དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 2 June 2013
ཀློང་ཆེན་སྙིང་གི་ཐིག་ལེ་ལས༔སྐོང་བཤགས་རྡོ་རྗེ་ཐོལ་གླུ་བཞུགས༔

ན་མོ། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ༔ སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་ཅིང༔ འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ༔ འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད༔ བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ༔ དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི༔ སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ༔ ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུ༔ རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ པདྨ་ཀ་མ་ལཱ་ཡ་སྟྭཾ༔ ཞེས་ཟླ་བ་སྒྲོནམེའི་མདོ་ལས་གསུངས་པའི་ཚིག་རྐང་རྣམས་ཀྱིས་ཚོགས་ཞིང་སྒྲུབ་རྗེས་སྣང་སྲིད་ཐམས་ཅད་མཆོད་པའི་ཕྱག་རྒྱར་ཟབ་གསལ་རྡོ་རྗེའི་ཏིང་ངེ་འཛིན་གྱིས་བརླབ་པ་ནི༔ ཨོཾ༔ ཀུན་བརྟགས་སྣང་བ་སྣོད་ཀྱི་གཏོར་གཞོང་དུ༔ གཞན་དབང་སྲིད་པ་བཅུད་ཀྱི་གཏོར་མར་སྦྱངས༔ ཡོངས་གྲུབ་ཆོས་དབྱིངས་ཀློང་ཆེན་དགོངས་པ་ཡིས༔ སྣང་སྲིད་གཞིར་བཞེངས་ཀུན་བཟང་མཆོད་པའི་སྤྲིན༔ འཕོ་མེད་ནམ་མཁའ་མཛོད་དུ་མངའ་དབང་སྒྱུར༔ ན་མ༔ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ལན་བདུན་བརྗོད༔
ཨཿ རང་བྱུང་ལྷུན་གྲུབ་འཇའ་ཟེར་ལུས་ཀྱི་སྦུབས༔ སྒྱུ་འཕྲུལ་ཚོགས་བརྒྱད་རོལ་པ་སྲིན་པོའི་གྲོང་༔ སྙིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་ནས༔ རིགས་འདུས་མ་ཧཱ་གུ་རུའི་ཐུགས་དམ་བསྐང༔ གཞི་དབྱིངས་སྟོང་གསལ་ཀུན་ཏུ་བཟང་པོ་ཡི༔ གཞི་སྣང་ལོངས་སྐུའི་རྩལ་ལས་དགོངས་པ་འཕོས༔ བརྡ་ཚིག་བློ་ལས་འདས་པའི་དཀྱིལ་འཁོར་ནས༔ དགོངས་བརྒྱུད་དག་པ་གཉིས་ལྡན་ཐུགས་དམ་བསྐང༔ ངེས་པ་ལྔ་ལྡན་ལྷུན་གྲུབ་ལོངས་སྐུའི་རྩལ༔ རིག་འཛིན་རིག་པའི་འཁོར་ལ་བརྡ་སྟོན་ཅིང༔ དགོངས་བརྡའི་དོན་བརྒྱུད་ཚིག་རྫོགས་སྤྲུལ་བའི་གར༔ སྙན་བརྒྱུད་ཐོས་གྲོལ་ཆེན་པོའི་ཐུགས་དམ་བསྐང༔ མཚོན་བྱེད་རྟགས་ཀྱི་བརྡ་ཤོག་ཆེན་པོའི་དབང་༔ ལས་ཅན་སྐྱེས་བུའི་སྙིང་ལ་བསྐུར་བ་ལས༔ མཚོན་བྱ་དོན་གྱི་དགོངས་པའི་གསང་མཛོད་རྡོལ༔ གཏད་རྒྱ་སྨོན་ལམ་དབང་བརྒྱུད་ཐུགས་དམ་བསྐང་༔ གདོད་ནས་ཀུན་ཏུ་བཟང་པོའི་རང་རིག་ལ༔ ཁྱབ་བརྡལ་དགོངས་པ་གུད་དུ་བཅད་པ་དང་༔ སངས་རྒྱས་གཞན་དུ་བཙལ་བའི་ནོངས་པ་ཀུན༔ དག་ནས་བྱ་རྩོལ་བྲལ་བའི་ས་ལ་སྐྱོལ༔ ཀ་དག་ཕྱོགས་ཡན་ཆེན་པོའི་དགོངས་པ་ལ༔ བགྲང་བྱའི་ཐེག་པ་ཐ་དད་མ་གྲུབ་ཀྱང་༔ ཀུན་རྟོག་གཏུལ་བྱའི་ཁམས་དབང་བསམ་པའི་ཕྱིར༔ ཐེག་པ་རིམ་དགུར་ཤར་བའི་ཐུགས་དམ་བསྐང་༔ དེ་ལ་ནང་གསེས་ཀྱི་སྡེ་སྣོད་གསུམ་ལས༔ ཉན་ཐོས་འདུལ་བའི་དཀྱིལ་འཁོར༔ འཁོར་བ་སྡུག་བསྔལ་ཆེན་པོར་ཤེས་པ་ཡིས༔ ཀུན་རྫོབ་བདེན་བཞིའི་ལམ་ལ་རབ་ཞུགས་ནས༔ བདག་འཛིན་འཆིང་བ་གཅོད་པའི་ཉན་ཐོས་ཀྱི༔ ཚོམ་བུའི་དཀྱིལ་འཁོར་ལྔ་ཡི་ཐུགས་དམ་བསྐང་༔ སོ་ཐར་འདུལ་བའི་སྡེ་སྣོད་ཆེན་པོ་ཡི༔ བཅས་དང་རང་བཞིན་འགལ་བའི་ཉེས་པ་ཀུན༔ མི་འཆབ་མི་སྦེད་སྙིང་ནས་བཤགས་པར་བགྱི༔ བདག་ལ་འཕགས་པ་དགྲ་བཅོམ་བྱིན་གྱིས་རློབས༔ རང་རྒྱལ་མདོ་སྡེའི་དཀྱིལ་འཁོར༔ ལྷག་པའི་ཚུལ་ཁྲིམས་བསླབ་པས་རྒྱུད་བསྡམས་ཤིང་༔ ཕུང་སོགས་རང་བཞིན་མེད་པར་རྟོགས་པ་དང་༔ རྟེན་འབྲེལ་བཅུ་གཉིས་ལུགས་ལས་ལྡོག་པ་ཡི༔ རང་རྒྱལ་དཀྱིལ་འཁོར་བཞི་ཡི་ཐུགས་དམ་བསྐང་༔ རྣམས་དག་ཚུལ་ཁྲིམས་མི་གཡོ་ཏིང་འཛིན་གྱིས༔ བསླབ་པ་མདོ་སྡེའི་སྲུང་མཚམས་ཉམས་པ་ཀུན༔ འགྱོད་པས་བཤགས་སོ་བྱང་ཞིང་དག་པ་དང་༔ ཚོགས་དང་བསེ་རུའི་རྒྱལ་དངོས་གྲུབ་རྩོལ༔ བྱང་སེམས་མངོན་པའི་དཀྱིལ་འཁོར༔ ཆོས་ཀུན་སྒྱུ་མ་ལྟ་བུར་ཤེས་པའི་ངང་༔ སྙིང་རྗེས་གཞན་དོན་བསྒྲུབ་ལ་ཆེས་དཔའ་ཞིང་༔ བདེན་གཉིས་ལམ་ཁྱེར་མངོན་པའི་སྡེ་སྣོད་ཀྱི༔ དཀྱིལ་འཁོར་ཕྱོགས་ཀྱི་གྲངས་ལྡན་ཐུགས་དམ་བསྐང་༔ སོ་སོར་རྟོག་པའི་ཤེས་རབ་ཏིང་ངེ་འཛིན༔ རྟག་ཆད་མུ་བཞིའི་ལམ་དུ་གོལ་བ་དང་༔ སྙིང་རྗེའི་མྱུ་གུ་བསྐམས་པའི་ནོངས་པ་ཀུན༔ དག་ནས་ཀུན་ཏུ་འོད་ཀྱིས་ས་ལ་སྐྱོལ༔ གསང་སྔགས་ཕྱི་པའི་རྒྱུད་གསུམ་ལས་བྱ་སྤྱོད་གཉིས༔ དག་པ་གསུམ་དང་གཙང་སྦྲ་གསུམ་སྤྱོད་ཅིང་༔ དམ་ཡེ་ཐ་དད་རྗེ་ཁོལ་རྣམ་པར་བསྒྲུབ༔ བལྟས་པས་བདེ་བ་ལམ་བྱེད་བྱ་རྒྱུད་ཀྱི༔ དཀྱིལ་འཁོར་དྲུག་གི་ལྷ་ཚོགས་ཐུགས་དམ་བསྐང་༔ ཀྲི་ཡའི་ཐབས་དང་ཡོ་གའི་རྣལ་འབྱོར་ལ༔ ཆ་མཉམ་སྤྱོད་པས་མ་ནིང་ཐེག་པ་སྟེ༔ མངོན་བྱང་ལྔ་ཡི་དཀྱིལ་འཁོར་རྒྱལ་མཆོག་བསྒྲུབ༔ སྤྱོད་རྒྱུད་དཀྱིལ་འཁོར་རྒྱ་མཚོའི་ཐུགས་དམ་བསྐང༔ བྱ་སྤྱོད་རྒྱུད་སྡེའི་ལྷ་སྔགས་ཏིང་འཛིན་དང་༔ ཕྲ་རགས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ མཁའ་སྤྱོད་ལ་སོགས་གྲུབ་ཆེན་རྣམ་བརྒྱད་ཀྱི༔ ཐུན་མོང་དངོས་གྲུབ་འཛད་མེད་ཆར་དུ་སྙིལ༔ ཡོ་ག་རྣལ་འབྱོར་རྒྱུད༔ ཕྱི་ནང་གསང་གསུམ་རྣམ་དག་བདེན་པ་ཡི༔ ལྷ་དང་རྣལ་འབྱོར་གཉིས་མེད་ཆེན་པོར་རྟོགས༔ ཕྱག་རྒྱ་བཞི་དང་ཟབ་གསལ་ཏིང་འཛིན་བརྙེས༔ ལིང་ཚེ་དགུ་ལྡན་ཡོ་གའི་ཐུགས་དམ་བསྐང་༔ བདག་དང་ལྷ་ལ་བཟང་ངན་བལྟས་པ་དང་༔ བསྙེན་སྒྲུབ་མཆོད་པ་སྦྱིན་སྲེག་ཆག་པ་དང་༔ དཀྱིལ་འཁོར་སྒྲུབ་པའི་ཡན་ལག་ཉམས་པ་ཀུན༔ བཟོད་པར་བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ བླ་མེད་གསང་སྔགས་ནང་པའི་རྒྱུད་གསུམ་ལས་མ་ཧཱ་ཡོ་ག༔ བདེ་སྟོང་ཀློང་ཡངས་ཏིང་འཛིན་གསུམ་གྱི་སྦུབས༔ བསྐྱེད་རིམ་སྣོད་བཅུད་དག་པ་རབ་འབྱམས་སུ༔ ཡོངས་ཤར་སྒྱུ་འཕྲུལ་ཞི་ཁྲོ་བཀའ་བརྒྱད་སོགས༔ ཚོམ་བུའི་དཀྱིལ་འཁོར་བཅུ་གཉིས་ཐུགས་དམ་བསྐང་༔ ཤེས་བྱ་ལྔ་དང་མི་སྤང་དང་དུ་བླང་༔ སྒྲུབ་དང་སྤྱད་བྱའི་དམ་ཚིག་ཉི་ཤུ་ལྔ༔ གསང་བཅུ་ལ་སོགས་ཉམས་ཆག་སྡིག་སྒྲིབ་ཀུན༔ བཤགས་སོ་རིག་འཛིན་རྣམ་བཞིའི་ས་ལ་སྐྱོལ༔ ལུང་ཨ་ནུ་ཡོ་ག༔ བཀོད་པ་ལུས་ཀྱི་གཞལ་མེད་ཁང་ཆེན་ནང་༔ རྩ་གསུམ་འཁོར་ལོ་ལྔ་ཡི་འཇའ་ཟེར་སྦུབས༔ དབྱིངས་དང་ཡེ་ཤེས་མཉམ་སྦྱོར་རིག་པའི་རྩལ༔ ཨ་ནུ་ཡོ་གའི་དཀྱིལ་འཁོར་ཐུགས་དམ་བསྐང་༔ རྣམ་ཤེས་ཚོགས་བརྒྱད་ཉེ་ཉོན་ཉི་ཤུ་དང་༔ སེམས་བྱུང་ལྔ་བཅུ་བརྒྱད་ཁྲི་བཞི་སྟོང་གི༔ རྟོག་ཚོགས་དག་ནས་དྲན་རྫོགས་ཕྱག་རྒྱའི་སྐུ༔ ལྷན་སྐྱེས་བདེ་བ་ཆེན་པོའི་ས་ལ་སྐྱོལ༔
འོད་གསལ་རྫོགས་པ་ཆེན་པོ༔ ཤེས་རིག་ཟང་ཐལ་གཉུག་མའི་གཞལ་ཡས་སུ༔ ཡེ་གདངས་སྒྲོན་དྲུག་འཇའ་ཟེར་ཐིག་ལེའི་ཀློང་༔ རིག་པ་བཅུད་དུ་སྨིན་པ་ཨ་ཏིའི་ལྷ༔ ཞལ་ཕྱག་འཛིན་པ་དག་པའི་ཐུགས་དམ་བསྐང་༔ རང་གྲོལ་རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམས་གསུམ་གྱིས༔ གཅུན་ཏེ་སྣང་བཞི་ཆོས་ཟད་གདོད་མའི་དབྱིངས༔ ལྷུན་གྲུབ་རྫོགས་པ་ཆེན་པོའི་ས་ལ་སྐྱོལ༔ རྩ་གསུམ་ཌཱཀྐི་དམ་ཅན་སྤྱི་སྒོས་སུ༔ མདོར་ན་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཀློང་༔ ཐ་དད་རིག་པས་བཏགས་པའི་སྲིད་ཞུའི་མགྲོན༔ རྡུལ་སྙེད་མ་ཚང་མེད་པ་ཐམས་ཅད་དང་༔ སྣང་བ་ཡབ་ཀྱི་རང་བཞིན་རཱ་ཧུ་ལ༔ སྟོང་པ་ཡུམ་གྱི་ངོ་བོ་ཨེ་ཀ་ཙ༔ ཟུང་འཇུག་ཐུགས་རྗེ་བཛྲ་ས་དྷུ་སོགས༔ སྙིང་ཐིག་གཉན་པོའི་བཀའ་སྲུང་ཐམས་ཅད་དང་༔ ཨོ་རྒྱན་རྒྱ་གར་བར་ཡུལ་ཁ་ཆེའི་གླིང་༔ འ་ཞའི་ཡུལ་དང་བྲུ་ཤ་ཟངས་གླིང་ཡུལ༔ གསེར་གླིང་རྔ་ཡབ་ལངྐའི་གླིང་ཕྲན་དང་༔ རྒྱ་ནག་ལྗོངས་ཡུལ་གེ་སར་དམག་གི་གླིང་༔ ཙཱ་རི་ཏྲ་དང་ལྷོ་མོན་འབྲས་མོའི་གཤོངས༔ མངའ་རིས་སྐོར་གསུམ་དབུས་གཙང་རུ་བཞི་དང་༔ མདོ་ཁམས་སྒང་དྲུག་སྦས་གནས་གཉན་པོའི་ཡུལ༔ ལྗོངས་ལྔ་གླིང་དྲུག་གསེར་རི་ལྷུན་པོའི་སྤོ༔ སུམ་ཅུ་རྩ་གསུམ་གནས་ཡུལ་དུར་ཁྲོད་གཉན༔ ཆོས་འཁོར་གཙུག་ལག་སྒྲུབ་གནས་དབེན་གནས་ཀྱི༔ ཁོར་ཡུག་ལྗོན་ཤིང་བྲག་རི་མཚོ་གླིང་ལ༔ གནས་པའི་དཔའ་བོ་ཌཱཀྐི་ཆོས་སྲུང་ཚོགས༔ ཞལ་ནས་གསུངས་དང་རྗེས་སུ་གནང་བ་དང་༔ བྱིན་བརླབས་ལུང་བསྟན་དག་སྣང་བསྟན་བཅོས་དང་༔ ཐུགས་གཏེར་དགོངས་གཏེར་ཟབ་གཏེར་རྫས་གཏེར་སོགས༔ གཏེར་རིགས་བཅོ་བརྒྱད་ཆོས་ཀྱི་བཀའ་གཏད་ཅིང་༔ དཀྱིལ་འཁོར་རྒྱ་མཚོའི་མུ་རན་ལ་གནས་པའི༔ དམ་ཅན་ཌཱཀྐི་བསྟན་སྲུང་རྒྱ་མཚོ་ཡི༔ ཐུགས་དང་འགལ་གྱུར་ནོངས་པ་ཅི་མཆིས་པ༔ སྙིང་ནས་བཤགས་སོ་ཚངས་པའི་ཞལ་རས་སྟོན༔ རྟག་ཆད་མཐའ་བྲལ་དབུ་མ་ཆེན་པོའི་སྦུབས༔ འཁོར་འདས་རོ་རྐྱང་ཟུང་འཇུག་ཕྱག་རྒྱ་ཆེར༔ སྦྱར་བས་སྣང་སེམས་ཞེན་གྲོལ་རྫོགས་པ་ཆེའི༔ ཏིང་འཛིན་ནམ་མཁའ་མཛོད་ཀྱི་སྒྱུ་འཕྲུལ་ལས༔ གཟུང་འཛིན་ཕཊ་ཀྱིས་གཏོར་བའི་རྗེས་གཞིག་ཆེར༔ བློ་བྲལ་ཐུགས་ཕྲད་ཤེས་པའི་ངོ་བོ་རུ༔ ཚོགས་བརྒྱད་ཀ་ནས་དག་པའི་བཀྲ་ཤིས་རྟགས༔ སྣང་བ་རྒྱན་དུ་ཤར་བའི་རྒྱལ་སྲིད་བདུན༔ རིག་སྟོང་རྗེན་པར་གྲོལ་བའི་འདོད་ཡོན་ལྔ༔ རྐྱེན་ངན་ལམ་དུ་ལོངས་པའི་ཕྱག་རྒྱ་གར༔ འབུལ་ལོ་མཆོག་ཐུན་དངོས་གྲུབ་རྒྱ་མཚོར་བསྐྱིལ༔ ཀློང་ཆེན་གཞོན་ནུ་བུམ་སྐུའི་ཀ་པཱ་ལར༔ དུག་གསུམ་རྣམ་རྟོག་དྲེགས་པ་བཏུལ་བའི་ཁྲག༔ སྐུ་གསུམ་ཡོངས་གྲོལ་ཆེན་པོའི་བ་ལིང་ཏ༔ རེ་དོགས་ཚར་གཅོད་ཤ་ལྔ་བདུད་རྩི་ལྔ༔ ཉི་ཟླའི་དྭངས་མ་རྩ་བརྒྱད་ཡན་ལག་སྟོང་༔ རང་བྱུང་ལྷུན་གྲུབ་ནང་གི་དམ་རྫས་ཀུན༔ འབུལ་ལོ་བརྟུལ་ཞུགས་མཐར་ཕྱིན་དངོས་གྲུབ་སྩོལ༔ གདོད་མའི་སྟོང་ཆེན་དབྱིངས་ཀྱི་བྷ་གའི་ཀློང་༔ རྣམ་ཀུན་མཆོག་ལྡན་རིག་པའི་རྡོ་རྗེ་ཡིས༔ རྟེན་འབྲེལ་ལུགས་ལྡོག་འཁོར་བའི་བག་ཆགས་བསྒྲལ༔ བདེ་སྟོང་དགའ་བཞིའི་ཉམས་རྩལ་རྫོགས་པའི་གར༔ སྦྱོར་སྒྲོལ་བརྟུལ་ཞུགས་མཐར་ཕྱིན་གསང་བའི་རྫས༔ འབུལ་ལོ་གཞན་སྣང་དབང་འདུས་དངོས་གྲུབ་སྩོལ༔ མཚན་མ་རྫས་དང་མཚན་མེད་ཏིང་འཛིན་གྱིས༔ ལས་བཞིའི་ཕྲིན་ལས་སྒྲུབ་པའི་ཕྱག་རྒྱ་དང་༔ ཤུགས་སྒྲོལ་དམོད་པའི་མཚོན་ཆ་ཁྱོད་ལ་འབུལ༔ སྨོན་འཇུག་སེམས་བསྐྱེད་བྲག་ཕུག་ཞྭ་ལྟར་གྱོན༔ ཆགས་མེད་འཁོར་བ་སྤངས་བའི་རྣལ་འབྱོར་ལ༔ མ་ཉེས་ཁ་ཡོགས་ཅལ་སྒྲོག་ངན་སྦྱོར་གཤོམ༔ སྒྲུབ་ལ་བར་གཅོད་ཐུགས་རྒྱུད་དཀྲུགས་པ་ཡི༔ སྨོན་ལམ་ལོག་པའི་དགྲ་འདྲེའི་སྙིང་ཁྲག་འཐུང་༔ མཐོན་མཐིང་རལ་པའི་གླེགས་བམ་མན་ཆད་ནས༔ བདོག་པའི་ཉེར་སྤྱད་ཕྲ་མོ་ཡན་ཆོད་དུ༔ མདོར་ན་རྣལ་འབྱོར་ཡིད་ལ་མཛའ་བའི་རྫས༔ རྩ་གསུམ་དམ་ཅན་ཌཱཀྐིའི་བླ་རྡོར་འབུལ༔ ནགས་ཁྲོད་བས་མཐའ་མཚོ་གླིང་བྲག་སྐྱིབས་སོགས༔ ངེས་མེད་གནས་སུ་བྱང་ཆུབ་བསྒྲུབ་པའི་ཕྱིར༔ སྟག་མོས་རི་སུལ་འགྲིམས་ལྟར་རྒྱུ་བའི་ཚེ༔ རྣལ་འབྱོར་ལུས་ལ་གྲིབ་མ་བཞིན་དུ་འགྲོགས༔ བརྟན་གཡོ་སྣང་སེམས་ཞེན་པས་བཅིངས་པ་ཡི༔ ཕྲ་རགས་རྣམས་རྟོག་གྱ་གྱུའི་སྒྱུ་འཕྲུལ་ཅན༔ སྲིད་ཞི་གཉིས་མེད་ཤར་གྲོལ་དུས་མཉམ་ཀློང་༔ འབུལ་ལོ་ཆོས་ཉིད་ཟད་སར་འཁྱོལ་བར་ཤོག༔ ཀུན་གཞིའི་ངང་ནས་ལས་རླུང་གཡོས་པའི་འཕྲུལ༔ བག་ཆགས་སེམས་ཉིད་མངལ་རྒྱར་འཐུམས་པ་ལས༔ འབྱུང་བའི་ཤ་ཁྲག་དྲོད་དབུགས་ཕུང་པོའི་ཁམས༔ འབུལ་ལོ་བདག་གིས་འཇའ་ལུས་འགྲུབ་པར་ཤོག༔ འདིས་མཚོན་དུས་གསུམ་བསགས་པའི་དགེ་རྩ་ཀུན༔ དྲན་རིག་ཟག་པ་མེད་པའི་ཡེ་ཤེས་ཀྱིས༔ འཁོར་གསུམ་ཡོངས་དག་ཆེན་པོར་རྒྱས་བཏབ་ནས༔ གནས་ལུགས་རྫོགས་པ་ཆེན་པོའི་ཀློང་དུ་ཨཿ གུ་ཧྱ༔ དྷ་ཐིམ༔ གང་འདི་འོག་མིན་དཔལ་གྱི་མཆིམས་ཕུ་ཡི༔ མཁའ་འགྲོའི་ཚོགས་ཁང་མེ་ཏོག་ཕུག་པ་རུ༔ བྷུ་སུ་ཀུ་པ་མཁྱེན་བརྩེ་འོད་ཟེར་དེ༔ གཅིག་པུར་སྙིང་པོའི་སྒྲུབ་ལ་གཞོལ་བའི་སྐབས༔ རྣམ་གནོན་ལྕགས་འབྲུག་ཟླ་བ་ཤར་བའི་མགོར༔ བདག་ཅག་སྟོན་པ་གྲོང་ཁྱེར་སྒྲ་སྒྲོགས་ཀྱི༔ རྒྱལ་པོ་ཨུ་ཏྲ་ཡ་ནས་སྤྱན་དྲངས་ཏེ༔ མཆོད་ཅིང་བསྙེན་བསྐུར་ཞུས་པའི་དུས་ཆེན་ཉིན༔ སྒྲུབ་པ་སྙིང་པོར་བྱེད་པའི་ཆ་རྐྱེན་དུ༔ ཡུལ་གྱི་རྟེན་འབྲེལ་དག་པས་མཚམས་སྦྱར་ཏེ༔ དག་པ་ཡེ་ཤེས་རིག་པའི་ངོར་ཤར་བཞིན༔ ཀློང་ཆེན་དགོངས་པའི་གསང་མཛོད་ནས་ཕྱུངས་ཏེ༔ བརྡ་ཚིག་ཡི་གེའི་ལམ་དུ་སྣང་བར་བྱས༔ བྱ་སླ་ཁྱེར་བདེ་ཟབ་མོའི་གནད་ཀུན་ཚང་༔ ཉམས་ཆག་སྡིག་སྒྲིབ་དག་ཅིང་ཐུགས་དམ་བསྐང་༔ འཕྲལ་རྐྱེན་རྟེན་འབྲེལ་ངན་པ་བཟློག་པར་ནུས༔ བསམ་དོན་ཡིད་བཞིན་འགྲུབ་ཅིང་དངོས་གྲུབ་ཐོབ༔ དེ་ཕྱིར་འདི་ནི་ཨུ་པ་དེ་ཤ་སྟེ༔ བདག་རྗེས་འབྲང་བ་རྣམས་ཀྱིས་དང་དུ་ལོངས༔ སྙིང་ཐིག་གཉེན་པོའི་བཀའ་སྲུང་རྣམས་ལ་གཏད༔ སྐལ་མེད་ལོག་ལྟ་ཅན་ལ་ཨ་ཐཾ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ 

0 comments:

ཟིན་བྲིས་འཚོལ་ཡུལ