་སྒོ་ནས་ཞུགས་ཏེ་ཐེམ་བྱང་ན་རྩོམ་ཡིག་གང་དང་གང་ཡོད་པ་དང་། བརྗོད་བྱ་གང་དང་གང་གི་རྩོམ་ཡིག་ཡོད་པ་དང་། དེ་དང་འབྲེལ་བའི་རྩོམ་ཡིག་གང་ཡོད་པ་དང་། བྱེ་བྲག་རྩོམ་པ་པོ་གཅིག་གིས་མཛད་པའི་རྩོམ་ཡིག་གང་དང་གང་ཡོད་པ་ཤེས་པར་བྱེད་ནུས་པ་ཡིན། དེ་ལྟར་ལམ་ལུགས་འདི་བརྒྱུད་ནས་ཀློག་པ་པོ་རྣམས་ལ་རྩོམ་རིག་སྤྱི་དང་བྱེ་བྲག་རིག་ཚན་སོ་སོར་མཁྱེན་རྟོགས་དང་རྒྱུས་མངའ་ཡོང་བར་ཕན་ཐོགས་དང་ནུས་པ་མི་དམན་པ་འཐོན་ཐུབ།
བོད་ཀྱི་གསུང་རབ་དང་ཉར་ཚགས་བྱེད་སྟངས།
སྤྱིར་སྡེ་ཚན་འདིའི་ནང་གསུང་རབ་གླེགས་བམ་དང་དཔེ་དེབ། དུས་དེབ་བཅས་ཁྱོན་བསྡོམས་པའི་རྩོམ་རིག་གྲངས་འབོར་སྟོང་ཕྲག་སུམ་ཅུ་ལྷག་ཙམ་ཡོད་ཅིང་ཆོས་ཚན་མི་འདྲ་བའི་རྩོམ་རིག་འབུམ་ཕྲག་བརྒལ་བ་ཡོད། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་དཔར་མ་མི་འདྲ་བ་དུ་མ་ཞིག་ཡོད་པ་འགའ་ཞིག་སྤྱིན་ཤོག་གི་རྣམ་པར་བཞུགས་ཡོད། དེ་དག་ནི་པཱ་ལའི་སྡེ་སྣོད་གསུམ། རྒྱ་ནག་གི་སྡེ་སྣོད་གསུམ། འབར་མིའི་སྡེ་སྣོད་གསུམ། ལྷ་ས་བཀའ་འགྱུར། ལི་ཐང་བཀའ་འགྱུར། རྟ་དབང་བཀའ་འགྱུར སྡེ་དགེ་བཀའ་བསྟན། ཅོ་ནེ་བསྟན་འགྱུར། སྣར་ཐང་བཀའ་བསྟན། པེ་ཅིང་བཀའ་བསྟན། བསྟན་འགྱུར་གསེར་བྲིས། བོན་བཀའ་བརྟེན། རྙིང་མ་སྡེ་དགེ་བཀའ་བསྟན། བཀའ་བསྟན་དཔེ་བསྡུར་མ་བཅས་ཡིན། རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་བསྟན་བཅོས་གཉིས་ལ་གསུང་རབ་གླེགས་བམ་པོད་གསུམ་བརྒྱ་ལྷག་ཡོད། སྡེ་དགེ་ལྟར་བྱས་ན། བཀའ་ལ་འདུལ་བ། ཤེ་ཕྱིན། ཕལ་ཆེན། དཀོན་བརྩེགས། མདོ་སྡེ། རྒྱུད་འབུམ། རྙིང་རྒྱུད། དུས་འཁོར་འགྲེལ་བཤད། གཟུངས་འདུས་བཅས་ས་བཅད་དགུར་ཕྱེ་ལ། སྣར་ཐང་ལྟར་བྱས་ན། འདུལ་བ། འབུམ། དཀོན་བརྩེགས། ཕལ་ཆེན། མདོ་སྡེ། མྱང་འདས། རྒྱུད་ས་བཅུད་བདུན་ཏུ་ཕྱེ། པེ་ཅིན་ལྟར་བྱས་ན། རྒྱུད། ཤེར་ཕྱིན། དཀོན་བརྩེགས། ཕལ་ཆེན། མདོ་སྣ་ཚོགས། འདུལ་བ་བཅས་ས་དྲུག་ཏུ་ཕྱེ། དང་པོ་གཉིས་ནི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བའི་དབང་དུ་བྱས་པ་དང་ཐ་མ་བརྗོད་བྱ་མཐོ་དམན་གྱི་དབང་དུ་བྱས་པ་ཡིན། ས་བཅད་ལ་སྡེ་ཚན་མང་ཉུང་དང་། གོ་རིམ་སྒྲིག་ཚུལ་དང་། ཐ་སྙད་བཀོལ་སྤྱོད་བྱེད་སྟངས་ལ་ཁྱད་པར་འདུག་ཀྱང་ད་ལྟ་ངོ་སྤྲོད་ཀྱི་སྐབས་ཡིན་པས་རེ་ཞིག་རྒྱས་པར་མ་བྱས། སྡེ་དགེ་ལྟར་ན་བཀའ་ལ་ཆོས་ཚན་གྲངས་འབོར་ ༡༡༡༥ དང་། དེ་བཞིན་བསྟན་འགྱུར་ལའང་བསྟོད་ཚོགས། རྒྱུད། ཤེ་ཕྱིན། དབུ་མ། མདོ་འགྲེལ། སེམས་ཙམ། མངོན་པ། འདུལ་བ། སྐྱེས་རབས། སྤྲིང་ཡིག། ཚད་མ། སྒྲ་མདོ། གསོ་རིག བཟོ་རིག ཐུན་མོང་བ་ལུགས་ཀྱི་བསྟན་བཅོས། སྣ་ཚོགས། དཀར་ཆག་བཅས་ས་བཅད་བཅུ་བདུན་དུ་ཕྱེ་བ་ནི་སྡེ་དགེའི་ལུགས་སོ།། དེ་ནི་བསྟན་བྱ་མཐོ་རིམ་ནས་དམའ་རིམ་བྱས་པའི་དབང་དུ་བྱས་ཏེ་བཀོད་ཡོད་ལ། ས་བཅད་དེ་དག་ནི་གསུང་རབ་ལ་འཇུག་པ་བདེ་བའི་ཆེད་དུ་ཡིན། བསྟན་འགྱུར་ལའང་ས་བཅད་སྒྲིག་ཚུལ་ལ་ཁྱད་པར་ཆེ་བ་མངོན། བསྟན་འགྱུར་ལ་ཆོས་ཚན་ ༣༣༨༧ བཅས་ཁྱོན་བསྡོམས་ཆོས་ཚན་༤༥༠༢་བཞི་སྟོང་ལྔ་བརྒྱ་གཉིས་ཡོད། དེ་དག་ནི་སྟོན་པ་ཤཱཀྱ་ཐུབ་པ་དང་འཛམ་གླིང་མཁས་པའི་གཙུག་རྒྱན་རྒྱན་དྲུག་སོགས་རྒྱ་གར་གྱི་མཁས་གྲུབ་བདུན་བརྒྱ་ཐམ་པས་མཛད་པའི་བསྟན་བཅོས་ལེགས་སྦྱར་དང་པཱ་ལིའི་སྐད་སོགས་སུ་བཞུགས་པ་དེ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་་བོད་སྐད་དུ་ཕབ་འགྱུར་མཛད་པ་ཡིན། གསུང་རབ་དེ་དག་ནི་བོད་ཀྱི་ནང་ཆོས་དང་ལྟ་སྤྱོད་དེ་བཞིན་ལེགས་བྱང་སོགས་ཀྱི་འབྱུང་ཁུངས་ལྟ་བུ་ཆགས་ཡོད། བོད་ཀྱི་ལོ་རྒྱུས་ནང་རྩོམ་རིག་དེ་དག་གིས་སྒྱུར་རྩོམ་གྱི་གོ་གནས་བཟུང་སྟེ་སྒྱུར་རྩོམ་གྱི་འབོར་གྲངས་ཆེ་བའི་གྲས་སུའང་ཚུད་ཡོད། དེ་དང་ཕྱོགས་མཚུངས་བོད་ཀྱི་ཆོས་བརྒྱུད་བཞི་དང་གཡུང་དྲུང་བོན་བཅས་ཀྱི་གསུང་འབུམ། གཏེར་མ། སྒྲ་རིག་པ། ཚད་མ་རིག་པ། གསོ་བ་རིག་པ། བཟོ་རིག་པ། ནང་དོན་རིག་པ། ལམ་རིམ་བློ་སྦྱོང་། དེ་བཞིན་སྒྲ་རིག་པའི་ཁོངས་སུ་གཏོགས་པའི་སྙན་ངག མངོན་བརྗོད། ཟློས་གར། རྩིས། ལོ་རྒྱུས། ཆོས་འབྱུང། དཔྱད་རྩོམ། སྒྱུ་རྩལ། དམངས་ཁྲོད་གླུ་གཞས། གླིང་སྒྲུང་། རྣམ་ཐར། དེ་བཞིན་འཕྲུལ་རིགས་ཀྱི་རྩོམ་རིག་ཅི་རིགས་ཀྱིས་ཕྱུག་པར་བགྱིས་ཡོད། མདོར་བསྡུས་ན་ཐེག་པ་ཆེ་ཆུང་མདོ་སྔགས་རིག་གནས་དང་བཅས་པའི་རྩོམ་རིག་གིས་རྣམ་པར་རྒྱན་པར་བྱས་ཡོད།
རྩོམ་རིག་དེ་དག་སྒྲིག་བཤོམས་ཇི་ལྟར་བྱ་ཡོད་ཅེས་ན། གསུང་རབ་གླེགས་བམ་རྣམས་ཆོས་བརྒྱུད་ཀྱི་དབང་དུ་བྱས་པའི་སྒོ་ནས་སྡེ་ཚན་དང་གོ་རིམ་བསྒྲིགས་ཏེ་སྲོལ་རྒྱུན་གྱི་ཉར་ཚགས་བྱེད་སྟངས་ཚུལ་བཞིན་ལག་བསྟར་དང་། དཔེ་དེབ་ཀྱི་རྣམ་པར་ཡོད་པའི་རྩོམ་རིག་རྣམས་བརྗོད་བྱའི་དབང་དུ་བྱས་ནས་སྡེ་ཚན་དང་གོ་རིམ་བསྒྲིགས་ནས་ཐེམ་བྱང་དུ་ཉར་ཚགས་བྱ་ཡོད། དེས་ན་རིག་གནས་དེ་དང་དེའི་རྩོམ་རིག་འཚོལ་བདེ་ཞིང་ཕྱུང་འདོན་སླ་བས་ཀློག་པ་པོའི་དགོས་མཁོ་བདེ་བླག་ཏུ་སྒྲུབ་ཐུབ་པ་ཡིན།
ད་ཆ་ནང་ཆོས་དང་། བོད་ཀྱི་རིག་གནས་ཁག་དང་དེ་དག་གི་བརྗོད་གཞི་བྱེ་བྲག་པ། བོད་མི་རིགས་ཀྱི་ལེགས་བྱང་གོམས་གཤིས་དང་འབྲེལ་བའི་བརྗོད་གཞི་གང་འདྲ་ཞིག་གི་ཐད་ལ་ཉམས་ཞིབ་བྱ་བར་འདོད་པ་དག་དང་འཇུག་བཞིན་པ་དེ་དག་སོ་སོའི་དགོས་མཁོ་བསྒྲུབ་ཕྱིར་དུ་འབྲེལ་བ་ཞུས་ན་ཞི་འཚོ་དཔེ་མཛོད་ཁང་ནས་ཀྱང་དགའ་བསུའི་ངང་སྲི་ཞུ་བྱེད་ཆོག
དཔེ་མཛོད་ཀྱི་ལས་བྱེད།
དཔེ་མཛོད་ཀྱི་དོ་དམ་པ་དང་དོ་དམ་གཞོན་པ། དཀར་ཆག་པ་དང་དཀར་པ་གཞོན་པ། དཀར་པའི་ལས་རོགས། དེ་བཞིན་གད་ཕྱགས་པ་བཅས་ཁྱོན་བསྡོམས་ལས་བྱེད་མི་སྣ་ཉི་ཤུ་ལྷག་གིས་དཔེ་མཛོད་ཀྱི་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་འཛིན་གྱི་ཡོད།
དཔེ་མཛོད་ཀྱི་མཐུན་འགྱུར་དང་སྲི་ཞུ།
ཞི་འཚོ་དཔེ་མཛོད་ཁང་ཞོགས་པ་ཆུ་ཚོད་༩ ནས་ ཕྱི་དྲོ་ཆུ་ཚོད་ ༦།༣༠ བར་སྒོ་འབྱེད་ཞུ་བ།
དཔེ་མཛོད་དུ་ལྟ་ཀློག་གི་མཐུན་འགྱུར།
རྩོམ་རིག་འཚོལ་ཐབས་དང་ཕྱུང་འདོན་གྱི་སྲི་ཞུ།
མཁོ་གལ་ཆེ་བའི་རྩོམ་རིག་གི་འདྲ་བཤུས་མཐུན་འགྱུར།
འགྲེམས་སྤེལ་དང་སྔ་གཡར་གྱི་མཐུན་འགྱུར།
སློབ་ཚན་དཔེ་དེབ་ཀྱི་མཐུན་འགྱུར།
ཉན་བྱེད་དང་ལྟ་བྱེད། སི་ཌི་རོམ། Audio, Video & CD-ROMs ལ་སོགས་པའི་མཐུན་འགྱུར་ཡོད།
ཞི་འཚོ་དཔེ་མཛོད་ཁང་གི་ལམ་སྟོན་གྱི་ལྟ་གྲུབ།
དཔེ་མཛོད་རིག་པའི་དམ་བཅའ་ལྔ། (THE FIVE LAWS OF LIBRARY SCIENCE)
དཔེ་དེབ་རྣམས་བེད་སྤྱོད་ཀྱི་ཆེད་དུ་ཡིན་པ། BOOKS ARE FOR USE
ཀློག་པ་པོ་སོ་སོར་དཔེ་དེབ་དགོས་པ། EVERY READER HIS/HER BOOK
དཔེ་དེབ་སོ་སོར་ཀློག་པ་པོ་དགོས་པ། EVERY BOOK IT’S READER
ཀློག་པ་པོའི་དུས་ཚོད་ཆུད་ཟོས་སུ་མི་གཏོང་བ། SAVE THE TIME OF THE READER
དཔེ་མཛོད་ཁང་ནི་ཡར་རྒྱས་གོང་འཕེལ་གྱི་རང་བཞིན་ཡིན་པ། LIBRARY IS A GROWING ORGANISM
གཤམ་དུ་རྩོམ་རིག་རྣམ་པ་མི་འདྲ་བ་ཇི་ཙམ་ཡོད་པའི་གྲངས་འབོར།
དཔར་དུ་སྐྲུན་པའི་རྩོམ་རིག་རྣམས། Printed Documents ༩༢༩༦༢
ཉན་བྱེད་དང་ལྟ་བྱེད། སི་ཌི་རོམ། Audio, Video & CD-ROMs ༡༨༧༠༩
དཔར་དུ་མ་བསྐྲུན་པའི་སྤྱིན་ཤོག Micro Fiche & Films 9742(APPROX. 80,000 TITLES) ༡༨༥༢༢
བརྙན་དཔར། Photo Prints ༡༤༤
ཤེལ་ལེབ། Slides ༣༩༥
ཐང་ཀ། Thangka Paintings ༡༥
ཁྱོན་བསྡོམས། Total ༡༣༠༧༤༧
ཕྱི་ནང་གི་དུས་དེབ་མི་འདྲ་བ། ༥༠་བཅས་སོ། །

0 comments:

ཟིན་བྲིས་འཚོལ་ཡུལ