དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 2 February 2013
ཨོ་རྒྱན་ཡུལ་དུ་སྤྲིངས་པའི་འཕྲིན།
[ མི་ཁོམ་པའི་རྒྱལ་སྲས། ] [ 2013-2-2 ]



ཨེ་མ་ཧོ།
དེ་རིང་ནི་ཡར་ངོའི་ཚེས་བཅུ།།
གྲྭ་རྐྱང་ངས་སྐད་འབོད་རྒྱག་དོན།།
ཉི་ཤར་གྱི་འོད་ཟེར་ཁུགས་ན།།
ནུབ་མཐའ་ཡི་མཚམས་སྤྲིན་ཀློང་ན།།
བོད་དོན་ལ་ཐུགས་བརྩེ་ཅན་པོ།།
པད་འབྱུང་ལ་གསོལ་འདེབས་ཞུ་འོ།།
སྲིན་པོ་རྣམས་ཆོས་ལ་བཀུག་རྗེས།།
མྱུར་མྱུར་དུ་བོད་ལ་ཕེབས་ཤོག།
བདེ་སྐྱིད་ཀྱི་ཉི་ཟེར་གཉོམ་པོ།།
མི་འདོད་པའི་སྤྲིན་གྱིས་བཀབ་བྱུང་།།
པད་འབྱུང་གི་རྡོ་རྗེ་གཡོར་དང་།།
ཕྱི་ནང་གི་བར་ཆད་སེལ་ཤོག།
ཞི་དུལ་གྱི་མཛེས་ལྗོངས་ཡངས་པོར།།
རིག་གསར་གྱི་བཟོ་གྲྭ་བཙུགས་བྱུང་།།
ནང་སེམས་ཀྱི་གཏེར་ཁ་སློག་དུས།།
ཐོས་ཉུང་གི་ལྷན་པོས་མི་ཁེབས།།
པད་འབྱུང་གི་རྡོ་རྗེ་གཡོར་དང་།།
ཕྱི་ནང་གི་བར་ཆད་སེལ་ཤོག།
བྱིས་བློ་ཡི་ས་གཞིའི་ངོས་ནས།།
དད་མོས་ཀྱི་ཞིང་ཁམས་བཞེངས་ཡོད།།
ཆོས་བརྒྱད་ཀྱི་ས་ཡོམ་བྱུང་དུས།།
དག་སྣང་གི་རྩིག་པས་མི་བརྟན།།
པད་འབྱུང་གི་རྡོ་རྗེ་གཡོར་དང་།།
ཕྱི་ནང་གི་བར་ཆད་སེལ་ཤོག།
གྲྭ་རྐྱང་གི་སེམས་པའི་གཞོང་དུ།།
འདོད་ཡོན་གྱི་ཆར་བ་བབས་བྱུང་།།
སྲེད་ཞེན་གྱི་ཆུ་ལོག་རྒྱུགས་དུས།།
དམ་ཚིག་གི་ལྕགས་རིས་མ་བཅུན།།
པད་འབྱུང་གི་རྡོ་རྗེ་གཡོར་དང་།།
ཕྱི་ནང་གི་བར་ཆད་སེལ་ཤོག།
གསར་རྙིང་གི་གྲུབ་མཐའ་བར་ནས།།
དགོས་མེད་ཀྱི་བུད་ཤིང་བརྩིགས་བྱུང་།།
ཕྲག་དོག་གི་མེ་ལྕེ་འཁྲུགས་དུས།།
རིགས་ཞེན་གྱི་རགས་ཀྱིས་མི་ཁེགས།།
པད་འབྱུང་གི་རྡོ་རྗེ་གཡོར་དང་།།
ཕྱི་ནང་གི་བར་ཆད་སེལ་ཤོག།
ཞི་སྒོམ་གྱི་གཡུ་སྦྲང་གཞོན་ནུ།།
ཏིང་འཛིན་གྱི་པད་རྩེར་བབས་བྱུང་།།
བྱིང་རྒོད་ཀྱི་རླུང་བུ་གཡུགས་དུས།།
ཨུ་ཚུགས་ཀྱི་བྲག་ཕུག་བཤིག་འགྲོ།
པད་འབྱུང་གི་རྡོ་རྗེ་གཡོར་དང་།།
ཕྱི་ནང་གི་བར་ཆད་སེལ་ཤོག།
ཡིད་གཉིས་ཀྱིས་ཐེ་ཚོམ་མེད་པར།།
ནངས་དགོང་ལ་གསོལ་འདེབས་ཞུས་ན།།
སྐུ་ཉིད་ལ་འདས་འཁྲུངས་མེད་པར།།
དུས་རྒྱུན་དུ་སྒོ་ཉལ་ཡོད་སྐད།།
པད་འབྱུང་གི་རྡོ་རྗེ་གཡོར་དང་།།
ཕྱི་ནང་གི་བར་ཆད་སེལ་ཤོག།
མྱོས་བུམ་གྱི་བཙན་རྫོང་ལྟག་ནས།།
འཛུམ་མདངས་ཀྱི་གཞུ་རྒྱུད་བཀུག་ཏེ།།
ཟུར་མིག་གི་མདའ་མོ་རྣོན་པོར།།
རས་གཟན་གྱི་གོ་ཁྲབ་མི་ཡོང་།།
པད་འབྱུང་གི་རྡོ་རྗེ་གཡོར་དང་།།
ཕྱི་ནང་གི་བར་ཆད་སེལ་ཤོག།
སྤྱོད་ངན་དག་རང་གིས་བྱས་རྗེས།།
དུས་ངན་ལ་ལེ་བདའ་བྱེད་པའི།།
མི་རབས་འདི་འགྱུར་བ་ཐེབས་ནས།།
བསོད་ནམས་ཀྱི་རྩམ་ཁུག་ལྡག་དུས།
རྒྱུགས་ཁྱི་ལ་སྡང་བས་མི་ཕན།།
པད་འབྱུང་གི་རྡོ་རྗེ་གཡོར་དང་།།
ཕྱི་ནང་གི་བར་ཆད་སེལ་ཤོག།
ཐབས་ཤེས་ཀྱི་གཏེར་ཆོས་ཟབ་མོ།།
བསམ་ཡས་ཀྱི་དབུ་རྩེར་མཆིས་ན།།
ད་ལྟ་ནས་ལེན་དུ་འགྲོ་ཡ།།
སྡུག་བསྔལ་འདི་ཟློག་ཐབས་བྱེད་དོ།།
པད་འབྱུང་གི་རྡོ་རྗེ་གཡོར་དང་།།
ཕྱི་ནང་གི་བར་ཆད་སེལ་ཤོག།
སྙིགས་དུས་ཀྱི་སྐྱེ་བོ་འདི་རྣམས།།
ཉོན་མོངས་ལ་འཇོལ་ཉོག་བཙན་པོས།།
འདོད་ལྷ་ཡི་མདའ་ལྔས་བསྣུན་དུས།།
དྲང་སྲོང་གི་སྒོམ་ཐག་ལྷོད་འགྲོ།
པད་འབྱུང་གི་རྡོ་རྗེ་གཡོར་དང་།།
ཕྱི་ནང་གི་བར་ཆད་སེལ་ཤོག།
སྤུས་དག་གི་རྒྱ་སོག་མཛེས་མ།།
ཧུར་ཐུལ་གྱི་དམག་དཔུང་ཡན་རེད།།
སྡེ་བརྒྱད་ཀྱི་རོགས་དན་མེད་ན།།
ཁེར་རྐྱང་གིས་ཟློག་པར་དཀའ་འོ།།
པད་འབྱུང་གི་རྡོ་རྗེ་གཡོར་དང་།།
ཕྱི་ནང་གི་བར་ཆད་སེལ་ཤོག།
ལོ་ཆུང་གི་རྡོ་རྗེ་སྤུན་གྲོགས།།
མུན་ནག་གི་དོང་དུ་བཅུག་ཡོད།།
ཚེ་ཟད་མིན་བར་ཆད་ཡིན་ན།།
སྐུ་ཉིད་ནས་ངེས་པར་སེལ་ཟེར།།
པད་འབྱུང་གི་རྡོ་རྗེ་གཡོར་དང་།།
ཕྱི་ནང་གི་བར་ཆད་སེལ་ཤོག།
སྐྲ་ལོ་ནི་ཉོན་མོངས་མ་ཡིན།།
གོས་དཀར་དེ་འཁོར་བ་མ་རེད།།
འདོད་ཡོན་གྱིས་གཡབ་མོ་གཏོང་དུས།།
ཚུལ་ཁྲིམས་ཀྱི་ནོར་བུ་བརྐུས་འགྲོ།
པད་འབྱུང་གི་རྡོ་རྗེ་གཡོར་དང་།།
ཕྱི་ནང་གི་བར་ཆད་སེལ་ཤོག།
འབྱུང་བཞི་ཡི་བར་ཆད་བྱུང་ཐལ།།
དགྲ་ཇག་གི་འཇིགས་པ་བསྟན་ཡོང་།།
གྱད་རྩལ་གྱི་དཔའ་རྒོད་ཡིན་ན།།
ང་ཚོ་ལ་མགོན་སྐྱབས་གནོངས་ཤོག།
པད་འབྱུང་གི་རྡོ་རྗེ་གཡོར་དང་།།
ཕྱི་ནང་གི་བར་ཆད་སེལ་ཤོག།
དགྲ་དམག་དང་བདུད་རིགས་བྱེ་བས།།
མཚོན་ཆ་ཡི་ཆར་ཆེན་ཕབ་དུས།།
སྦྲ་གུར་གྱིས་བཙན་རྫོང་མི་ཉན།།
རྡོ་རྗེ་ཡི་གུར་ཆེན་ཕུབ་རོགས།
པད་འབྱུང་གི་རྡོ་རྗེ་གཡོར་དང་།།
ཕྱི་ནང་གི་བར་ཆད་སེལ་ཤོག།
འཛམ་གླིང་སྒང་སྡུག་བསྔལ་མང་ཞིང་།།
ཁྱད་པར་དུ་བོད་འབངས་མནར་དུས།།
མོས་གུས་ཀྱིས་གསོལ་འདེབས་ཞུ་མཁན།།
བོད་པ་ཚོར་སྤྱན་གྱིས་གཟིགས་སམ།།
པད་འབྱུང་གི་རྡོ་རྗེ་གཡོར་དང་།།
ཕྱི་ནང་གི་བར་ཆད་སེལ་ཤོག།
སྲིན་པོ་རྣམས་བཏུལ་ནས་ཨེ་ཚར།།
བོད་འབངས་རྣམས་བདེ་བར་ཨེ་འགོད།།
ལྷོ་ནུབ་ཏུ་ཞལ་གཟིགས་མ་གནང་།།
ཕྱིར་ལྟོས་དང་ལྟད་མོ་གདའ་འོ།།
པད་འབྱུང་གི་རྡོ་རྗེ་གཡོར་དང་།།
ཕྱི་ནང་གི་བར་ཆད་སེལ་ཤོག།
དེ་རིང་ཉིན་རྒྱབ་ཉི་མ་ནུབ་ཏུ་ཡིབ་ཁར་དགོན་པའི་རྒྱབ་རིའི་སྟེང་དུ་པར་རྒྱག་ཞོར་ནུབ་ཁའི་མཚམས་སྤྲིན་དམར་པོའི་འོག་ཏུ་བྱ་ཚོགས་ཚང་ལ་བསྙེགས་པ་མཐོང་བས་གློ་བུར་ པད་འབྱུང་གི་རྡོ་རྗེ་གཡོར་རྒྱུ་ཞིག་སེམས་སུ་འཁོར་བས་གང་དྲན་ཐོལ་བྱུང་དུ་བྲིས་པ་འདི་ཡང་རྩོམ་ཉོག་གིས་དྲ་ངོས་རྫོབ་མཁན་མི་ཁོམ་པའི་རྒྱལ་སྲས་སུ་འབོད་པས་༢༠༡༢་༡༢་༡༠་ལ།

0 comments:

ཟིན་བྲིས་འཚོལ་ཡུལ