དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 27 May 2013
༄༅།། སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་བཀླགས་པའི་ཚོར་འདུ་ཐན་ཐུན
 ཉི་ཤར
གཏམ་གྱི་གླེང་སློང་བ།
ཉིན་འདི་འགའི་རིང་བདག་གིས་རྫ་དཔལ་སྤྲུལ་རིན་པོ་ཆེས་བརྩམས་པའི་༼སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང༽འདི་བཀླགས་ནས་སྣ་མང་ཚོར་བའི་འདུ་ཤེས་ཐན་ཐུན་ཅིག་སྐྱེས་སོང་།གཅིག་ནས་བདག་ལ་སྐྱེས་སྟོབས་ཀྱི་ཤེས་རབ་མེད་ལ་སྦྱང་སྟོབས་ཀྱི་བརྩོན་འགྲུས་ནི་དེ་ལས་ཀྱང་དམན་པས།བོད་ཀྱི་ནང་བསྟན་རིག་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་སྙིང་ནོར་འདི་ལྟ་བུའི་གཞུང་ལུགས་ནི་དེ་ལས་ཀྱང་བདག་འདྲའི་གོ་བ་ལོན་དཀའ་ནའང་།རྫ་དཔལ་རིན་པོ་ཆེས་དཀའ་གནད་དག་གོ་བདེ་བར་ཕབ་ནས་རིག་གནས་རྒྱུད་ལ་བྱང་བའི་མཁས་པ་ཞིག་མ་དགོས།བདག་འདྲའི་བློ་དམན་ཚོགས་ཀྱིས་ཀྱང་གོ་བ་ལེན་བདེ་ཞིང་།ནང་དོན་རྟོགས་སླ་བ་སོགས་སྣ་མང་དཔེ་མཚོན་གྱི་སྒོ་ནས་ཐུན་མོང་ཕྱིའི་སྔོན་འགྲོ་ལས་བློ་ལྡོག་རྣམ་བཞི་སྟེ།༡དར་འབྱོར་རྙེད་དཀའ་བ།༢ཚེ་མི་རྟག་པ།༣འཁོར་བའི་ཉེས་དམིགས།༤ལས་རྒྱུ་འབྲས།སོགས་དང་ད་དུང་ཐར་བའི་ཕན་ཡོན་དང་བཤེས་གཉེན་བསྟེན་ཚུལ།ཐུན་མིན་ནང་གི་སྔོན་འགྲོ་ལྟ་བུར་མཚོན་ན།༡སྐྱབས་སུ་འགྲོ་བ།༢སེམས་བསྐྱེད་པ།༣རྡོར་སེམས་བསྒོམ་བཟླས།༤མཎྟལ།༥ཀུ་སྰ་ལིའི་ཚོགས་བསགས།༦བླ་མའི་རྣལ་འབྱོར།ད་དུང་ཉེ་ལམ་འཕོ་བའི་རིམ་པ་སོགས་འཇིག་རྟེན་འདིར་འཚོས་ན་ཇི་ལྟར་འཚོ་དགོས་པ་དང་འཇིག་ན་གང་ལྟར་བྱེད་དགོས་པ་སོགས་མདོར་བསྡུས་ཚིག་གི་གསལ་བོར་བཤད་ན།མིའི་རིགས་ལ་ཁ་ཏ་སློབ་གསོ་བཟང་པོ་ཞིག་སྤྲད་འདུག།འདི་ནི་དེང་དུས་ཀྱི་སྤྱི་ཚོགས་དག་ལ་ལྷག་ཏུ་དགོས་མཁོ་ཆེ་ཞིང་མེད་དུ་མི་རུང་བའི་གནད་དམ་པ་ཞིག་ཡིན་པས་འདི་ནས་བདག་གིས་ཀྱང་མྱོང་ཚོར་ཐན་ཐུན་ཅིག་དང་ལྷན་དུ་རྒྱ་ཆེའི་ཀློག་མཁན་དག་ལ་དཔེ་དེབ་འདི་ངོ་སྤྲོད་དམ་ཕྱོགས་བསྡུས་རང་བཞིན་ཅན་གྱི་ནང་དོན་མདོར་བསྡུས་ཅིག་ཁྱེད་ཅག་གི་སྤྱན་ལམ་ཏུ་བཀོད་དོ།།
གཅིག རྩོམ་པ་པོ་དང་བརྩམས་ཆོས་བར་གྱི་འབྲེལ་བ།
རྩོམ་པ་པོ་རྫ་དཔལ་སྤྲུལ་རིན་པོ་ཆེ་ནི་རབ་བྱུང་བཅུ་བཞི་བའི་ས་འབྲུག་༼༡༨༠༨ནས་༡༨༨༧༽ལོར་ཁམས་རྫ་ཆུ་ཁའི་རྒྱལ་ཐོག་ཅེས་པའི་གདུང་རྒྱུད་དུ་སྐུ་འཁྲུངས།རྡོ་གྲུབ་ཆེན་འཇིག་མེད་འཕྲིན་ལས་འོད་ཟེར་གྱིས་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱི་སྤྲུལ་སྐུར་ངོས་བཟུང་།ཨྱོན་འཇིག་མེད་ཆོས་ཀྱི་དབང་པོ་ཞེས་མཚན་གསོལ།ཆུང་དུས་ནས་བོད་ཀྱི་ཡི་གེ་འབྲི་ཀློག་རྣམས་ཚེགས་མེད་དུ་མཁྱེན།རིམ་བཞིན་སྔོན་བྱོན་དམ་པ་དག་གི་མདུན་ནས་བཅུ་ཕྲག་རིག་པའི་གཞུང་ལུགས་མཐར་ཕྱིན་པར་སྦྱང་བ་མ་ཟད།ཁམས་ཀྱི་སྟོད་སྨད་བར་གསུམ་ཏུ་ཆོས་ཀྱིས་ཆར་ཆེན་ཕབ་ཏེ་རིས་མེད་འགྲོ་བ་དག་ལ་བདེ་བའི་དཔལ་གཡང་ཐོབ།ད་དུང་ཁམས་ཕྱོགས་ཀྱི་མཁས་པ་མང་པོ་དང་ལྷན་དུ་བགྲོ་གླེང་དང་རྩོད་པ་རབ་དང་རིམ་པ་བྱེད་དེ་སྙན་པའི་གྲགས་པ་ཐོབ།ཁོང་གིས་ནམ་རྒྱུན་སྤྱོད་འཇུག་དང་བྱམས་ཆོས།སྡོམ་གསུམ།ཡོན་ཏན་མཛོད་སོགས་འཆད་ཉན་ས་དར་རྡོ་དར་དུ་གྱུར་པ་དང་།ལྷག་པར་དུ་རྒྱུད་གསང་བ་སྙིང་པོའི་བཤད་རྒྱུན་དང་།ཀློང་ཆེན་སྙིང་ཐིག་གི་རྩ་རླུང་དང་ཁྲིད་སོགས་ཀྱི་ཆོས་རྒྱུན་རྣམས་སྣུམ་ཟད་ཀྱི་མར་མེ་བཞིན་དུ་གྱུར་པ་ན།རྗེ་འདི་ཉིད་ཀྱིས་སྐུ་དྲིན་ལ་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པའི་རིང་ལུགས་འཛིན་སྐྱོང་སྤེལ་བར་མཛད་པའི་རྗེ་ཡི་ཞལ་སློབ་དུ་གྱུར་བའང་གཏེར་སྟོན་ལས་རབ་གླིང་པ་དང་འཇུ་མི་ཕམ་སོགས་སྙན་གྲགས་འབར་བའི་མཁས་དབང་ཤ་སྟག་བྱུང་།
ཁོང་གིས་མཛད་པའི་གསུང་རྩོམ་བགྲང་ལས་འདས་པ་ཡོད་ཀྱང་།སྐབས་དེར་ཆ་རྐྱེན་སོགས་ཞན་པའི་དབང་གིས་ཉ་ར་མ་བྱེད་པར་དཔར་འདེབས་ཞུ་མ་ཐུབ་པ་གང་མང་བྱུང་།འོན་ཀྱང་ད་ཡོད་ཀྱི་༼ཀུན་བཟང་བླ་མའི་ཞལ་ལུང་།༽༼གཏམ་པདྨའི་ཚལ་གྱི་ཟློས་གར།༽སོགས་ནི་ལྷ་ཆོས་དང་མི་ཆོས་ཚང་མ་འདུས་པའི་ཕུལ་བྱུང་གི་རྩོམ་རིགས་ཤ་སྟག་ཡིན་ལ།ཁོང་གིས་མཛད་པའི་ཐུན་མིན་ཁྱད་ཆོས་བླ་ན་མེད་པ་ཞིག་ཡོད་པ་ནི་རྡོ་གྲུབ་འཇིག་མེད་བསྟན་པའི་ཉི་མས་མཛད་པའི་དཔལ་སྤྲུལ་རྣམ་ཐར་ལས་འདི་སྐད་གསུངས་ཏེ།མཁས་པས་བརྟགས་ན་དོན་བཟང་བ།བླུན་པོའི་ཉན་ཡང་གོ་སླ་བ།རན་ལ་འབྲེལ་ཆགས་པ།སྙན་ལ་རོ་ཉམས་ལྡན་པ།འཇམ་རྩིབ་ཇི་ལྟར་བཤད་ཀྱང་གདམ་ངག་གི་རོ་གཅིག་ཏུ་མཐུན་པར་འབྱུང་བས་མཁས་རྨོངས་བར་མའི་སྐྱེ་བོ་མཐའ་དག་གི་ཡིད་དབང་འཕྲོག་པ་ཡོད།གསུངས་པ་ལྟར་རོ།།
དེ་བརྟེན་རྩོམ་པ་པོས་སྔོན་བྱོན་མཁས་པའི་གདམས་ངག་ཏུ་མ་ཕྱོགས་གཅིག་ཏུ་བསྡུས་ཏེ་བློ་དམན་དག་གིས་གོ་སླ་བའི་དཔེ་གཞིའི་བརྒྱན་ནས་འགྲོ་བ་མིའི་རིགས་ཀྱི་མིག་ལམ་ཏུ་བཀྲམ་ཏེ་ལས་དགེ་སྡུག་སོགས་ལ་སྤང་བླང་གི་ཆ་ཡང་དག་ཅིག་འབྱེད་དགོས་པ་ནན་གྱིས་གསུང་ཡོད།འདིར་ཁོང་གིས་འཚོ་བའི་རྒྱབ་ལྗོངས་སོགས་ཀྱི་དཀའ་སྡུག་ནི་མི་སེར་ཕལ་བ་ཞིག་ལས་ཀྱང་སྡུག་སྟབས་ཁོང་གིས་དགའ་སྐྱོ་དང་བདེ་སྡུག་གང་རུང་གི་ཆ་ནས་ཀྱང་དཔེ་ལེགས་པོ་བཀོད་ཡོད་སྟབས།དེབ་འདི་མི་སུ་ཞིག་གིས་ཀློག་ནའང་ནང་དོན་གྱི་གནད་དཀྲོལ་ཐུབ་པའི་ནུས་པ་ལྡན་པའང་རྩོམ་པ་པོ་རང་གི་ཤེས་རབ་དང་ཉམས་མྱོང་ལ་འབྲེལ་བ་ཟབ་མོ་ཡོད་པར་སེམས།
གཉིས།བརྩམས་ཆོས་ཀྱི་ཁྱད་ཆོས་འགའ་དམིགས་ཀྱིས་བརྗོད་པ།
འདིར་ཐུན་མོང་དང་ཐུན་མིན་སོགས་ཕྱོགས་མང་པོ་ཞིག་ནས་བརྗོད་ཡོད།ཐོག་མར་ཐུན་མོང་གི་སྐོར་གྱི་དར་འབྱོར་རྙེད་དཀའ་བ་ལ།དང་པོ་ཀུན་སློང་གཉིས་ཏེ་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་སོགས་ལྡན་པའི་སྒོ་ནས་སྣོད་ཀྱི་སྐྱོན་གསུམ་དང་དྲི་མ་དྲུག།མི་འཛིན་པ་ལྔ་སོགས་ངེས་པར་དུ་སྤང་དགོས་པ་སོགས་དང་།དལ་འབྱོར་བཅོ་བརྒྱད་སོགས་ངོ་སྤྲོད་བྱས་ནས་དལ་འབྱོར་རྙེད་དཀའ་བ་ནི་དཔེར་ན།རླབས་ཆེན་པོས་རྣམ་པར་དཀྲུགས་པའི་རྒྱ་མཚོའི་སྟེང་གི་གཉའ་ཤིང་གི་བུ་ག་དང་།ཞབས་ཀྱི་རུས་སྦལ་གྱི་མགྲིན་པ་དག་འཕྲད་པ་ལས་ཀྱང་མི་ལུས་ཐོབ་དཀའ་བ་སོགས་དང་དེ་བཞིན་གྱང་ངོར་སྲན་མ་མཆོད་ན་གང་ཞིག་གྱང་ངོས་ནས་ཁེན་ཐུབ་ན་དེ་ནི་མི་ལུས་གཅིག་ལོན་པ་སོགས་ཀྱི་དཔེ་མཚོན་དང་།ཚེ་མི་རྟག་པར་ཕྱིའི་ཡུལ་གྱི་སྲ་བརྟན་གྱི་དངོས་པ་དང་ནང་བཅུད་དུ་གནས་པའི་སེམས་ཅན་སྟོབས་ལྡན་དག་ཀྱང་ཤི་བཞིན་ཡོད་པ།དམ་པའི་སྐྱེ་བུ་དང་སྐྱེ་དགུའི་བདག་པོ་དག་ཀྱང་ཤི་བཞིན་ཡོད་པ།མདོར་ན་རྗེ་བཙུན་མི་ལས་རོ་ཞེས་བྱ་བའི་མཐོང་ན་འཇིགས་པ་དེ།དུས་ད་ལྟ་རང་གི་གམ་ན་གནས།ཞེས་པ་དང་མཚུངས་པར་མཐོ་དམན་གྲགས་ཞན་ཚང་མ་ཤི་དགོས་པ་སོགས་བརྗོད་པ།ད་དུང་འཆི་བ་ཞེས་པ་ནི་རང་ནམ་འཆི་འདོད་ན་ཤི་འགྲོ་བ་ཤིག་མིན་པར་དེ་ལ་ཤི་རྐྱེན་ངེས་མེད་དང་ནམ་འཆི་ཆ་མེད་ཡིན་པ་བསྟན་ཡོད།
ད་དུང་སྤྱིར་མི་ལུས་ལོན་པ་ནི་དཀའ་ལ་དེ་ལོན་ན་དགའ་འོས་པ་ཞིག་ཡིན་ཀྱང་།ཡང་འཁོར་བ་འདིར་སྐྱེས་པ་ནས་བཟུང་སྡུག་བསྔལ་ཞིག་ཡིན་པར་རྟོགས་དགོས།སྡུག་བསྔལ་འདི་ལས་གྲོལ་ཐབས་ལ་འབད་པ་ནི་གལ་འགངས་ཆེ་བ་སོགས་བརྗོད་ཡོད།དེ་བཞིན་མིའི་སྡུག་བསྔལ་ནི་རིགས་དྲུག་གཞན་དག་ལས་སྐྱིད་པ་དང་རིགས་དྲུག་གཞན་དང་བསྡུར་ན་མི་ལ་བདེ་སྐྱིད་ལྷག་མ་མང་དུ་ལྡན་པ་བརྗོད་པའི་སྒོ་ནས་ཚེ་སྲོག་ལ་གཅེས་སྤྲས་བྱེད་དགོས་པའི་བསླབ་བྱ་ནན་ཀྱིས་བསྟན་ཡོད།
ལས་རྒྱུ་འབྲས་ནི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་གནས་ལུགས་ཤིག་ཡིན་ལ།གལ་ཏེ་ལས་རྒྱུ་འབྲས་མེད་པའི་ཡུལ་ལུང་ཞིག་ཡིན་ན་ནམ་རྒྱན་ཅག་རྐུན་དང་དམེ་འཁྲུགས་སོགས་འགྲོ་བ་མིའི་རིགས་མ་ཟད་སེམས་ཅན་སྤྱི་ལ་གནོད་པ་ཚབ་ཆེན་ཐེབས་སྲིད་པར་བཀག་འགོག་ནན་མོ་བྱེད་དེ།འཛམ་གླིང་འདི་ཞི་འཇགས་ཀྱི་གླིང་ག་ཞིག་ཏུ་བསྒྱུར་བའི་བསམ་བློ་རྒྱ་ཆེ་བ་བཀོད་ཡོད།ད་དུང་བཤེས་གཉེན་ཡང་ན་བླ་མ་བརྟེན་ན་ངེས་པར་ཏུ་བརྟག་དཔྱད་ལེགས་པོ་བྱེད་དགོས།བསྲེག་བཅད་བརྡར་བའི་གསེར་བཞིན་དུ་ལེགས་པར་བརྟག་དགོས་ལ་བརྟེན་རྗེས་རང་གིས་སྲོག་ལ་བབས་ཀྱང་ཕྱིར་མི་རྡོག་པའི་དམ་བཅའ་ཡོད་པ་ནི་རྡོ་ལ་རི་མོ་བརྐོས་པ་ལྟ་བུ་ཡིན་དགོས་པ་བརྗོད་ཡོད།
ཐུན་མིན་ནང་གི་སྔོན་འགྲོ་ལས་ཐོག་མར་གང་ལ་སྐྱབས་སུ་འགྲོ་དགོས་པ་དང་དེའི་དབྱེ་བ།སྐྱབས་སུ་འགྲོ་ཚུལ་སོགས་རྒྱས་པའི་ངང་ནས་གསུང་ཏེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ན་དེ་ནི་དགེ་བའི་རྩ་བ་ཡིན་པ་དང་།འདི་ནས་ཚད་མེད་བཞིའི་བློ་སྦྱོང་དགོས་ལ།བྱམས་པ་དང་སྙིང་རྗེ།དགའ་བ་དང་བཏང་སྙོམས་སོགས་རེ་རེ་བཞིན་གཏིང་ཟབ་པའི་སྒོ་ནས་ཤེས་རྟོགས་དགོས།དེ་ནས་རྡོར་སེམས་བསྒོམ་བཟླས་བྱེད་ན་ངེས་པར་དུ་སྡིག་བཤགས་བྱེད་དགོས།སྡིག་པ་བསགས་ན་དེ་ནི་འདག་ཐབས་མེད་པ་ཞིག་གཏན་ནས་མིན།འོན་ཀྱང་མ་བཤགས་ན་རང་དགར་འདག་ཀྱང་མི་སྲིད།དེ་ནི་དཔེར་ན་གོས་བཀྲུས་པ་ལྟར།གོས་ཀྱི་དྲི་མ་དག་ཡག་པོ་ཞིག་བཀྲུ་འདོད་ན་ངེས་པར་ཏུ་འདག་རྫས་བཟང་པོ་ཞིག་སྤྱད་དེ་བློ་གཅིག་སེམས་གཅིག་གིས་བཀྲུ་དགོས་པ་ལྟར་སྡིག་པ་རྩ་བ་ནས་བཤགས་པར་འདོད་ན་ཐོག་མར་འགྱོད་པ་ཆེན་པོའི་སྒོ་ནས་སྔར་བྱས་པའི་སྡིག་པ་དག་གི་ནག་ཉེས་ལ་བསམ་བློ་བཏང་ནས་འགྱོད་པ་བྱེད་པ་ནི་ཆེས་རྩ་བའོ།།རང་ལུས་ཀྱི་སྦྱིན་པ་ནི་དཔེར་ན་སྟག་མོ་ལུས་སྦྱིན་ལྟ་བུ་སྟེ་དེ་ནི་ཀུ་ལིའི་ཚོགས་བསགས་པ་ཡིན།འདི་ནས་ང་ཚོའི་བླ་མ་མེད་པའི་གོང་རོལ་ན་སངས་རྒྱས་ཞེས་པའི་མཚན་ཡང་མེད་ཅེས་པ་ལྟར།དགེ་རྒན་གྱི་མཛུབ་སྟོན་ལ་མ་བརྟེན་པར་མཁས་པར་འགྱུར་དཀའ་ལ།དེ་ལས་ཀྱང་ནང་ཆོས་ནི་ངེས་པར་དུ་བླ་མའི་མཛུབ་སྟོན་ལ་བསྟེན་དགོས་པ་ལས་རང་མོས་ཅི་དགར་ཏུ་སློབ་ན་ཆོས་ཆོས་བཞིན་དུ་མ་བསླབ་ན་ཆོས་ཀྱིས་སླར་ངན་སོང་དུ་འཕེན་ཅེས་པ་དང་གཅིག་མཚུངས་སོ།།
ང་ཚོའི་སྦྱོར་ལམ་རྗེས་གསུམ་ཚང་བའི་སྒོ་ནས་ཡང་དག་གི་ལྟ་བ་ལྷུར་ལེན་བྱེད་དེ་ནང་ཆོས་ལ་སྦྱང་བ་མཐར་ཕྱིན་ཅིག་བྱེད་ན།དེ་ནི་ང་ཚོ་དང་ཆེས་ཁ་ཐག་ཉེ་བའི་དེང་རབས་ཀྱི་འཚོ་དང་བསྟུན་ནས་བྱ་བ་སྒྲུབ་སྟངས་དངོས་ཏེ་ཡིན་ལ།རྒྱུ་འབྲས་ཡོད་པའི་སྒོ་ནས་བྱ་བ་སྒྲུབ་པ་ནི་མིའི་རིགས་ཀྱི་ངེས་པར་ཏུ་སྒྲུབ་དགོས་པ་དང་སྒྲུབ་འོས་པའི་འོས་འགན་ཅིག་ཀྱང་ཡིན་པར་ཅི་ནས་རྟོགས་དགོས།
གསུམ།རྩོམ་པ་པོས་བསམ་བློའི་སྙིང་སྟོབས་ཀྱིས་དེང་རབས་ཀྱི་འཚོ་བར་བདེ་སྐྱིད་
བསྐྲུན་པ།
རྩོམ་པ་པོ་ཁོང་ནི་བགྲང་བྱ་༢༠༦སྔོན་ཀྱི་མཁས་དབང་ཅིག་ཡིན་ནའང་ཁོང་གིས་བསམ་བློའི་སྙིང་སྟོབས་དེ་དུས་རབས་ཉེར་གཅིག་པར་ཡང་མཐོ་དམན་གྲགས་ཞན་མེད་པས་དགའ་མགུ་ཡི་རང་གིས་དང་ལེན་བྱས་དང་བྱེད་བཞིན་པ་འདི་ནི་ཁོང་གིས་བསམ་བློའི་སྙིང་སྟོབས་རེད།ད་དུང་ཁོང་གིས་གསུང་བའི་སྐད་ཆ་རེ་རེའི་དེང་རབས་ཚན་རིག་གི་རྒྱལ་ཁབ་དག་གི་མི་ལའང་བདེ་སྐྱིད་ཀྱི་དཔལ་སྦྱིན་ལ།ཁོང་ཚོས་ཀྱང་གསུང་ཆོས་འདི་ཉམས་ལེན་བྱེད་དེ་ཕན་པ་རྒྱ་ཆེན་ཐོབ།ཁོང་ཚོས་ནམ་རྒྱུན་ནང་ཆོས་རིག་པ་ནི་ནང་སེམས་ཉིད་ལ་བདེ་བ་སྟེར་མཁན་ཉག་གཅིག་རེད་ཅེས་བཤད་ཀྱིན་པ་ལྟར།དེང་སང་དཔལ་འབྱོར་གྱི་དབང་བསྒྱུར་བའི་དུས་རབས་འདིར་བརྩམས་ཆོས་འདི་ལྟ་བུ་རེ་ཡོད་པ་ནི་ཏག་ཏག་སྐྱེས་ཆེན་གོང་མ་དག་གིས་བདག་ཅག་ལ་གནང་བའི་བསླབ་བྱའི་གནད་དམ་པའོ།འདིའི་སྒོར་ནད་ཞུགས་པའི་མི་དག་གི་སེམས་ཁམས་བདེ་ཁམས་བདེ་ཐང་ཅན་དུ་བསྒྱུར་ཐུབ་ལ་དབུལ་བོ་ཉམ་ཆུང་དག་ལ་སྙིང་སྟོབས་ཀྱི་དཔའ་ཡང་སྟེར་ཐུབ།མཁས་པ་དང་དཔོན་པོ།སློབ་མ་དང་གྲྭ་པ།སྤྲང་པོ་དང་ཕྱུག་པོ་སོགས་སུའི་ཉམས་ལེན་བྱེད་ན་དེ་ལ་རང་ངོས་ནས་ཡང་དག་གི་གོ་བ་འདྲ་མིན་སྟེར་ནུས་པ་ནི་རྩོམ་པ་པོ་ཁོང་གིས་བསམ་བློའི་སྙིང་སྟོབས་སོ།།
མཇུག་གི་གཏམ།
འདི་ནས་བདག་གིས་རྫ་དཔལ་སྤྲུལ་རིན་པོ་ཆེས་བཀའ་གསུང་ཐོར་བུ་༼ཀུན་བཟང་བླ་མའི་ཞལ་ལུང་༽ལ་ཐེངས་གཅིག་ཀློག་པའི་མྱོང་ཚོར་ཙམ་པོ་བས་སུ་ལའང་རེ་བ་སྐོང་ཐུབ་པའི་རྒྱུ་རུ་མི་འགྱུར་ཡང་།དཔལ་སྤྲུལ་རིན་པོ་ཆེ་ཁོང་གི་མི་གཞི་དང་བྱ་སྤྱོད་ནི་ཁོང་གི་བརྩམས་ཆོས་ལས་མ་འདས་ལ།ཁོང་ནི་ང་ཚོ་བོད་རྐྱང་པའི་མཁས་པ་ཙམ་མ་ཡིན་པར་འཛམ་གླིང་གི་མཁས་པའི་ཤེས་ཡོན་དང་བསམ་བློའི་སྙིང་སྟོབས་ལྡན་ཅེས་ང་ཚོའི་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད་ཆོག་ཆོག་ཡིན་ནོ།

0 comments:

ཟིན་བྲིས་འཚོལ་ཡུལ