དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 8 February 2013
གདུང་དབྱངས་ཐོལ་བྱུང་མ།


མཁྱེན་ཐུགས་ཉི་ཟླའི་འོད་ཞགས་དཀར་པོ་ལས། །འཇིགས་མེད་སྨྲ་བའི་ཟེར་ཕྲེང་ཆ་རེས་ཀྱང་། །ཡིད་ཅན་སྙིང་གི་མུན་པ་མཐར་བྱེད་མཐུ། །ཁོང་ནས་རྫོགས་པའི་ཆོས་རྗེ་བླ་མ་དྲན། །མཁས་པས་མདོ་སྔགས་གཞུང་བརྒྱར་ཆགས་ཐོག་བྲལ། །གྲུབ་པས་ལས་བཞིའི་དཔལ་ལ་མངའ་དབང་འབྱོར། །ཕུན་ཚོགས་གྲགས་པ་དཀར་པོ་མཚན་སྙན་ཅན། །བདག་གི་འདྲེན་མཆོག་ཆོས་རྗེ་བླ་མ་དྲན། །དུས་ཀྱིས་བསླད་པའི་ཐུབ་བསྟན་རྙོག་མའི་རྡུལ། །བགྲུང་བྱེད་འཇམ་ཡིག་དམར་པོའི་ཀེ་ཏ་ཀས། །གཞི་གསུམ་རྒྱུན་ལ་དྭངས་གཙང་དཔལ་སྣོན་པའི། །གནས་བསྟན་ཆེན་པོ་ཆོས་རྗེ་བླ་མ་དྲན། །བསིལ་ལྡན་ཁོར་མོ་ཡུག་གི་གྲུབ་མཐའ་དག །འགལ་མེད་དག་གཟིགས་ཡེ་ཤེས་སྤྱན་རྒྱས་ཤིང་། །བཀའ་གཏེར་ཟུང་ལྡན་བསྟན་པའི་སྙིང་ཁུ་ལ། །ཡང་དག་དབང་བའི་ཆོས་རྗེ་བླ་མ་དྲན། །ལྟ་སྣང་མཛེས་ཆོས་འཇའ་ཡི་རི་མོ་ཡིས། །བསྟན་པའི་ལ་རྒྱ་ཟིན་པར་རློམ་པའི་དུས། །ལུང་རྟོགས་དཔུང་བ་གཏུམ་པོའི་ཤེ་མོང་གིས། །སྙིང་པོའི་བསྟན་སྲུང་ཆོས་རྗེ་བླ་མ་དྲན། །འཕགས་བོད་མཁས་དགུའི་དགོངས་དབྱིངས་ལས་བྱུང་ཞིང་། །རོང་ཀློང་ཐུགས་བཅུད་ཉི་ཟླའི་གཟི་བྱིན་ཅན། །རིང་བརྒྱུད་བཀའ་མའི་དབང་ལུང་མན་ངག་གི །བཀའ་དྲིན་སྩོལ་མཛད་ཆོས་རྗེ་བླ་མ་དྲན། །པདྨའི་ཞལ་གདམས་དྲོད་རླངས་མ་ཡལ་བའི། །ཟབ་གསང་གཏེར་གྱིས་བསྟན་ཞབས་སྐྱོང་བ་ལ། །གྲུབ་བརྒྱས་ལུང་ཟིན་ཚད་མས་དཔྱད་བཟོད་པའི། །ཉེ་བརྒྱུད་གཏད་བརྒྱའི་བཀའ་བབ་ཆོས་རྗེ་དྲན། ། རྩེ་གཅིག་ཉམས་སུ་ལེན་པའི་གང་ཟག་ལ། །ཚེ་གཅིག་གདོད་མའི་བཙན་ས་སྤྲོད་ནུས་པའི། །ཆོས་གཅིག་འོད་གསལ་ཐེག་པའི་སྙིང་ཁུ་ཡི། །ཐབས་གཅིག་སྟོན་མཁས་ཆོས་རྗེ་བླ་མ་དྲན། །སྨོན་འཇུག་བདུད་རྩིས་ཐུགས་རྩ་རབ་བརླན་ཅིང་། །རིམ་གཉིས་ལམ་ལ་ནང་བྱན་ཆུད་པ་ཡིས། །གསང་ཆེན་ཆོས་རྒྱུན་སྐྱོང་བའི་བུ་སློབ་སྡེ། །བསྐྲུན་པའི་བྱེད་པོ་ཆོས་རྗེ་བླ་མ་དྲན། །ཞལ་གྱི་དཀྱིལ་འཁོར་མཇལ་བ་ཙམ་གྱིས་དང་། །གསུང་གི་བདུད་རྩིའི་སློབ་སྟོན་ཕྲ་མོས་ཀྱང་། །གདུལ་བྱའི་ཞིང་ལ་རྣམ་དཀར་འབྲས་བཟང་པོའི། །ས་བོན་བཏབ་པའི་བཀའ་དྲིན་སྙིང་ལ་ལྕི། །ཆོས་རྗེ་བླ་མའི་གསང་བ་གསུམ་གྱི་དཔལ། །རྡོ་རྗེའི་ཆོས་བདུན་རྫོགས་པའི་བདག་ཉིད་དུ། །ཡེ་ནས་གྲུབ་མོད་ཐ་མལ་གདུལ་བྱའི་ངོར། །མི་རྟག་སྣང་ཚུལ་བསམ་ན་བསོད་ནམས་དམན། །འོན་ཀྱང་དྲན་པའི་མོད་ལ་དད་པའི་སེམས། །དགོངས་པའི་ཀློང་དང་བསྲེས་པ་ཙམ་གྱིས་ཀྱང་། །དཔོན་སློབ་འདུ་འབྲལ་མེད་ཅེས་ཞལ་གྱི་ཆེམས། །སྙིང་ལ་བཀའ་རྒྱས་བཏབ་དེ་ངལ་གསོའི་སྟེགས། །དེ་བཞིན་རང་ཉིད་མ་ཞན་ན། །ཚེ་གཅིག་ལམ་སྣ་ཟིན་པའི་ཐབས། །ཡོད་དགུ་ཐུགས་ནས་ཕངས་མེད་དུ། །གནང་བའི་ཚུལ་དེ་སྐལ་བ་སྦོམ། །ཚེ་སྔོན་སྨོན་ལམ་དཀར་པོའི་འོད། །ཁྱེད་ཀྱི་གདུལ་བྱར་ཕོག་པ་ཡི། །རྣམ་པར་དགེ་བའི་རྟགས་བཟང་དེ། །དྲན་ན་སྙིང་ཁམས་དྲོད་དུ་སིམ། །སྙིགས་པའི་དུས་སུ་སྐྱེས་ན་ཡང་། །སྙིགས་འགྲོའི་མགོན་པོ་གང་ཉིད་ཀྱི། །ཞལ་མཇལ་གསུང་གི་སྙིང་ཁུ་ལ། །དབང་བའི་ཚུལ་དེ་བསོད་ནམས་ཆེ། །ལྷག་པར་ཐུགས་ཀྱི་གནས་གཅིག་པུ། །དྭངས་བསིལ་རི་བོ་རྩེ་ལྔ་ནས། །རྡོ་རྗེའི་ལུང་བསྟན་གནང་བ་ཡི། །བསྐལ་བཟང་དྲན་ན་ཤི་ཡང་སྤྲོ། །འདྲ་འདྲ་འགྲིག་འགྲིག་མང་པོའི་ཚོན། །རྣམ་དཔྱོད་ཤོག་སྐྱས་མ་ཟིན་ཡང་། །གང་གི་མན་ངག་ཐིག་པ་གཅིག ། སྙིང་ལ་གནས་ན་ཡོངས་སུ་མགུ། །ཆེ་ཆེ་གཉན་གཉན་གྲགས་པའི་སྒྲས། །ཁོར་ཡུག་ཡོངས་སུ་མ་ཁྱབ་ཆོག །འདྲེན་མཆོག་གང་གི་བྱིན་རླབས་འོད། །སེམས་ཀྱིང་ཁང་བུར་མཛེས་པས་འཐུས། །དམའ་དམའ་ཞུམ་ཞུམ་ཚུལ་འཆོས་བརྒྱས། །བསླུ་མཁས་གྲལ་སྔ་མ་ཟིན་ཆོག །ནང་གི་སེམས་ལ་ཚོད་ཟིན་པའི། །དྲན་ཤེས་མ་བོར་རྒྱུན་གྱིས་ཉན། །དྲན་ནོ་ཆོས་རྗེ་ཡིད་བཞིན་ནོར། །གདུང་ངོ་བུ་ཡི་ཐ་མ་ངས། །ནམ་དྲན་དུས་སུ་གསོལ་བ་འདེབས། །བྱིན་རླབས་དྲོད་རྟགས་མཐུ་མ་ཆུང་། །དུས་ཀྱི་རྦ་རླབས་དྲག་པོའི་རྩེར་བྱིང་ཞིང་། །སྙིང་ལ་དུག་ལྔའི་མདའ་མཚོན་དུས་རྒྱུན་དུ། །ཐེབ་པའི་ངང་ཚུལ་འཇིགས་པོ་འདིའི་ཀླུང་ནས། །འདྲེན་མཆོག་ཁྱེད་མིན་སུ་ཡིས་སྐྱོབ་ནུས་མིན། །དེ་ཡང་ཡིན་ཏེ་འཁོར་ཚེ་ཐོག་མེད་ནས། །སངས་རྒྱས་བྱང་སེམས་སུས་ཀྱང་མ་ཐུལ་བའི། །དྲེད་པོ་བདག་འདྲ་ཁྱེད་ཀྱི་གདུལ་བྱ་རུ། །ལས་དང་སྨོན་ལམ་དྲག་པོས་འཕངས་པ་ལགས། །དེ་ཕྱིར་བདག་གི་སྐྱེ་བ་ཚེ་རབས་སུ། །སྐྱིད་སྡུག་ཡག་ཉེས་གང་དང་ཅི་བྱུང་ཡང་། །འཇིགས་མེད་ཆོས་ཀྱི་རྒྱལ་པོ་ཁྱེད་མིན་པའི། །སྐྱབས་དང་སྐྱོབ་པ་འཚོལ་བའི་གནས་ཡོད་མིན། །འཇིགས་པའི་སྐབས་སུ་ཁྱེད་ཉིད་རྡོ་རྗེའི་གོ །ནད་ཀྱིས་གདུང་ཚེ་ཁྱེད་ཉིད་སྨན་གྱི་མཆོག །མཐའ་མའི་སྐབས་སུ་ཁྱེད་ཉིད་འདྲེན་པའི་དཔལ། །མདོར་ན་ཁྱེད་མིན་བདག་ལ་སྐྱབས་གཞན་མེད། །ཀུན་ཁྱབ་ཐུགས་རྗེར་འཁོར་འདས་གཉིས་ཡོད་མིན། །སྟོབས་བཅུའི་དཔལ་ལ་སྐད་ཅིག་གཡེལ་ཡོད་མིན། །ལྷུབ་གྲུབ་འགྲོ་དོན་རྒྱུན་ལ་མཐའ་ཡོད་མིན། །གཏན་གྱི་སྐྱབས་ལ་བསླུ་མེད་ཁྱེད་ལས་སུ། །ཁྱེད་ཀྱི་ཐུགས་རྗེའི་འོད་དཀར་སྨན་ཆབ་ཀྱིས། །ནང་གི་ཟུག་རྔུ་གཞིལ་བའི་ཉམས་མྱོང་ནི། ། དད་གསུམ་ཡིད་ཀྱི་གུར་ཁང་ཅན་མ་གཏོགས། །ཡིད་དཔྱོད་བློ་དང་རྟོག་གེའི་མྱོང་ཡུལ་མིན། །མདོར་ན་ཕ་རྒོད་ཆོས་ཀྱི་རྒྱལ་པོ་ཡི། །མཚུངས་མེད་བཀའ་དྲིན་སྙིང་ལ་ལྷུང་ཐེངས་རེར། །བུ་ངན་ཆོས་མེད་སྤྲང་པོའི་ཐ་མ་ངས། །གདུང་འབོད་དབྱངས་ལ་རྒྱུན་ཆད་ཡོད་མ་ཡིན། །གཟུགས་སྐུའི་བཀོད་པ་དབྱིངས་སུ་མ་བསྡུས་གོང་། །བྱིན་གྱིས་རླབས་ཤིང་ཕྱག་ཡངས་མཚལ་ཐམ་གྱིས། །སྤྲས་ཏེ་གནང་བའི་དད་རྟེན་སྐུ་པར་ལ། །ཐོད་པས་བཏུད་བཞིན་གདུང་བས་ལྷང་ལྷང་འབོད། །སྐུ་དངོས་བཞུགས་དུས་ཞབས་དོག་ཞུས་པ་དང་། །དབྱིངས་སུ་གཤེགས་རྗེས་ཐུགས་ཀྱི་བཞེད་པའི་མཐིལ། །འདི་འོ་ཞེས་པའི་ལག་རྟགས་མི་མངའ་ཕྱིར། །བཀའ་དྲིན་གང་གིས་ཞུ་སྙམ་ལྷག་པར་གདུང་། །དེ་ལྟར་དགོངས་པ་ཆོས་ཀྱི་དབྱིངས་ཀློང་དུ། །བསྡུས་ཚུལ་གནང་ནས་མི་ལོ་བཅུ་ཕྲག་རྗེས། །གང་གི་བུ་སློབ་ཡོངས་ཀྱི་ཐ་མ་དེས། །སླར་ཡང་དྲན་གདུང་དབྱངས་ཀྱིས་རྗེས་དྲན་ཞུས། ། ཞེས་སྨིན་དབུས་ཐ་ཤལ་བས༢༠༡༣ལོའི་ཟླ༢པའི་ཚེས་༧ཉིན་བྲིས།

0 comments:

ཟིན་བྲིས་འཚོལ་ཡུལ