དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 4 February 2013
ཡང་སྤྲུལ་ཉི་མ་གཞོན་ནུའི་འཛུམ་ཟེར་ལ་བལྟ་བའི་དད་པའི་པདྨོ་ཀུན་ནས་འབྱེད་པ།།
[ མི་རྐང་གླིང་བུ། ] [ 2013-2-5 ]




ན་མོ་གུ་རུ་ཛྙཱ་ན་ཌཱཀྐི་སཾ་ག་ར།།
༡༽
གདོད་ནས་སྟོང་པ་ཆེན་པོའི་དབྱིངས།།
ལྷན་སྐྱེས་འོད་གསལ་བདེ་བ་ཆེ།།
ཟུང་འཇུག་ཀུན་ཏུ་བཟང་མོའི་གར།།
ཏཱ་རེ་དེ་བཱིའི་དགེ་ལེགས་སྩོལ།།
༢༽
ཨེ་མ་དེ་རིང་དགའ་བ་ལ།།
མཚན་ཐོས་ཙམ་གྱིས་བདེ་སྟེར་བའི།།
ཌཱཀྐི་འཛུམ་པའི་མེ་ཏོག་ཞིག།།
འཕགས་ཡུལ་བཞད་པའི་གཏམ་འདི་སྙན།།
༣༽
འདི་ནས་དཔག་ཚད་རིང་པོའི་སར།།
ཧི་མ་ལ་ཡི་རི་བོ་ཡོད།།
དེ་ཡི་ཕ་རོལ་སེར་སྐྱའི་གྲོང་།།
བདག་གི་སྟོན་པའི་ཡུལ་ཀྱང་ཡོད།།
༤༽
བདག་གི་སྙིང་དང་དཔྲལ་བའི་མིག།།
མཚོ་རྒྱལ་སྤྲུལ་བའི་ལང་ཚོ་ནི།།
འཁོན་གྱི་གདུངས་བརྒྱུད་དྲི་མེད་པར།།
མཚན་དཔེའི་ལང་ཚོ་བསྒྱུར་འདི་རྨད།།
༥༽
ཇོ་མོ་སྨན་མོ་ཀུན་དགའ་འབུམ།།
སུ་ཁ་བཛྲ་ཏཱ་རེའི་མཚན།།
ལ་སོགས་ཞིང་འདིའི་གདུལ་བྱ་ལ།།
སླར་ཡང་ཐུགས་རྗེས་འཛིན་པ་རྨད།།
༦༽
དྲི་མེད་བླ་མ་མཚོ་སྐྱེས་རྗེའི།།
ཞབས་ཟུང་དཔལ་རིར་བཏེགས་ན་ཡང་།།
དགྱེས་ཡུམ་ལྷ་མོའི་འཛུམ་མདངས་འདིས།།
ཡིད་ཀྱི་དུཿཁ་ཡོངས་སུ་སེལ།།
༧༽
ཡང་ཡང་ཡིད་ལ་བསྒོམ་བསྒོམ་པའི།།
བདེ་སྟོང་སྟེར་བའི་མཛའ་ན་མོ།།
ཡེ་ཤེས་མཁའ་འགྲོའི་རོལ་གར་ལ།།
མི་ཕྱེད་དད་པས་ཕྱག་འཚལ་ལོ།།
༨༽
ཕྱུག་པོའི་རྒྱུ་དང་སྤྲང་པོའི་ཆོས།།
གང་ཡང་བདག་ལ་ཡོད་མིན་ཏེ།།
རང་ལ་དབང་བའི་སྒོ་གསུམ་པོ།།
དགའ་བའི་ཤུགས་ཀྱིས་མཆོད་པར་འབུལ།།
༩༽
བདག་དང་བདག་འདྲའི་རིགས་ཡོད་ཚེ།།
སྡིག་པའི་ཕུང་པོ་ལྷུན་པོར་མཉམ།།
བཤགས་དང་ཕྱིན་ཆད་སྡོམ་པ་ཡི།།
ཁྱེད་ཀྱི་དྲུང་དུ་དམ་བཅའ་འོ།།
༡༠༽
སྲིད་ཞིའི་ཕུན་ཚོགས་མ་ལུས་པ།།
ཁྱེད་གཅིག་ཡེ་ཤེས་ཟློས་པའི་གར།།
རབ་འབྱམས་སྒྱུ་འཕྲུལ་དྲ་བ་རུ།།
བླང་དོར་མེད་པར་ཡི་རང་ངོ་།།
༡༡༽
ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི།།
སྲིད་པའི་རྨི་ལམ་སད་བྱས་ཏེ།།
ཡང་དག་ཡེ་ཤེས་བདེ་བ་ཆེ།།
རང་གཞན་རྒྱུད་ལ་བསྐོར་བར་བསྐུལ།།
༡༢༽
འཕོ་མེད་ཚེ་ལ་དབང་བའི་མགོན།།
རིགས་བདག་པདྨ་རྒྱལ་པོའི་སྐུར།།
བདག་ཅག་སྙིང་གི་དྭངས་མ་རུ།།
དབྱེར་མེད་བཞུགས་ལ་གསོལ་བ་འདེབས།།
༡༣༽
དུས་གསུམ་དུས་མེད་རྫོགས་པ་ཆེ།།
འཁོར་འདས་དབྱེར་མེད་མཁའ་འགྲོའི་དལ།།
རང་བཞིན་གཤིས་ཀྱི་བཞུགས་ཚུལ་ལ།།
བསྔོ་ན་མ་ཁྱེད་མྱུར་མཇལ་ཤོག།།
༡༤༽
ལྷ་ལྡན་ཡུལ་གྱི་ཨུཏྤལ་ནི།།
སྨོན་ལམ་རླུང་གི་ཉེར་བསྐུལ་ནས།།
གསེར་ལྗོངས་དྲི་མེད་ཆུ་མཚོ་རུ།།
ལྷུང་བའི་སྔོན་རབས་དྲན་ནམ་ཅི།།
༡༥༽
ཡང་ཞིག་ཨོ་རྒྱན་གླིང་པའི་རིགས།།
བདེ་ཆེན་ལྷ་མོའི་སྙན་འགྱུར་འབུམ།།
མདོ་ཁམས་ཕྱོགས་ནས་དཀྲོལ་བས་ཡང་།།
སྐལ་ལྡན་དག་གི་སྙན་དབང་འཕྲོག།
༡༦༽
དེང་དུས་སླར་ཡང་སྐྱེ་དགུ་ཡི།།
བསོད་ནམས་སྐྱ་རེངས་ཀྱིས་དྲངས་བའི།།
སྤྲུལ་བའི་ཉི་མ་གཞོན་ནུ་ལ།།
དད་པའི་བསྟོད་ཕྱག་འདི་བཙལ་ལོ།།
ཅེས་པའང་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་མཚུངས་མེད་བླ་མ་དམ་པ་སྔགས་སྐྱེས་ཏཱ་རེ་བདེ་ཆེན་ལྷ་མོའི་ཡང་སྤྲུལ་འཕགས་ཡུལ་ཕྱོགས་སུ་འཁྲུངས་བའི་གཏམ་སྙན་མདོང་མཐའ་དགའ་བའི་འབྲུག་སྒྲ་བཞིན་གྲགས་པའི་ཚེ་བྲིས་སོ།།

0 comments:

ཟིན་བྲིས་འཚོལ་ཡུལ