དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 3 February 2013
ཀུན་མཁྱེན་རྗེས་དྲན་༼སྟོད་ཆ༽
[ མི་རྐང་གླིང་བུ། ] [ 2013-2-3 ]





༄༅།།སྔ་འགྱུར་བསྟན་པའི་ཤིང་རྟ་བ་ཆེན་པོ་ཀུན་མཁྱེན་
ངག་གི་དབང་པོ་ཀློང་ཆེན་རབ་འབྱམས་
རྗེས་སུ་དྲན་པ་དད་གསུམ་
འདབ་བརྒྱ་འབྱེད་པའི་
ཉི་མ་གཞོན་ནུ།
༡༽
སྲིད་ཞིའི་མཚར་སྡུག་ལང་ཚོའི་མེ་ཏོག་ནི།།
ཚོགས་ཟུང་བྱེ་བའི་པིར་གྱིས་ལེགས་བྲིས་པ།།
མཚོ་བྱུང་དབྱངས་ལྡན་དགའ་མའི་ཟུར་མིག་དེ།།
སྨྱུག་འཛིན་ཡིད་ཀྱི་གསོས་སུ་ཅིས་ཀྱང་སྩོལ།།
༢༽
གང་ཞིག་ཡོན་ཏན་རི་རབ་ལྷུན་པོའི་ཚད།།
བློ་ཆུང་ཁབ་ཀྱི་བུ་གར་མི་ཤོང་ཡང་།།
ཚོགས་གཉིས་གྲུ་ཆར་འཇོ་བའི་སྤྲིན་ཕུང་དུ།།
བསྟོད་པའི་དབྱར་རྔའི་སྒྲ་དབྱངས་དེ་རིང་གྲགས།།
༣༽
གདོད་ནས་ཀུན་བཟང་ཆོས་སྐུའི་རྒྱལ་ཐབས་སུ།།
ཁྱད་ཆོས་དྲུག་གིས་གྲོལ་བའི་ཟླ་བ་ཞིག།།
འདི་ན་ཚུར་མཐོང་དམན་པའི་ཆུ་སྣོད་དུ།།
སྣ་ཚོགས་སྒྱུ་མའི་རོལ་གར་སླར་ཡང་ངོམ།།
༤༽
སྲིད་ཞི་གཉིས་མེད་སྟོང་ཆེན་ཡངས་པའི་ཀློང་།།
བདེ་ཆེན༵་ཡེ་ཤེས་གཉུག་མ་དོན་གྱི་གཤིས།།
རབ༵་འབྱ༵མས་རྟག་པ་རྒྱུན་གྱི་འཁོར་ལོ་རུ།།
དགྱེས་རོལ་གདོད་མའི་མགོན་པོ་གང་དེར་འདུད།།
༥༽
བདེ་གཤེགས་རི་རབ་མར་མེའི་རྒྱལ་མཚན་དུ།།
བདེ་བར་གཤེགས་ཀྱང་སྙིགས་མའི་འགྲོ་བ་ལ།།
བདེ་ནས་བདེ་བ་བྱང་ཆུབ་མཆོག་གི་སར།།
བདེ་བར་བགྲོད་པའི་ལམ་སྟོན་དགེ་བའི་བཤེས།།
༦༽
མཚོ་སྐྱེས་རྡོ་རྗེའི་དཔལ་གྱི་མགུར་ནས་བསྔགས།།
གནས་གསུམ་མཁའ་འགྲོའི་སྲི་ཞུས་མཆོད་ལ་བྲེལ།།
རྒྱལ་བ་ཀུན་ཀྱང་དགྱེས་པའི་ཞལ་འཛུམ་པ།།
ཀུན་མཁྱེན་ཀུན་གྱི་གཙུག་ན་ལྷང་ངེ་བ།།
༧༽
མཁྱེན་པའི་རལ་གྲི་འཇམ་དབྱངས་ཐུགས་ཀྱིས་འཕྲུལ།།
བརྩེ་བའི་པདྨོ་སྤྱན་རས་གཟིགས་ཀྱིས་བརྫུས།།
ནུས་པའི་རྡོ་རྗེ་གསང་བའི་བདག་པོས་རོལ།།
རྒྱལ་བ་རྣམས་དང་ཐུགས་དགོངས་མཉམ་པར་བརྡལ།།
༨༽
འཕོ་ཆེན་དྭངས་མའི་སྐུར་བཞེངས་བི་མ་ལ།།
ཡིད་དཔྱོད་བློ་ཡིས་དཀྲུགས་པའི་རྫོགས་པ་ཆེ།།
སྙིང་ཐིག་བསྟན་པའི་ཆུ་བོ་དྭངས་བྱེད་དུ།།
ཁྱེད་གཅིག་འདི་ན་ནོར་བུ་ཀེ་ཏ་ཀ།།
༩༽
འོད་གསལ་ལྷ་ཡི་གདུང་རྒྱུད་ཚངས་པ་ལྷའི།།
རིགས་སུ་འཁྲུངས་ཚེ་གང་ཐུགས་བུམ་པའི་ལྟོར།།
པདྨ་སམྦྷའི་ཟབ་གཏེར་བདུད་རྩིས་གཏམས།།
ལྷ་ལྕམ་པདྨ་གསལ་གྱི་སྐྱེས་རབས་མཚར།།
༡༠༽
སྐྱེ་བ་སྐྱེད་མོའི་ཚལ་ལྟར་བཀྲ་བ་ཡི།།
བསམ་བརྗོད་འདས་པའི་ཡེ་ཤེས་ཁོ་ན་སྟེ།།
མཁྱེན་གཉིས་ཉི་མ་འབར་བའི་དཀྱིལ་འཁོར་ལས།།
མེ་ཁྱེར་འོད་ལ་འགྲན་པའི་བློ་ཡིས་མིན།།
༡༡༽
ཀུན་བཟང་ཐུགས་ཀྱི་བསྟན་པའི་ཞིང་ཁམས་ཆེ།།
སྐལ་བཟང་སངས་རྒྱས་སྟོང་གི་རྡོ་རྗེའི་གདན།།
དེ་ཡི་བྱང་ཕྱོགས་གངས་ཅན་རི་བོའི་རྒྱུད།།
དབུས་གཙང་ཆོས་ཀྱི་ཆོལ་ཁ་ཞེས་བྱ་བར།།
༡༢༽
མ་སྨད་རིགས་རུས་ཕུན་ཚོགས་ཆེ་བའི་གདུང་།།
མཚན་དཔེ་གཞོན་ནུ་མངལ་གྱི་པདྨོ་ལས།།
གྲོལ་བའི་ས་སྟེང་འདི་ན་བསོད་ནམས་ཀྱིས།།
དགེ་མཚན་འབུམ་གྱི་རོལ་མོ་ཅིག་ཆར་དཀྲོལ།།
༡༣༽
སྔོན་ཞིག་འཕགས་ཡུལ་ལིམ་བིའི་སྐྱེད་ཚལ་དུ།།
ལྷ་མིའི་རྣམ་འདྲེན་འཁྲུངས་པའི་ངོ་མཚར་ལྟར།།
གང་སྐུ་འདོད་ཁམས་བདག་མོའི་ཕྱག་གིས་མཆོད།།
ཉིན་མཚན་མི་འཇིགས་སྲུང་བའི་གར་སྟབས་མཛད།།
༡༤༽
ན་ཚོད་སྒོ་ངའི་སྦུབས་སུ་ཆུད་ནའང་།།
བློ་གྲོས་གཤོག་རྩལ་ཤེས་བྱའི་མཁར་རྒྱུ་བའི།།
མཁའ་ལྡིང་རྒོད་པོའི་རིགས་བཞིན་ཀློང་རྡོལ་བ།།
ངག་གི་དབང་པོ་དབྱངས་ཅན་དགྱེས་པའི་བུ།།
༡༥༽
ལུས་ཀྱི་བུམ་པ་ཆུང་བའི་རྒྱ་ཁྱོན་ལ།།
རྒྱལ་གསུང་ཟབ་མོའི་ཆུ་གཏེར་བསྐྱིལ་བའི་མོད།།
མི་བརྗེད་གཟུངས་ཀྱི་མཛོད་ལ་དབང་ཐོབ་པའི།།
མཁྱེན་རབ་སྤོབས་པའི་ཟླ་ཞིག་གང་ན་མཆིས།།
༡༦༽
བཅུ་གཉིས་བགྲང་བྱའི་འདབ་མ་བཞད་པའི་ཚེ།།
འདམ་གྱིས་མ་གོས་ངེས་འབྱུང་པདྨ་གང་།།
དྲང་སྲོང་མཆོག་གི་རྗེས་སུ་བསྟན་པའི་ལམ།།
ཆོས་འདུལ་བྷྲ་མ་ར་ཡི་དབྱངས་ཀྱིས་བཀུགས།།
༡༧༽
ལྷར་བཅས་སྐྱེ་དགུའི་མཆོད་པའི་རིན་ཆེན་ནོར།།
འཕོ་མེད་ཚུལ༵་ཁྲིམ༵ས་མཛེས་པའི་ནམ་མཁའ་ལ།།
བློ་གྲོས༵་ཉི་ཟླའི་བགྲོད་པ་མཚུངས་མེད་ཀྱིས།།
འདུལ་གཞུང་གླིང་བཞིའི་ཁོར་ཡུག་ཉིན་མོར་བྱས།།
༡༨༽
གཞུང་ལུགས་ནམ་མཁའི་མཐའ་དང་མཉམ་པ་ཡང་།།
གང་ཐུགས་མཁྱེན་པའི་རྒྱ་ལས་མི་འགོངས་པ།།
སྲིད་ན་ཤེས་བྱའི་ཆོས་ཀུན་དུས་གཅིག་དུ།།
མཁྱེན་པའི་ཡེ་ཤེས་ཁྱེད་ལ་རིང་ནས་མངའ།།
༡༩༽
གང་ཚེ་ལུང་རིགས་མེ་ལྕེའི་འཕྲུལ་འཁོར་གྱིས།།
མཁས་རློམ་ཀུན་རྟོག་ཚང་ཚིང་ཐལ་བར་བྱས།།
རྒྱན་དྲུག་མཆོག་གཉིས་དགོངས་པར་རོ་མཉམ་པའི།།
ལུང་རྟོགས་བསྟན་པའི་གཏེར་གཅིག་ཁྱེད་ཁོ་ན།།
༢༠༽
དད་པའི་སྙིམ་པ་ཚངས་པའི་སར་བཀོད་དེ།།
ཆོས་ཀྱི་རྒྱལ་སྲིད་མཐོ་བའི་ཁྲི་འཕང་དུ།།
རྣམ་འདྲེན་དགེ་བའི་བཤེས་ཀྱི་ཞབས་སེན་ལ།།
བསྟེན་པའི་རྣམ་ཐར་སྟོང་གསུམ་ཁྱོན་ན་དབེན།།
༢༡༽
འཕགས་བོད་མཁས་གྲུབ་ཐང་མར་བརྡལ་བ་ན།།
ལན་སྟོང་བཙོ་སྦྱངས་བྱས་པའི་ཞུན་མའི་གསེར།།
ཀུན་དང་མི་མཚུངས་ཆེ་བའི་ཡོན་ཏན་གྱི།།
འོད་ཀྱིས་ནམ་མཁའི་ཁམས་ཀྱང་མོག་པོར་བྱས།།
༢༢༽
ཕྱོགས་གླང་ཆོས་གྲགས་རིག་པའི་གྲི་ལས་རྣོ།།
དགེ་དབང་དཔའ་བོའི་རྩོམ་པའི་དབྱངས་ལས་སྙན།།
མང་ཐོས་དབྱིག་གཉེན་ཉིད་ལས་མཁྱེན་པ་ཟབ།།
སྔོན་མེད་འཛམ་གླིང་མཛེས་པའི་རྒྱན་གཅིག་ཁྱེད།།
༢༣༽
སྦྱངས་བརྩོན་ངལ་བས་ཞབས་ཟུང་མ་འགུལ་ཀྱང་།།
རིམ་དགུའི་ཐེག་པའི་རྩེ་ལ་བྱོན་གྱུར་ཅིང་།།
ཡང་སངས་རྒྱས་པའི་སྒྱུ་མའི་བརྫུ་བག་གིས།།
སླར་ཡང་ཤེས་བྱ་ཀུན་ལ་ཐོགས་མེད་མཛད།།
༢༤༽
ལོངས་སྤྱོད་རྩེ་དགའི་ཆུ་གཏེར་འཁྱིལ་བའི་དབུས།།
བཅུ་དྲུག་འཁོར་ལོས་མཛེས་པའི་པདྨོ་རུ།།
དབྱངས་ཅན་བུ་མོའི་དགྱེས་པའི་གར་མཛད་ཚེ།།
ཀློང་རྡོལ་བསུང་ཞིམ་ཆོས་ཀྱི་གསང་མཛོད་ཕྱེས།།
༢༥༽
དམན་པའི་ས་བཟུང་ཧྲིལ་བོའི་གོས་གྱོན་ཅིང་།།
ཆོས་ཕྱིར་ཕང་བའི་སྲོག་ཀྱང་འདོར་ནུས་པ།།
སྔོན་ཚེ་ཆུ་ཀླུང་འགྲམ་དུ་དོན་ཀུན་གྲུབ།།
དེང་འདིར་ཀུན་མཁྱེན་བསམ་ཡས་ལུང་མང་པ།།
༢༦༽
རིང་བརྒྱུད་བཀའ་ཡི་ཆུ་བོ་ཧུབ་ཀྱིས་དྲངས།།
ཉེ་བརྒྱུད་གཏེར་གྱི་རྒྱ་མཚོ་ལྟོ་བར་བསྐྱིལ།།
ཐེག་རྩེ་ཨ་ཏི་ཡོ་གའི་གླུ་ལེན་པའི།།
ངག་གི་དབང་པོ་སྙན་ངག་སྨྲ་བའི་སྲོག།།
༢༧༽
གངས་ཀྱི་རི་སུལ་གྲུབ་པའི་མལ་ས་ན།།
ངེས་དོན་སྙིང་པོའི་རྣལ་འབྱོར་དབེན་པའི་ཚེ།།
བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་རོ་བཅུད་ཀུན།།
རྩོལ་མེད་མྱོང་བའི་རྣམ་ཐར་སུ་ཡིས་འགྲན།།
༢༨༽
ཚུར་མཐོང་བློ་ལས་འགོངས་པའི་ངོ་མཚར་གྱི།།
ཆོས་ཉིད་བསམ་མི་ཁྱབ་པའི་གཟིགས་མོ་འབུམ།།
ཡེ་ཤེས་ཉི་མ་ཁོང་ནས་ཤར་བ་ལས།།
ཀུན་མཁྱེན་དཀྱིལ་འཁོར་ཆ་ཤས་བྲི་གང་བྲལ།།
༢༩༽
གངས་རིའི་མགུལ་ན་སྤྲིན་གྱིས་ཉེར་མཛེས་པའི།།
ཀུན་བཟང་དགོངས་པའི་རང་སྣང་ག་ལ་བར།།
བློ་འདས་ཆོས་སྐུའི་རྒྱལ་སར་དབང་འབྱོར་བ།།
ཐེག་མཆོག་སྟོན་པའི་ཞལ་སྐྱིན་མཚུངས་པ་མེད།།
༣༠༽
འབུམ་ཕྲག་དྲུག་ཅུ་རྩ་བཞིའི་རྫོགས་ཆེན་རྒྱུད།།
ལྟ་བའི་རྒྱལ་པོ་རི་རབ་རྩེ་མོ་ནས།།
བློས་བྱས་ཐེག་བརྒྱད་རི་གླིང་ས་ལེར་གཟིགས།།
རྒྱལ་གསུང་ཟབ་མོའི་དེ་ཉིད་ཁྱེད་ཀྱིས་རྟོགས།།
༣༡༽
སྟོང་པའི་མཁའ་རུ་མ་ལྷུང་ཡེ་ཤེས་ཡུལ།།
སྣང་བའི་གཟུགས་སུ་མ་གྲུབ་བརྗོད་ལས་འདས།།
མདོ་སྔགས་དགོངས་པའི་ཆུ་བོ་མཐར་ཐུག་ན།།
ཐུབ་བསྟན་རྒྱ་མཚོར་ལེགས་འདྲེན་ཁྱེད་མཚུངས་སུ།།
༣༢༽
ཚོགས་གཉིས་རྒྱ་མཚོ་འཁྱིལ་བའི་ཞལ་སྒོ་ལས།།
ལེགས་འོང་བཀའ་ཡི་ཟླ་བ་གཉིས་པ་ཞིག།།
བསིལ་ལྡན་གདུལ་བྱའི་བསོད་ནམས་འཕེལ་བའི་མཁར།།
སྔོན་མེད་ཀུན་མཁྱེན་ལེགས་བཤད་འདི་ན་ཤར།།
༣༣༽
བརྗོད་མེད་བརྗོད་པའི་གཞིར་གྱུར་འཇམ་པའི་དབྱངས།།
ཐུགས་དང་ཐུགས་སུ་འདྲེས་པའི་ཤུགས་འབྱུང་གི།
ཀློང་རྡོལ་ཀློང་ཆེན་དགོངས་པའི་གསང་མཛོད་ཀྱི།།
རིན་བྲལ་རིན་ཆེན་རྒྱལ་སྲིད་བདུན་གྱི་གྲངས།།
༣༤༽
འབད་རྩོལ་སྡུག་སྒུར་ལས་འདས་ཀུན་མཁྱེན་གྱི།།
གསུང་བའི་ལེགས་བཤད་ཚིག་གི་རོ་གཅིག་ཀྱང་།།
མྱོང་བའི་སྐལ་བཟང་སྙིགས་མའི་མཐའ་འདི་ན།།
ཀློང་ཆེན་བརྒྱུད་པའི་གྲལ་དུ་ཅིས་མི་དབང་།།
༣༥༽
གསུང་རབ་དགོངས་འགྲེལ་ཀུན་གྱི་ཉིང་བཅུད་རྫོགས།།
རྫོགས་པའི་སངས་རྒྱས་ཚེ་གཅིག་ཐོབ་པའི་ལམ།།
ལམ་གྱི་མཆོག་གྱུར་རྩོལ་མེད་སྙིང་ཐིག་གི།
ཀློང་ཆེན་ཆོས་ཀྱི་རྒྱལ་པོ་དེ་རིང་དྲན།།
༣༦༽
མཚན་ཉིད་ཐེག་པའི་ལྟེ་བ་ཀུན་ནས་ཟླུམ།།
རྡོ་རྗེའི་ཐེག་པའི་རྩིབས་སྟོང་ཅིག་ཆར་བཀྲ།།
ཡོངས་རྫོགས་ཐུབ་བསྟན་མཛེས་པའི་མུ་ཁྱུད་ཅན།།
ཀློང་ཆེན་ཆོས་ཀྱི་འཁོར་ལོ་དེ་རིང་དྲན།།
༣༧༽
ལུང་རིག་བྱེ་བ་འབུམ་གྱི་ཁ་རྒྱན་མཛེས།།
མན་ངག་སྙིང་པོའི་བདུད་རྩིས་ཡོངས་སུ་གཏམས།།
བྱིན་བརྒྱུད་དགོངས་པའི་ལྟོ་བ་ལེགས་པར་རྒྱས།།
ཀློང་ཆེན་ཆོས་ཀྱི་བུམ༵་པ༵་དེ་རིང་དྲན།།
༣༨༽
ཐོས་བསམ་སྒོམ་པའི་འདབ་མ་ཕྱོགས་སུ་བཞད།།
འཆད་རྩོད་རྩོམ་པའི་ཟེའུ་འབྲུ་ཡོངས་སུ་རྒྱས།།
རྗེས་འཇུག་རྐང་དྲུག་སྐྱོང་བར་ཟུམ་པ་མེད།།
ཀློང་ཆེན་ཆོས་ཀྱི་པདྨོ་དེ་རིང་དྲན།།
༣༩༽
ལོག་རྟོག་རི་བོ་བསྙིལ་བའི་ཟིལ་ཤུགས་ལྡན།།
ངེས་ཤེས་སྒྲོན་མེ་བརྟན་པའི་བྱིན་རླབས་མངའ།།
ལུས་ཅན་གདུལ་བྱའི་ཡིད་མཁར་མི་ནུབ་པའི།།
ཀློང་ཆེན་ཆོས་ཀྱི་རྒྱལ༵་མཚ༵ན་དེ་རིང་དྲན།།
༤༠༽
སྐལ་བཟང་གདུལ་བྱའི་རྣ་བའི་བདུད་རྩི་མཆོག།
མཁས་པའི་ཁྱུ་ཚོགས་མགུ་བའི་ལེགས་བཤད་ནོར།།
སྲིད་ཞིའི་ཁོངས་ན་འཁྲོལ་བའི་གྲགས་སྙན་གླུ།
ཀློང་ཆེན་ཆོས་ཀྱི་དུང༵་དཀར༵་དེ་རིང་དྲན།།
༤༡༽
ཐུབ་བསྟན་རྒྱ་མཚོ་ལེགས་པར་འཁྱིལ་བའི་དབུས།།
ལུང་རིགས་རྣམ་དག་གསེར་གྱི་ཞུན་མ་མཛེས།།
རྣམ་དཔྱོད་འཁྱུག་འགྲོས་རྫོགས་པའི་ལང་ཚོ་ཅན།།
ཀློང་ཆེན་ཆོས་ཀྱི་གསེར་ཉ༵་དེ་རིང་དྲན།།
༤༢༽
ཐུགས་ཀྱི་གསང་བ་མི་འགྱུར་རྡོ་རྗེའི་གཤིས།།
སྤྲོས་པའི་དྲ་ཟུར་ཀུན་བྲལ་ཐིག་ལེའི་ཀློང་།།
ཡེ་ཤེས་དགོད་པའི་ཇི་བཞིན་མཁྱེན་པ་ཉིད།།
ཀློང་ཆེན་ཆོས་ཀྱི་དཔ༵ལ་བེའུ༵་དེ་རིང་དྲན།།
༤༣༽
རྟག་ཆད་མཐའ་རུ་ལྷུང་བའི་ཚ་གདུང་སེལ།།
སྲིད་ཞིའི་མཐའ་ལ་མི་གནས་བསིལ་སྦྱིན་སྩོལ།།
རྣམ་གྲོལ་མཆོག་གི་འཇུག་ངོགས་དམ་པའི་ཡུལ།།
ཀློང་ཆེན་ཆོས་ཀྱི་གདུག༵ས་དཀ༵ར་དེ་རིང་དྲན།།
༤༤༽
ཐེག་དམན་ཚོགས་ལམ་སྐས་ཀྱི་རིམ་པ་ནས།།
ཐེག་མཆོག་མི་སློབ་ལམ་གྱི་འབྲས་བུའི་ཁྲིར།།
ཐེག་པའི་དབྱེ་སྒོ་ཁམས་དབང་མོས་པ་བཞིན།།
ཐེག་ཀུན་སྟོན་པའི་འདྲེན་པ་དེ་རིང་དྲན།།
༤༥༽
ཐོས་པའི་གཟིངས་སུ་ཞུགས་པའི་ལས་ཅན་རྣམས།།
བསམ་པའི་དར་ཤིང་བསྐྱོད་པའི་ལུང་རིག་རླུང་།།
སྒོམ་པའི་རིན་ཆེན་གླིང་དུ་ལེགས་འཁྲིད་པའི།།
ཆོས་ཀྱི་དེད་དཔོན་དམ་པ་དེ་རིང་དྲན།།
༤༦༽
གང་ཞིག་དད་དམ་གཙང་བའི་རྗེས་འཇུག་ལ།།
ཐུགས་རྗེས་བྱིན་རླབས་གྲུབ་གཉིས་ཆར་འཇོ་བའི།།
སྤང་རྟོགས་མཐར་སོན་མཛད་པའི་རོལ་མོ་ཅན།།
མཁས་གྲུབ་དབྱར་རྔའི་སྒྲ་དབྱངས་དེ་རིང་དྲན།།
༤༧༽
དུ་མར་སྣང་ཡང་གཅིག་ཏུ་མ་གྲུབ་ལ།།
གཅིག་ཏུ་བརྗོད་ཀྱང་ཀུན་ཁྱབ་དུ་མའི་ཚུལ།།
སོ་སོར་གདུལ་བྱའི་ཆུ་སྣོད་བྱེ་བ་བརྒྱར།།
སྣང་བའི་བསིལ་ཟེར་ཅན་ཁྱེད་དེ་རིང་དྲན།།
༤༨༽
མཚན་ཉིད་གྲུབ་མཐའ་བཞི་ཡི་གླིང་བཞི་བཀོད།།
ཕྱི་ནང་གསང་སྔགས་རི་རབ་ལྷུན་པོའི་རྩེར།།
ཀ་དག་ལྷུན་གྲུབ་ཉི་ཟླའི་བགྲོད་པ་མཛེས།།
ཡོངས་རྫོགས་ཐུབ་བསྟན་མཛེས་རྒྱན་དེ་རིང་དྲན།།
༤༩༽
ཇི་སྙེད་དམ་ཆོས་མཐའ་དག་ཐོང་གཤོལ་གྱིས།།
རང་རྒྱུད་དུག་ལྔའི་ས་རྒོད་ལེགས་འདུལ་ཅིང་།།
སངས་རྒྱས་རང་ལས་འཚོལ་བའི་ཞིང་ས་རུ།།
སྐུ་གསུམ་ལོ་ཏོག་སྩོལ་ཁྱེད་དེ་རིང་དྲན།།
༥༠༽
ཚིག་སྐམ་སྡོང་པོའི་རྩ་བར་མི་རེག་ལ།།
དོན་མེད་སྤྲོས་པའི་ཡལ་ག་མི་འཚོལ་ཞིང་།།
གཅིག་ཤེས་ཀུན་གྲོལ་སྙིང་པོའི་འབྲས་བུ་ལ།།
ལོངས་སྤྱོད་དམ་པའི་མགོན་ཁྱེད་དེ་རིང་དྲན།།

0 comments:

ཟིན་བྲིས་འཚོལ་ཡུལ