དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 5 February 2013

༄༅། །ཀུན་མཁྱེན་བསྟན་པ་རྒྱས་པའི་སྨོན་ལམ།

ན་མོ་མ་ཧྰ་གུ་རུ་བུདྡྷྰ་ཛྙྰ་ན་ཡེ། །

གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་། །
ལོངས་སྤྱོད་རྫོགས་སྐུ་རྒྱལ་བ་རིགས་ལྔ་དང་། །
སྤྲུལ་སྐུ་པདྨ་འབྱུང་གནས་བརྒྱུད་པའི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱལ་གྱུར་ཅིག །
 

མ་རིག་མུན་སེལ་ཀུན་མཁྱེན་ཉི་མའི་གཉེན། །
རྒྱལ་སྲས་རྣམ་བརྒྱད་གྲུབ་ཆེན་བརྒྱད་ཅུ་དང་། །
གཏད་རབས་བདུན་དང་གནས་བརྟན་བཅུ་དྲུག་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
 
འཕགས་ཡུལ་པན་གྲུབ་རྒྱལ་བའི་དགོངས་པ་དང་། །
བོད་ཡུལ་རྩ་གསུམ་ཆོས་སྐྱོང་དགེ་འདུན་སྡེ། །
མདོ་སྔགས་བཤད་སྒྲུབ་ཕྲིན་ལས་སྤེལ་བའི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
 

མཁྱེན་བརྩེ་ནུས་པའི་མཁན་སློབ་རྗེ་འབངས་གྲོགས། །
གངས་ལྗོངས་ཐུབ་བསྟན་སྣང་བའི་སྒོ་འབྱེད་མཆོག །
སྔ་འགྱུར་ལོ་པཎ་རིག་འཛིན་ཐུགས་བསྐྱེད་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
 
རིང་བརྒྱུད་བཀའ་མ་ཡིད་བཞིན་ནོར་བུའི་མཛོད། །
ཉེ་བརྒྱུད་ཟབ་རྒྱས་སྒྲུབ་སྡེ་ཆོས་གཏེར་ཆེའི། །
ཡང་ཟབ་སྙིང་ཏིག་འོད་གསལ་སྙིང་པོའི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
 

ཀ་དག་ཁྲེགས་ཆོད་དགོངས་པའི་ཀློང་ཆེན་པོར། །
ལྷུན་གྲུབ་ཐོད་རྒལ་ལམ་གྱི་རྩལ་རྫོགས་པའི། །
ཁྱད་ཆོས་དྲུག་ལྡན་ཀུན་བཟང་རྒྱལ་བའི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
 
རྟེན་འབྱུང་ལྟ་སྒོམ་རྒྱ་ཆེན་སྤྱོད་པའི་སྲོལ། །
ཡོངས་རྫོགས་གདམས་པའི་མཛོད་འཛིན་ཨ་ཏི་ཤས །
བཀའ་བསྟན་རིག་པའི་འབྱུང་གནས་གདམས་པའི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

 
རྡོ་རྗེ་འཆང་ཆེན་ཏེ་ལོ་ནྰ་རོ་དང་། །
མར་མི་དྭགས་པོའི་བཀའ་བརྒྱུད་ནོར་བུའི་མཛོད། །
འཁོར་འདས་སྤྲོས་བྲལ་ལྷན་སྐྱེས་ཕྱག་རྒྱའི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

རྣལ་འབྱོར་བིརྺའི་སྙན་བརྒྱུད་ཚད་མ་བཞིའི། །
ངེས་དོན་རྒྱལ་བའི་མདོ་སྔགས་བསྟན་པའི་གནད། །
རྒྱུ་རྐྱེན་ལམ་འབྲས་ཚུལ་བཞིན་ལེགས་མཛད་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
རིགས་གསུམ་ཀུན་འདུས་བློ་བཟང་གྲགས་པའི་བསྟན། །
རྟེན་འབྲེལ་ཟབ་རྒྱས་ལྟ་བའི་ལམ་རིམ་དང་། །
གསང་སྔགས་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
རྒྱ་གར་དམ་པ་སངས་རྒྱས་ཡུམ་སྲས་ལས། །
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །
བདུད་བཞི་འཇོམས་པའི་ངེས་དོན་ཆོས་ཀྱི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ཡེ་ཤེས་མཁའ་འགྲོ་ནི་གུ་མ་ཡི་སྲོལ། །
བདེ་སྟོང་ཆོས་དྲུག་བྱིན་རླབས་ཉེ་བརྒྱུད་པའི། །
ཤངས་པ་བཀའ་བརྒྱུད་ལུང་རྟོགས་བསྟན་པའི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ཆོས་རྒྱལ་བདུན་དང་རིགས་ལྡན་ཉེར་ལྔ་ལས། །
མཁའ་ཁྱབ་མཁའ་ཡི་རྡོ་རྗེ་འདུས་མ་བྱས། །
ཕྱི་ནང་གསང་གསུམ་དུས་འཁོར་བཀའ་གཏེར་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ཏིང་འཛིན་དགོངས་པ་རང་འཁྲུངས་ཨོ་རྒྱན་པས། །
མདོ་རྒྱུད་གདམས་པ་ཡོངས་རྫོགས་བསྙེན་སྒྲུབ་པའི། །
མཁའ་འགྲོ་རྒྱ་མཚོའི་གསང་མཛོད་བསྟན་པའི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

ཆོས་རྒྱལ་མེས་དབོན་དམ་པའི་སྐུ་དྲིན་ལས། །
ལྷ་མིའི་ཐེག་པས་བསྟན་སྲིད་འཛིན་སྐྱོང་སྤེལ། །
འཚེ་མེད་ཞི་བདེའི་དགེ་ཁྲིམས་ལེགས་པའི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་དྲུག་སོགས། །
ཐེག་དགུའི་ལམ་གྱི་ངོ་བོ་གོ་རིམ་རྣམས། །
མ་ནོར་ཉམས་སུ་ལེན་པའི་ལུགསབཟང་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
 
མཁས་པས་བཤད་པའི་ཀ་ཆེན་རྣམ་བཅུ་དང་། །
སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དང་གངས་ཅན་པའི། །
མདོ་སྔགས་ཟུང་འབྲེལ་མན་ངག་སྤྱོད་པའི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

བསྟན་འཛིན་དཔལ་ལྡན་བླ་མའི་སྐུ་བརྟན། །
བསྟན་འཛིན་དམ་པས་ས་སྟེང་ཡོངས་ལ་ཁྱབ། །
བསྟན་པའི་སྦྱིན་བདག་མངའ་ཐང་རྒྱས་པའི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

 འཇིག་རྟེན་ཁམས་སུ་ལོ་ཕྱུགས་རྟག་ཏུ་བཀྲ། །
འབྲུ་ནོར་ལོངས་སྤྱོད་མི་ཉམས་ཀུན་ཏུ་ཤིས། །
གང་བསམ་ལྷུན་གྲུབ་གཏན་གྱི་བདེ་ལེགས་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

འདི་ལྟར་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་ཕྱིར་དང་། །
མ་གྱུར་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། །
ཕན་བདེའི་འབྲས་བུ་མྱུར་ཏུ་ཐོབ་པར་ཤོག །

ཅེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་རྒྱལ་ཟླའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ་གྲོགས་པོ་དང་མཁའ་འགྲོ་དུ་མས་བསྐུལ་ངོར་ཤྲྰི་བུདྡྷ་ཛྙྰ་ནའི་ཆོས་ཚོགས་ཁང་ནས་རིག་འཛིན་ཨེ་མ་ཧོས་སྙིང་ནས་སྨོན་པས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིད་དར་ཞིང་རྒྱས་པའི་རྒྱུ་རུ་གྱུར་ཅིག་གུ། ། ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ། །

0 comments:

ཟིན་བྲིས་འཚོལ་ཡུལ