དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 23 January 2013

འགྲོ་བའི་ཉི་མ།


ཚུལ་ཁྲིམས་ཟླ་བ།
སྙིང་རྗེའི་དབང་ཕྱུག་བསྟན་འཛིན་རྒྱ་མཚོ།།
རིང་བའི་སྤྱན་གྱི་འོད་ཞགས་ཟླུམ་པོས།།
དད་པའི་རྗེས་འགྲོ་གངས་ཅན་པ་ཡི།།
སྡུག་གི་མུན་པ་སེལ་རོགས་གནང་ཞིག།

གངས་རིའི་ཨ་ཕ་བསྟན་འཛིན་རྒྱ་མཚོ།།
འཇམ་པའི་ཕྱག་གི་གཡབ་མོ་ཞིག་གིས།།
གོག་འགྲོས་བྱིས་པ་གངས་ཅན་བོད་ཀྱི།།
འཆོལ་བའི་གོམ་ཁ་བསྐྱོར་རོགས་གནང་ཞིག།

བྱམས་ལྡན་ཨ་མ་བསྟན་འཛིན་རྒྱ་མཚོ།།
དྲོད་ཁོལ་ཆེ་བའི་རུམ་ཁ་ཞིག་ནས།།
ལོ་གསུམ་བུ་ཆུང་གངས་ཅན་བོད་པའི།།
མདུན་གྱི་ལམ་ཁ་མཛུབ་སྟོན་གནང་ཞིག །

དུས་གསུམ་སྒྲིབ་མེད་བསྟན་འཛིན་རྒྱ་མཚོ།།
ལུགས་ཟུང་གཟིགས་པའི་མཁྱེན་རབ་གཅིག་གིས།།
ཤི་མ་གསོན་པའི་གངས་ཅན་བོད་ཀྱི།།
ལོ་རྒྱུས་གས་ཁ་བསྲུབ་རོགས་གནང་ཞིག །

བྱམས་པའི་ལྷོ་སྤྲིན་བསྟན་འཛིན་རྒྱ་མཚོ།།
བརྩེ་བའི་སྦྲང་ཆར་སིལ་མ་བབ་ཏེ།།
ཚེ་སྲོག་འབར་བའི་གངས་ཅན་བོད་ཀྱི།།
སྡུག་གི་མེ་ལྕེ་བསད་རོགས་གནང་ཞིག །

ཐབས་མཁས་མགོན་པོ་བསྟན་འཛིན་རྒྱ་མཚོ།།
གཞན་ཕན་གོམ་པའི་སྟངས་སྟབས་ཤིག་གིས།།
ངུ་དྲི་བྲོ་བའི་གངས་བུའི་གདོང་ལ།།
དགའ་བའི་འཛུམ་ཀོང་གཏོད་རོགས་གནང་ཞིག །

དབང་བཅུ་ཐོབ་པའི་བསྟན་འཛིན་རྒྱ་མཚོ།།
བསྟན་འགྲོར་སྨན་པའི་འཕྲུལ་ཐབས་ཤིག་གིས།།
དམར་པོ་རི་ལ་སྣུམ་མདོག་གཡོག་ཅིང་།།
རེ་སྒུག་སེམས་ཁ་བཀོང་རོགས་གནང་ཞིག །

ཞི་བདེའི་སྣ་འདྲེན་བསྟན་འཛིན་རྒྱ་མཚོ།།
འཚེ་མེད་ལྟ་སྤྱོད་ཟུང་དུ་འཇུག་པས།།
བརྡུང་བསྲེགས་འཕྲོག་གསུམ་འཚང་ཁ་དར་བའི།།
དབུ་ནག་ཚང་ལ་ཞི་བདེ་སྐྲུན་ཞིག །

མཁས་པའི་རྒྱལ་པོ་བསྟན་འཛིན་རྒྱ་མཚོ།།
གནའ་དེང་སྦྱོར་བའི་སློབ་ཁྲིད་ཅིག་གིས།།
ཕྱུག་རྗེས་སྙེགས་པའི་གངས་ཅན་བོད་ཀྱི།།
རྨོངས་པའི་ཞྭ་མོ་ཕུད་རོགས་གནང་ཞིག །

ཤྭཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོ།།
གནང་བཀག་གྱང་གི་ར་བ་བཙན་པོས།།
གངས་ཅན་བོད་ཀྱི་བསྟན་པའི་རྐུན་པོ།།
དེང་སང་མང་བས་སེལ་ཐབས་གནང་ཞིག །

དད་པའི་སྤུ་ལོང་གཡོས་དང་ཆབས་ཅིག །
དགའ་བའི་མཆི་མ་འཁྲུག་དང་ཆབས་ཅིག །
སྡུག་གི་སེམས་ཁམས་མྱོས་དང་ཆབས་ཅིག །
དགའ་སྡུག་ངུ་རྒོད་ཤོར་དང་ཆབས་ཅིག །

ཆུ་ཚོད་གཅིག་གིས་ཚོར་འདུ་རྣོན་པོ།།
ཆུ་ཚོད་གཅིག་ལ་མཚོ་བྱུང་དགའ་བློས།།
སྨྱུ་གུའི་སོ་ཁ་འདི་ན་བསྒྱུར་བས།།
སྨྱུག་ཐོགས་པ་རྣམས་དགྱེས་དགུར་རོལ་ཅིག །

༢༠༡༣.1.22

0 comments:

ཟིན་བྲིས་འཚོལ་ཡུལ