དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 16 February 2013

བདེན་པ་སྐྱོང་བར་སྐུལ་བའི་གཏམ།


མགོན་པོ་བསོད་ནམས།

ཀྱེ་མ་དེང་འདིར་ལྟར་སྣང་རིག་པ་ཡིས།།
རབ་རྨོངས་སྨྲ་ངན་ཝ་ཚོགས་རང་དགར་རྒྱུགས།།
ལེགས་བཤད་སྐྱེས་ཀྱིས་ཉེ་བར་འདུལ་མཁས་པ།།
སྨྲ་བའི་སེང་ཆེན་དེ་ཉིད་གཟིགས་དག་མཁྱེན།།

ལྟ་གྲུབ་ལུགས་སྲོལ་མངའ་ཁོངས་གང་ཡང་རུང་།།
རྟགས་དང་དབང་ཐང་དཔུང་ཤུགས་སོགས་མིན་པར།།
བདེན་ལུགས་བདེན་པར་སྐྱོང་བའི་སྐྱེས་བུ་གང་།།
བཀའ་བཞིན་སྤྲོ་བས་སྒྲུབ་ཅིང་བཀུར་བའི་ཡུལ།།

བདེན་པ་གཙུག་ཏུ་བཀུར་བྱེད་པ། །འཇིག་རྟེན་མཁས་པའི་སྐྱེས་ཀྱི་མཆོག།
འཇིག་རྟེན་སྒྲ་དག་ཇི་སྙེད་ལས། །བདེན་པའི་སྒྲ་ལས་སྙན་པ་གང་།།

གང་གིས་གང་ཞིག་བདེན་སྨྲ་བ། །དེ་ནི་འཇིག་རྟེན་མཛེས་པའི་རྒྱན།།
བདེན་པ་ཐབས་ཤེས་དང་མི་འབྲལ། །ཐབས་ཤེས་བདེན་པའི་མཐའ་བརྙེས་ཕྱིར།།

གང་ཞིག་བདེན་པ་ཆུང་ངུས་ཀྱང་། །འཇིག་རྟེན་རྫུན་དག་བརླག་བྱེད་ཅིང་།།
བདེན་དང་བདེན་པའི་སྟོབས་ཉིད་ཀྱིས། །ཡང་དག་ལམ་ལ་ཁྲིད་གྱུར་ཅིག །

རང་བྱུང་བཅོས་མ་ལས་རྒྱལ་ཞིང་། །དཀར་ནག་རྣམ་གཞག་ཡང་དག་འབྱེད།།
བདེན་གྲུབ་གནས་ལུགས་མཐུ་བོ་ཆེས། །གཡོ་སྒྱུའི་བསྟན་པ་ནུབ་གྱུར་ཅིག །

དེང་འདིར་རྫུན་ལ་གོམས་ཆེས་པས། །བདེན་ཞལ་མཐོང་བའི་ཡུལ་བསྐལ་ཡང་།།
སླུ་བ་མེད་པའི་བདེན་སྟོབས་མཐའ། །སྙེག་ལ་འཇིགས་མེད་གདེང་བརྙེས་ཤོག །

དངོས་རྣམས་ཀུན་ལས་སྟོབས་ཀྱི་ཕུལ། །གང་ཞིག་དྲང་ཞིང་བདེན་པ་ཉིད།།
བདེན་པའི་མགྲིན་པ་གཟེངས་མཐོ་ཞིང་། །རྫུན་གྱི་མགོ་འཕང་ཆུ་ལས་དམའ།།

གང་ལ་བདེན་པའི་དཔུང་ཡོད་ན། །དཔུང་གཞན་གང་གིས་གནོད་མི་ཚུགས།།
འཇིག་རྟེན་དག་ན་དཔུང་གི་མཆོག །བདེན་པའི་དཔུང་ཞེས་མཁས་རྣམས་གླེང་།།

གང་ཞིག་ལོག་རྟོག་མཐར་ཐུག་དང་། །སྒྲུབ་ཀྱང་འགྲུབ་དུ་མེད་པའི་དངོས།།
བདེན་པ་རྫུན་མར་སྒྲུབ་པ་དང་། །བཅོས་མས་བདེན་པའི་ཚབ་བྱེད་པ།།

རྗེས་འབྲས་བཟང་ན་ཐབས་ཡིན་ལ། །རྗེས་འབྲས་ངན་ན་གཡོ་སྒྱུར་ངེས།།
ཐབས་དང་གཡོ་ཡི་ཁྱད་པར་གཞན། །བདེན་པའི་རྩིས་ཀྱིས་ཟིན་མིན་ཉིད།།

དབང་ཐང་རིགས་རུས་འབྱོར་བ་སོགས། །གང་ཡང་མི་ཆེ་བདེན་ཉིད་ཆེ།།
གང་ལ་བདེན་པའི་ནོར་ཡོད་ན། །དངོས་གཞན་གང་གིས་མཚོན་དུ་མེད།།

རྫུན་དང་གཡོ་སྒྱུར་བརྟེན་བྱས་ཏེ། །གོང་མར་གྱུར་ཀྱང་ཆེ་དགོས་ཅི།།
བདེན་པར་གནས་པའི་དཀའ་ཐུབ་ཅན། །སྤྲང་སོགས་ཉམ་ངར་ཚུད་ཀྱང་ཆེ།།

གང་གིས་སྐབས་ཀྱི་དགོས་དབང་དང་། །འཕྲལ་སེལ་ཙམ་གྱི་རྐྱེན་གྱི་ཕྱིར།།
བདེན་ལ་སྐུར་བ་མི་འདེབས་པར། །བདེན་ཚིག་མན་ངག་སྟེན་གྱུར་ཅིག །

རྫས་སྦྱོར་སྣ་དགུའི་དུག་མཚོན་དང་། །དམག་དཔུང་བྱེ་བས་གཡུལ་བཤམ་ཡང་།།
གང་ཞིག་བདེན་པའི་བཙན་ས་ཆེ། །འཇོམས་མིན་བསྐལ་བའི་བར་དུ་གནས།།

རྫུན་གྱིས་སྡུག་དང་ངན་འགྲོར་ལྟུང་། །བདེན་པས་བདེ་དང་ཐར་ལམ་ཟིན།།
སླུ་མེད་གཤིས་ཀྱི་རྣམ་གཞག་ཆེས། །སྲིད་དང་ཞི་བའི་ངང་ཚུལ་སྨིན།།

བདེན་པར་སྨྲ་བའི་སྐྱེས་བུ་གང་། །འཇིག་རྟེན་དག་ན་ཉི་ཟླ་བཞིན།།
བདེན་པ་རྕིས་མེད་གཏོང་བྱེད་ལས། །ཉེས་ཆེན་མུན་ནག་གཞན་གང་ཞིག །

ངན་གཡོའི་བསྟན་པ་ཁ་དར་བས། །གང་ཞིག་བདེན་མཐའ་མ་གསལ་ཡང་།།
བདེན་ལ་གནས་པའི་དཀའ་ཐུབ་ཀྱིས། །རབ་དགའི་བདེ་བ་མཆོག་ཐོབ་ངེས།།

བདེན་པ་ཆུང་ཡང་རྡོ་རྗེའི་ཟེགས། །རྫུན་དཔངས་རི་བོའི་གཏོས་མཉམ་ཡང་།།
ཝུ་བ་བཞིན་དུ་སྙིང་བོས་ཕོངས། །དེས་ན་སུ་ཞིག་སྙིང་བོ་འདོར།།

གང་ལ་ཉེས་པ་གཞན་མེད་ན། །བདེན་པ་སྟེན་པས་གནོད་མི་འགྱུར།།
གང་ལ་ཉེས་པས་གོས་ན་ཡང་། །བདེན་པས་དག་ལས་གཙེ་མི་འགྱུར།།

མཆོག་དམན་གྲལ་རིམ་བདེན་པས་འབྱེད། །བདེན་པ་བཞག་ན་གང་གིས་འབྱེད།།
འཇིག་རྟེན་དག་ན་བདེན་པའི་གཤིས། །མཚོན་དུ་མེད་པའི་གནས་ལུགས་ཆེ།།

བདེན་ལ་བརྩིས་མེད་ལྟར་སྣང་དག །གཉེན་སོགས་སུས་ཀྱང་རྒྱང་དུ་འདོར།།
བདེན་ལུགས་དགྲ་ཡིས་སྐྱོང་ན་ཡང་། །དགའ་བཞིན་འཕྲལ་མར་དང་དུ་ལོངས།།

གང་ལ་བདེན་པའི་གནས་ཡོད་ན། །ལྟོས་མིན་དེ་ཡི་ཕྱོགས་སུ་ལོངས།།
སུ་ཞིག་བདེན་པའི་ཕྱོགས་སུ་ལངས། །མིར་སྐྱེས་རིན་ཐང་དོན་གོ་ཉིད།།

སྐྱེ་བོ་གང་ཞིག་བཟང་ངན་དེ། །བདེན་པར་གནས་མིན་ཁོ་ནས་འབྱེད།།
བདེན་མིན་སྐྱེ་བོས་གཞན་གང་གིས། །སྐྱོང་ཡང་མགུ་མིན་ནམ་ཞིག་སླུ།།

ཅི་འདྲའི་ཉམ་ངར་ཚུད་ཀྱང་བླ། །བདེན་པ་ནམ་ཡང་གཏོང་མིན་ཏེ།།
བདེན་ཉིད་ཉམ་ངར་མི་ལྷུང་ཞིང་།། དེ་ཡིས་ཉམ་ངའི་གཡང་ལས་སྐྱོབ།།

དྲག་ཞན་སུས་ཀྱང་བདེན་པའི་གཏམ། །བཤད་ལ་ཉེས་བ་མི་ཕོག་པར།།
བདེན་པ་དབང་བཙན་ལུགས་མཐུན་དུ། །རྟོགས་ཤིང་བདེན་པས་སྐྱོང་བ་ཤིས།།

འགའ་ཞིག་རྫུན་དང་གཡོ་སྒྱུའི་ཕྱིར། །སྲོག་སོགས་གང་ཡང་བློས་ཐོང་ན།།
བདེན་དང་བདེན་པའི་མཐའ་སྐྱོང་ཕྱིར། །མི་ཐོང་བ་ཡི་དངོས་དེ་གང་།།

གང་གིས་བདེན་ལ་རྒོལ་བྱེད་པ། །སྒོ་ངས་བྲག་ལ་བཞུས་པ་བཞིན།།
བདེན་ལ་གནས་ཤིང་སྐྱོང་བ་ནི། །ངོ་བོའི་གཤིས་ལུགས་བཀུར་བ་ཉིད།།

བདེན་འབྲས་སྨིན་ལ་མ་ལྟོས་པར། །བདེན་ལ་གནས་པ་དམ་པའི་གཤིས།།
བདེན་པར་གནས་པའི་དྲང་སྲོང་ཆེ། །འཇིག་རྟེན་ཤིས་པའི་རྒྱན་གྱི་ཕུལ།།

མི་རྣམས་བདེན་ལ་བློ་ཕྱོགས་ཤིང་། །འཇིག་རྟེན་བདེན་པས་སྐྱོང་བ་དང་།།
བདེན་པའི་དར་ཆ་མཐོ་ནས་མཐོར། །སྒྲེང་ཞིང་བདེན་ལ་ངེས་རྙེད་ཤོག།

༢༠༠༧ལོའི་སྤྱི་ཟླ6པའི་ནང་། ཨོ་སི་ཀྲེ་ལེ་ཡའི་ལྷོ་ཁུལ་གསར་བ། ཞི་བདེ་རྒྱ་མཚོའི་འགྲམ་གྱི་སུམ་རྩེན་གནས་མཆོག་ས་ལ་འཕོས་འདྲ་སྟེ་སེད་ནེའུ་ཞེས་ཡོངས་སུ་གྲགས་པའི་གྲོང་ཁྱེར་དུ། དེང་སྐབས་གོ་ལ་འདིའི་ཡུལ་ཁྱོན་གང་ས་ན་བདེན་པ་དང་གནས་ལུགས་ཀྱིས་ཕོངས་བཞིན་པས་ཡིད་རབ་ཏུ་དུབ་ཅིང་འདི་ལྟ་བུས་ཀྱང་རེ་ཞིག་སེམས་ཀྱི་གསོས་སུ་ཅུང་ཟད་ཕན་པར་འགྱུར་ན་ཅི་མ་རུང་སྙམ་སྟེ་བྲིས་སོ།། །།

0 comments:

ཟིན་བྲིས་འཚོལ་ཡུལ