དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday, 14 August 2013

ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་སྙན་ངག་གྱེར་འདོན་འདུ་འཛོམས་ཐེངས་བཞི་པའི་སྐབས་ཀྱི་སྙན་ངག་པ་རྣམས་ཀྱི་དགོངས་ཚུལ་དང་སྙན་ངག


སྡུད་སྒྲིག་པ་བོན་རྒྱ་བསྟན་འཛིན་རབ་རྒྱས།
ངེད་དང་མདོ་སྨད་སྤྱི་འཐུས་རྨོག་རུ་བསྟན་པ་གཉིས་ཀྱི་བཀོད་སྒྲིག་འོག  ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་སྙན་ངག་གྱེར་འདོན་འདུ་འཛོམས་ཐེངས་བཞི་པ་སྤྱི་ལོ་ ༢༠༡༣ ཟླ་༨ ཚེས ༡༠ ཉིན་རྡ་སའི་མེག་ལོར་བསྟན་ནོར་གསོལ་མགྲོན་ཁང་དུ་བསྡུས་པ་ཡིན། སྤྱིར་ན་སྙན་ངག་གྱེར་འདོན་འདུ་འཛོམས་འདི་སྙན་ངག་པ་རྐྱང་བས་གྲུབ་ན་སྙམ་པའི་བསམ་བློ་ངེད་གཉིས་ལ་ཡོད་མོད། བརྗོད་བྱའི་དགོས་དབང་གི་མི་མང་གི་སྐུ་ཚབ་དང་ཁོང་ལ་དམིགས་བསལ་ལྟ་རྟོག་དང་རོགས་འདེགས་གནང་མཁན་གྱི་ཚོགས་པ་ཁག  ནང་མི་བཅས་མགྲོན་འབོད་བྱེད་དགོས་བྱུང་སོང་། ཡིན་ནའང་། ངེད་གཉིས་ཀྱིས་བགྲོ་གླེང་འདུ་འཛོམས་དེ་རིགས་གཉིས་ལྟ་བུ་ཞིག་ལ་བཀར་ནས་སྤྱི་འཐུས་རྣམ་པ་དང་ཚོགས་པ་ཁག་གི་སྐུ་ཚབ། ལྷ་མོ་སྐྱིད་བཅས་ཀྱི་བསམ་ཚུལ་གྲུབ་པ་དང་མཇུག་སྡོམ་བརྒྱབ་སྟེ་གསོལ་ཇ་བར་གསེང་བཞག དེ་རྗེས་གཞི་ནས་རྩོམ་པ་པོ་རྣམས་བསྐྱར་འཛོམས་ཀྱིས་ཁོང་གི་སྐོར་ལ་དགོངས་ཚུལ་དང་སྙན་ངག་གི་སྐོར་ལ་དགོངས་ཚུལ། སྙན་ངག་གྱེར་འདོན་བཅས་ཀྱི་ལས་རིམ་དེ་ཅུང་རྒྱུན་རིང་བོར་བསྐྱངས་པ་ཡིན། ཐེངས་འདིའི་གྱེར་འདོན་ཡང་གླིང་ཚའི་སྐོར་གྱི་སྙན་ངག་ཆིག་རྐྱང་ཞིག་མིན་པར་གཞིས་ཀྱི་སྙན་ངག་པ་འཇུ་སྐལ་བཟང་དང་མདའ་བཙན་པོ་སོགས་ཀྱི་ལ་རྒྱའི་སྙན་ངག་དང་བརྩེ་དུང་གི་སྙན་ངག་ཡང་གྱེར་འདོན་བྱས་པ་ཡིན་ལ།  ཧིན་རྡུའི་ནང་གི་སྙན་ངག་གཅིག་གཉིས་རེའང་གྱེར་འདོན་དང་འགྲེལ་བརྗོད་ཀྱིས་མྱོང་རོལ་བྱས་པ་ཡིན།  གཤམ་འོག་གི་འདི་དག་ནི་བདག་གིས་སྙན་ངག་གྱེར་འདོན་འདུ་འཛོམས་འདི་མགོ་འཛིན་སྐབས་ཀྱི་གཏམ་བཤད་དང་ཉིན་དེར་གྱེར་འདོན་བྱས་པའི་སྙན་ངག་ཁ་ཤས་ཡིན།

ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་སྙན་ངག་གྱེར་འདོན་འདུ་འཛོམས་ཐེངས་བཞི་བའི་སྟེང་ཕེབས་པའི་ཕེབས་པའི་སྙན་ངག་པ་རྣམ་པ་དང་།  བོད་མི་མང་སྤྱི་འཐུས་རྣམ་པ།  དེ་བཞིན་ཚོགས་པ་ཁག་གི་སྐུ་ཚབ་དང་གསར་འགོད་པ་བཅས་པར་འཚམས་འདྲི་དང་བཅས།  ངས་ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་གྱེར་འདོན་ཐེངས་བཞི་པ་དང་།  རྩོམ་པ་པོ་གླིང་ཚའི་སྐོར་ངོ་སྤྲོད་ཅུང་ཙམ་ཞུ་རྒྱུ་ཡིན། ད་རེས་འདི་ནི་ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་སྙན་ངག་གྱེར་འདོན་འདུ་འཛོམས་ཐེངས་བཞི་པ་ཡིན་ལ། ཐེངས་དང་པོ་དང་གཉིས་པ་དེ་ལོ་གཉིས་དང་གསུམ་གྱི་ཡར་སྔོན་ལ་བསྡུས་པ་ཡིན།  ཐེངས་དང་པོ་དང་གཉིས་པའི་ཤུགས་རྐྱེན་ལས་གཞོན་ནུ་དང་བུད་མེད་ཀྱི་མར་མེ་ཁྲོམ་སྐོར་སྐབས་ལའང་སྙན་ངག་གྱེར་འདོན་རེ་བཀོད་སྒྲིག་བྱེད་པ་ལྟ་བུའི་འུར་ཆེན་པོ་ཞིག་ལངས་པ་དང་། ལྷག་པར་ཤིང་བཟའ་རིན་པོ་ཆེས་ཁྱབ་རྒྱ་ཆེ་ལ་འགྲོ་སོང་ཕོན་ཆེ་བཏང་ནས་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་བསྡུས་པ་སོགས་སྐབས་དེ་དག་ལ་སྙན་ངག་གི་ཕྱོགས་སུ་འུར་ཆེན་པོ་ལངས་པའི་རྣམ་པ་བྱུང་ནའང་།  དེང་སྐབས་དེ་དག་འཇགས་པའི་གནས་སྟངས་ཤིག་ཤར་འདུག དེའི་རྐྱེན་གྱིས་སྙན་ངག་གྱེར་འདོན་དེ་ངེས་པར་དགོས་ངེས་ཤིག་ལ་སྙམ་ནས་ཐེངས་བཞི་པ་འདི་བསྡུས་པ་ཡིན། ལྷག་པར་གོང་ས་མཆོག་གིས་བོད་ཀྱི་རྩ་དོན་ཐུག་ས་གཅིག་བོད་ཀྱི་སྐད་དང་ཡི་གེར་ཐུག་ཡོད་པའི་བཀའ་སློབ་ལན་མང་གནང་བ་མ་ཟད་ཐ་ན་སྐུ་རླུང་དྲག་པོ་བཞེངས་པའི་རྣམ་པར་ཡང་གནང་བ་དང་།  ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྱང་སྐུ་ཚེ་སྨད་དེ་བོད་ཀྱི་སྐད་ཡིག་ཆོས་རིག་རྒྱུན་འཛིན་དང་དར་སྤེལ་གྱི་ཐད་བཏང་བ་རེད།  དེ་ལྟར་རྒྱལ་བ་ཡབ་སྲས་གཉིས་ཀྱི་བཞེད་དགོངས་གཅིག་ལ་འབབ་པའི་གནད་ས་དེ་དག་གི་ཐད་གཞུང་སྒེར་གཉིས་ནས་ནུས་པ་ཇི་ཡོད་ཀྱིས་ཤུགས་འདོན་རྒྱུ་གལ་ཆེ་བར་སྙམ་ནས་སྙན་ངག་གྱེར་འདོན་གྱི་འདུ་འཛོམས་འདི་དག་རིམ་པར་བསྡུས་པ་ཡིན།  སྤྱིར་ན་སྐད་ཡིག་གི་འཕེལ་རྒྱས་ནི་ཕ་སྐད་གཙང་མ་བཤད་དགོས་ཞེས་ཐ་སྙད་གཅིག་གཉིས་རེ་བོད་སྐད་སྟེང་ནས་བཤད་པ་ཙམ་མིན་པར།  སྐད་ཡིག་དེའི་ནང་སྒྱུ་རྩལ་དང་མཚན་ཉིད་རིག་པའི་མཚོན་པའི་རིག་གནས་སྡེ་ཁག་མང་པོ་ཞིག་གནས་ཐབས་བྱེད་རྒྱུ་དེ་ནི་སྐད་ཡིག་གི་བླ་སྲོག་བཟུང་བ་ངོ་མ་དེ་རེད་སྙམ།  ལྷག་པར་ང་ཚོའི་སྐད་ཡིག་འདི་ལ་རྒྱ་དབྱིན་གང་ནས་ཀྱང་ཇི་བཞིན་མི་ཁྲོལ་བའི་སྒྱུ་རྩལ་གྱི་མཚོན་ཐབས་བླ་ན་མེད་པ་མང་པོ་ཞིག་ང་ཚོས་སྐད་ཡིག་ནང་ཇི་བཞིན་མཚོན་ཞིང་བརྗོད་ནུས་པས་ང་ཚོས་དེ་དག་ངོ་ཤེས་པར་བྱས་ཏེ་སྒྱུ་རྩལ་ཀུན་གྱི་རྒྱལ་བོ་སྙན་ཚིག་རིག་པ་འདི་ཁྱབ་བརྡལ་དུ་ཕྱིན་ན་སྙམ་པ་དང་།  ལྷག་པར་རྒྱབ་རྩ་ན་རྒྱལ་ཁབ་མེད་ལ་བླ་ཆེན་དང་དཔོན་ཆེན་མེད་པའི་ང་ཚོ་དང་ཆ་འདྲ་བའི་སྙན་ངག་པ་གཉོམ་ཆུང་ཞིག་གི་ལག་པ་ཡ་གཅིག་གིས་ནམ་མཁའ་བཀྱག་ཏེ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་ནས་བཞུད་ཅིང་། ད་ལྟ་བོར་བརླག་ཏུ་གྱུར་ནས་ཟླ་བའི་སྟེང་ལ་ཟླ་བ་བརྩེགས་ནས་འགྲོ་གི་ཡོད་པ་དེ་ངེས་པར་ཤེས་དགོས་པ་དང་། རྩོམ་པ་པོ་ཙམ་མིན་པར་མི་མང་གིས་ངེས་པར་ཤེས་དགོས་པར་སྙམ་སྟེ་མི་མང་གི་སྐུ་ཚབ་རྣམ་པ་གདན་དྲངས་པ་ཡིན།
སྤྱིར་ན་གླིང་ཚ་ཚེ་བརྟན་རྡོ་རྗེ་ཞེས་པ་འདི་ནི་བརྩེ་དུངས་དང་བདེན་དོན་གྱི་ཆེད་དུ་མི་ཚེ་བསྟིམས་པའི་གང་ཟག་ཅིག་ཡིན་པའི་ཆ་ནས་རྩོམ་པ་པོའི་གཉུག་གཤིས་དང་དབང་རྩ་ཡོངས་སུ་ཚང་བའི་གང་ཟག་ཅིག་རེད།  ཁོང་གི་རྩོམ་ཡིག་དག་ཚད་ལྡན་དང་བླ་ན་མེད་པར་སྨྲ་མི་ཐུབ་མོད། ཁོང་གི་ཞི་བའི་འཐབ་རྩོད་ཀྱི་བྱུང་རིམ་དེ་ངོ་མཚར་བ་ཞིག་རེད། ངས་ཁོ་ལ་ཁྱོད་ཀྱི་ཞི་བའི་འཐབ་རྩོད་འདི་ཇིལྟར་བསླངས་པ་ཡིན་ཞེས་དུས། དེ་ནི་གན་དྷི་རྗེ་དང་༸གོང་ས་མཆོག་གི་བཀའ་སློབ་ཁག་ལ་ཡུན་རིང་སློབ་སྦྱོང་བྱས་པ་ལས་བྱུང་བ་ཡིན།  གོང་ས་མཆོག་གི་བཀའ་སློབ་གསར་ཐོན་ཞིག་ལ་ངས་མ་བཀླགས་པ་ཞིག་མེད་ལ།  ལྷག་པར་<<བྱམས་བརྩེ་དང་ནུས་སྟོབས་>>ཞེས་པ་དེ་ངས་བཀླགས་ནས་དེབ་ཡང་རལ་བར་གྱུར་སོང་ཞེས་ལན་གནང་སོང་། འོ་ན་ཁྱོད་ཀྱི་ཞི་བའི་འཐབ་རྩོད་ཅེས་པ་འདི་ཆབ་སྲིད་སྡེར་གཏོགས་ཤིག་ཡིན་ནམ་ཆོས་ལུགས་ཀྱི་སྡེར་གཏོགས་ཤིག་ཡིན།  ཁྱོད་དོན་ངོ་མ་ཅི་ཞིག་རྩོད་ཀྱིན་ཡོད་ཅེས་དྲིས་དུས། འདི་ནི་ཆབ་སྲིད་དང་ཆོས་ལུགས་གང་གི་སྡེར་གཏོགས་ཀྱང་མིན། མི་ཆོས་རིག་གནས་ཀྱི་སྡེར་གཏོགས་ཤིག་ཡིན།  ངས་བདེན་པ་དང་རང་དབང་རྩོད་ཀྱིན་ཡོད། དེ་ནི་མི་ཚང་མར་ཐོབ་འོས་པ་དང་རྩོད་འོས་པ་ཞིག་རེད་ཅེས་ལན་བརྒྱབ་སོང་།  འོ་ན་ཁྱོད་ཀྱི་བདེན་པ་ཞེས་པ་ཅི་ཞིག་ཡིན་ཞེས་དྲིས་དུས། བདེན་པ་ཞེས་པ་ནི་རོལ་མྱོང་བྱེད་རྒྱུ་ཞིག་ཡིན་པ་དང་། མིའི་རིགས་ཀྱི་ཚེ་སྲོག་གི་རིན་ཐང་ངོ་ཤེས་ན་དེ་ནི་ངས་བཤད་ཀྱིན་པའི་བདེན་པ་ཞེས་པ་དེ་ཡིན། ངས་གོམ་པ་རེ་རེ་བཞིན་སྤོ་དུས་བརྗེད་མི་ཐུབ་པ་ནི་ང་ཚོས་ཅིའི་ཕྱིར་བདེན་པ་བཤད་པ་དང་། བདེན་པ་ལས་པ། བདེན་པའི་ཆེད་དུ་ཡར་ལངས་མི་ཐུབ་པ་དེ་རེད་ཅེས་བཤད་སོང་། འོ་ན་ཁྱོད་ཀྱིས་རྒྱ་མིའི་དར་ཆ་ཅིའི་ཕྱིར་འཕྱར་བ་ཡིན་ཞེས་དྲིས་དུས། ངའི་བསམ་ཚུལ་ལ་ང་ཚོ་དགྲ་ཞེས་པ་འདི་ལས་གྲོགས་ཞེས་པ་དང་། འདྲ་མཉམ་ཞེས་པ་འདི་དང་ལེན་ཐུབ་ཀྱི་མི་འདུག སྤྱིར་ན་དགྲ་ཞེས་པ་ཞིག་ང་ཚོར་རྩ་བ་ནས་མེད་པའི་བསམ་བློ་དགོས་འདུག་སྙམ་ནས་རྒྱ་མིའི་རྒྱ་དར་ཁུར་བ་ཡིན་ཞེས་ལན་བརྒྱབ་སོང་།  འོ་ན་ད་ལོ་ཁྱེད་ཀྱིས་མི་འཁུར་དོན་ཅི་ཡིན་འདྲི་དུས།  ང་ཚོ་མི་མང་གིས་དེ་ངོས་ལེན་ཐུབ་ཀྱི་མེད་པས་མི་མང་གི་བསམ་བློ་བརྩི་བཀུར་བྱས་པ་ཡིན།  སྤྱིར་ན་རྒྱ་དར་མ་འཁྱེར་བ་ནི་ང་ལ་མཚོན་ན་ངའི་མགོ་ནས་སྐྲ་རྐང་གཅིག་བལ་བ་ལྟ་བུ་རེད། དེ་ནི་ངའི་ཞི་བའི་འཐབ་རྩོད་ཀྱི་གང་ཡང་མ་རེད། ང་ལ་སྐྲ་རྐང་གཅིག་ཀྱང་ཡོད་ཀྱང་མེད་ཀྱང་ཁྱད་པར་ཅི་ཡང་ཡོད་པ་མ་རེད་ཅེས་ལན་གནང་སོང་། འདི་ལྟར་ཁོང་ལ་དྲི་བ་དྲིས་ལན་གྱི་ལམ་ནས་རྒྱུས་ལོན་བྱས་དུས་ཁོང་གི་ཞི་བའི་འཐབ་རྩོད་དེ་ནི་བཅོས་མ་དང་འུ་ཚུགས་གང་ཡང་མིན་པར་ཁོ་ལ་དབང་མེད་གྱི་མྱོང་བ་ཐོན་ཡོད་པ་ལྟ་བུ་ཞིག་གི་ཚུལ་དུ་ཡོད་པ་ང་ནི་ངོ་མཚར་བར་གྱུར་ཡོད།  ཕལ་ཆེར་ཁྱེད་ཅག་ཡད་དེ་བཞིན་ཡིན་རྒྱུ་རེད།  མི་མང་གི་ཁོང་གི་དགོངས་ཚུལ་ཇི་བཞིན་མི་ལོན་ནའང་ང་ཚོ་རྩོམ་པ་པོ་ཚོས་ཁོང་གི་དགོངས་ཚུལ་ཇི་བཞིན་ལེན་རྒྱུ་གལ་ཆེན་པོ་རེད།  རྒྱུ་མཚན་དེ་འདྲའི་མང་པོ་ཞིག་གི་སྒོ་ནས་ཤེས་རབ་ཀྱི་ནམ་མཁར་ཕྱོགས་ཏེ་རྩོམ་པ་པོ་གླིང་ཚ་འཚོལ་བ་ཞེས་པའི་བརྗོད་གཞི་འདི་གདམ་པ་ཡིན། 

རྩོ་པ་པོ་ལྷ་ཆབ་སྦྱིན་པས་གླིང་ཚ་དང་ཁོང་གཉིས་ཆུང་དུས་ནས་འདྲིས་པའི་གྲོགས་པོ་ཡིན་སྐོར་གྱི་གཏམ་རྒྱུད་རྣམས་བཤད་རྗེས་ཁོང་ལ་བྲིས་པའི་སྙན་ངག་རྙིང་པ་འདི་གྱེར་འདོན་བྱས་སོང་།
གླིང་ཚང་ལ་རྒྱང་ལྟ།
ལྷ་ཆབ་པ།
མི་ནུབ་བདེན་པའི་སེམས་ཤིག་ཁྱེད་ལ་ཡོད།།
ཁྱེད་ཀྱི་སེམས་དེར་མི་འགྱུར་རྟགས་ཤིག་གྲུབ།།
རང་གི་རྐང་བ་གཉིས་ཀྱི་རྩེར་ལངས་ནས།།
ཧི་མ་ལ་ཡའི་ཕྱོགས་སུ་དལ་གྱིས་རྒྱུ།།

དཀར་བོའི་ལས་ཀྱི་མཐའ་ན་ལམ་ཞིག་ཡོད།།
ལམ་དེའི་སྣེ་མོ་ཁྱེད་ཀྱི་སྙིང་ལ་ཟུག།
ཚུགས་ཐུབ་དབུ་མ་ཆེན་མོའི་ཁྱིམ་དེ་ན།།
ཁྱེད་ཀྱི་མིག་ཟུང་ཕྱོགས་སའི་ལྷ་ཞིག་ཡོད།།

དྲོན་པོའི་མལ་ཞིག་མ་རྙེད་ལོ་གཅིག་འགོར།།
ཞིམ་པོའི་ཟས་ཤིག་མ་རག་ལོ་གཅིག་འགོར།།
སྡུག་གི་མགོ་བོ་ལས་ཀྱིས་བྱིན་ནའང་།།
བཟོད་པའི་ཕ་རོལ་ཡུལ་དུ་ཁྱོད་རང་ཕྱིན།།

ཁྱེད་ལ་སྙིང་སྟོབས་ཆེ་བའི་ཕ་ཞིག་ཡོད།།
བྱམས་དང་སྙིང་རྗེ་ཅན་གྱི་མ་ཞིག་ཡོད།།
བསམ་ན་ངོ་མཚར་ཆེ་བའི་མི་ཚང་ཞིག།
ས་ཡ་དྲུག་གི་ཆེད་དུ་འདི་ལྟར་བསྐྱོད།།

མཁའ་མཐའི་སྤྲིན་པ་དམར་བོའི་ཕྱོགས་དེ་ན།།
ཁྱེད་ཀྱི་རྐང་རྗེས་དཔར་བའི་ལམ་ཞིག་ཡོད།།
རྡོ་དང་འཚེར་མ་འཛིང་བའི་ལམ་དེ་ནས།།
ས་ཡ་དྲུག་གི་བུ་ཁྱོད་གནམ་གྱིས་སྲུང་།།

གསོན་པོའི་ལྷ་ཞིག་ཡོད་ན་དེ་རིང་ཤོག།
གླིང་གི་དཔའ་བོ་ལམ་ལ་ཆས་སོང་ལོ།།
མི་མིན་འབྱུང་བོའི་ཚོགས་རྣམས་རྒྱང་དུ་ཆོད།།
དཀར་ཕྱོགས་ལྷ་མི་དགའ་བའི་ཕེབས་བསུ་ཡོད།།

མི་འཇིགས་བདེན་པའི་དམ་བཅའ་སྙིང་ལ་བརྐོས།།
དཀའ་སྡུག་ལོ་ཟླས་སུབ་པར་མི་འགྱུར་བ།།
གླིང་གི་ཚ་བུ་ཁྱེད་ཀྱི་གོམ་སྒྲ་ནི།།
བདག་གི་རྨི་ལམ་དུ་ཡང་ལན་དུ་ཐོས།།

ཁྱེད་ཀྱི་བགྲོད་པ་སྤུ་གྲིའི་ཁ་ན་ཡོད།།
ཁྲག་གི་རྐང་རྗེས་བོད་མིའི་སྙིང་ན་ཡོད།།
ལོ་དང་ཟླ་བའི་རྔུལ་ཆུའི་ཐིགས་པ་ནི།།
རྨ་འབྲི་རྫ་གསུམ་རྒྱུན་དང་བསྡོངས་ནས་ཡོད།།
༢༠༡༣ ༣ ༡༤ ལ།

བུད་མེད་སྒྲུང་གཏམ་པ་དང་སྙན་ངག་པ་ཉི་མ་འཚོས་གླིང་ཚ་བོར་བརླག་སྐོར་གྱི་སེམས་ཁྲལ་སོགས་འགྲེལ་བརྗོད་ཉུང་ཉུང་ཞིག་དང་ལྷན། དེ་རིང་ཁོ་མོ་གླིང་ཚའི་བཟའ་ཟླ་ཡལ་གྱི་ཚོར་བའི་གཏིང་རུམ་ལ་འཛུལ་བར་འབད་བརྩོན་བྱེད་ཀྱི་ཡིན་ཞེས་འོག་གི་སྙན་ངག་འདི་ངག་འདར་འདར་དང་ཚོར་བའི་ཞིང་ཁམས་ལ་་རྦད་ཀྱིས་ཆས་པ་ཞིག་གི་ཉམས་གྱིས་གྱེར་འདོན་བྱས་ཏེ་སྙན་ངག་པ་ཚང་མའི་མིག་མཐར་མཆི་མ་བསྐྱིལ་སོང་ལ། ལྷག་པར་སྙན་ངག་པ་ལྷ་ཆབ་སྦྱིན་པས། ཁྱེད་ངག་འདར་འདར་གྱིས་བཀླགས་ཤིང་འོང་དུས། བདག་གི་མིག་ཟུང་ལའང་སྨྲ་ར་སོབ་སོབ་དང་བློ་དཀར་གཞུང་བཟང་གི་གྲོགས་པོ་ཁོང་དང་ཁོང་གི་ཐོད་པ་གུག་གུག་ཡིན་པའི་བྱིས་པ་དེ་གཉིས་དྲན་ནས་མིག་ལ་མཆི་ཞགས་འཁོར་བྱུང་། ཞེས་བྲིས་འདུག
ངོ་གདོང་སྨུག་པོ།  བརྩེ་བ་ཐེད་པོ།
ཉི་མ་འཚོ།
ང་དང་འདྲིས་མྱོང་བའི་ངོ་གདོང་སྨུག་པོ། ཁྱོད་གང་ན་ཡོད།
སེམས་ཁྲལ་གྱིས་གཉིད་ཁུག་པ་དང་། སེམས་ཁྲལ་གྱིས་གཉིད་ལས་སད་ཐེངས་རེར། ངལ་དུབ་ཀྱིས་ཟིན་པའི་ལུས་པོ་འདིར། ནུས་ཤུགས་ཅུང་ཙམ་ཡང་མི་འདུག མུན་པ་ལྟ་བུའི་གནམ་འོག་ནས། འོད་སྣང་མི་མཁོ་བའི་མི་སུ་ཡོད། ངས་ཀྱང་མུན་པའི་ཡོལ་རས་ལྟ་བུའི་མི་ཚེ་འདི་ཕར་ཕར་ཕྱེ་ན་བསམ།
མལ་དུ་ཉལ་དུས། ངས་རང་གི་ཉལ་ཁྲི་ཆེ་དྲགས་འདུག་བསམ་བྱུང་། གཡས་གཡོན་གང་ལ་ཨ་ལོག་བརྒྱབ་རུང་། ཟུར་གང་ཞིག་ལ་ལག་པས་རེག་ཀྱང་། སྟོང་པ་སྟོང་རྐྱང་རེད། སྐབས་འདིར། ངས་ཉལ་ཁྲི་ཆུང་ཆུང་ཞིག་དྲན་བྱུང་། ཨ་ལོག་གང་ལ་བརྒྱབ་རུང་། སུ་ཞིག་གིས་འཐམས་ནས་ཡོང་བ་དང་། གང་ལ་ཡང་རེག་ནས་ཡོང་བའི་མལ་ས་ཞིག་དྲན་བྱུང་། ད་བར་ངའི་ཉལ་ཁྲི་ཆེ་དྲགས་འདུག
རྡ་ས་ནས་འདྲིས་སོང་བའི་སེམས་པ་དང་། རྡ་ས་ནས་འགོ་བརྩམས་པའི་མི་ཚེ། ཕྱིར་འདང་རེ་བརྒྱབ་ན། སུ་ལ་ཡང་ཡོད་མ་མྱོང་བའི་བདེ་སྐྱིད་ཅིག་ཏུ་རློམ་མྱོང་། རྨི་ལམ་དུ་འཁྱམས་པ་ལྟར་གཉིད་ལས་སད་དུས། ངའི་བརྩེ་བ་གང་ན་ཡོད། ངའི་བདེ་སྐྱིད་གང་ན་ཡོད། སྐབས་འདིར། མི་ལ་མ་འོངས་པ་མཐོང་བའི་སྒྱུ་འཕྲུལ་གྱི་མེ་ལོང་ཞིག་ཅི་མ་རུང་སྙམ།
གཉིད་ལས་སད་དུས། ངས་རང་གི་གཡས་གཡོན་ལ་ལྟ་གི་ཡོད། སྟོང་སང་སིང་གི་སྣང་བས། ང་མནན་ནས་ཡོང་གི། མལ་སར་ལྷུང་བའི་སེམས་པ་འདིས། གངས་རིའི་བར་མཚམས་ཀྱི་གོམ་སྒྲ་ཞིག་ལ་ཡང་ཡང་ཉན། སྙིང་གི་འཕར་ལྡིང་ཇེ་མགྱོགས་སུ་འགྲོ་དུས། ང་སྐད་ཤུགས་གང་ཡོད་ཀྱིས་ངུས་ན་འདོད། གློ་བུར་དུ། ང་ཁང་པ་འདི་ལ་ཡང་ཤོང་གི་མེད་པ་ཚོར་བྱུང་། ང་ལ་རྒྱ་མཚོའི་བྲང་གཞུང་ལྟ་བུའི་སྙེས་ས་ཞིག་དགོས་པ་འདྲ། ངས་རང་ཉིད་ཡོམ་ཡོམ་སྐྱོམས་བཞིན་པ་ཚོར་གི། ང་ལ་ནམ་མཁའ་སྔོན་མོ་ལྟ་བུའི་འཕག་ས་ཞིག་དགོས་ཀྱིན་འདུག
ན་ཟུག་གི་ལོ་ཟླ། གྲི་ལྟར་རྣོན་པོ་རེད། མཚམས་རེར་ང་སྤུ་གྲིའི་སོ་ཁ་ན་མྱུལ་བཞིན་པ་འདྲ། རྨ་ཁ་ལྟར་གཟེར་བཞིན་པའི་སེམས་པ་དང་། གཙང་བོ་བཞིན་བཞུར་གྱིན་པའི་ཡིད་ཀྱི་མཆི་མ་འདི། བརྩེ་བ་བོར་བའི་མི་ཞིག་གི་སྡུག་བསྔལ་རེད་ཟེར་ན། ཁྱེད་ཀྱིས་ཡིད་ཆེས་གནང་ངམ།
སྒེའུ་ཁུང་ཕྱི་རོལ་ན་འབབ་བཞིན་པའི་ཆར་བ་ལ་ང་སུན་གི། ངོ་གདོང་སྨུག་པོའི་གྲིབ་གཟུགས་ཤིག་གིས་ངའི་གྲུ་ཟུར་རེ་རེ་ལ་རེག་བཞིན་པ་འདྲ། ཤེལ་ངོས་ལ་ཐག་ཐག་རྡུང་འོང་བའི་ཆར་ཐིགས་ལ་ལྷག་ཏུ་སུན་གི། སྒྲ་དེ་དག་ནི་སྙིང་ཉེ་བ་སུ་ཞིག་ཁང་བའི་བར་འཁྱམས་ན་ཡོང་བཞིན་བའི་གོམ་སྒྲ་དང་འདྲ་གི། སྒྲ་དེ་དག་གིས་སུ་ཞིག་གིས་ཁང་བའི་སྒོ་མོ་རྡུང་བཞིན་པ་ལྟར་ཀུ་རེ་རྩེད་གི། ངའི་ཉེ་འཁོར་གྱི་གོམ་སྒྲ་ཡོད་ཚད་འཇགས་སོང་བ་རེད། ངའི་མཐའ་འཁོར་གྱིས་དགོད་སྒྲ་དྲོན་པོ་ཁྱེར་སོང་བ་རེད། ཐ་ན་ཕྱེ་མ་ལེབ་ཀྱི་འཕུར་ལྡིང་ཡང་ཤི་སོང་བ་རེད། སྐབས་འདི་འདྲ་ཞིག་ལ། སུ་ཞིག་གིས་ང་ལ་ཀུ་རེ་རྩེད་ན། ངས་བཟོད་སྒོམ་བྱེད་ཐབས་མི་འདུག
མི་ཁ་དང་ཡུག་ས་མའི་མིང་ངན་འཁུར་བའི་ང་། ས་རུབ་ཐེངས་རེ་དང་ནམ་ལངས་ཐེངས་རེ་རེ། འཛུམ་མདངས་བཅོས་མ་དང་མཉམ་དུ། སྐད་ཆ་འདྲ་ཆགས་རེ་བཤད་ནས། རེ་བ་སྟོང་བ་ཞིག་གི་ཆེད་དུ་འཐམ་དགོས་དུས། ས་སྒང་རྒྱབ་ལ་འཁུར་བ་ལྟ་བུའི་ལྗིད་ཤུགས་ཀྱིས་མནན་ཡོང་གི། སྤྲིན་བལ་ལུས་ལ་དཀྲིས་པ་ལྟ་བུའི་འཆིང་བྱེད་ཀྱིས་བསྡམས་ཡོང་གི། སྐབས་འདིར། འཇིག་རྟེན་ན་ནམ་ལངས་རྒྱུ་མེད་ན་དགའ་བ་ལ་ཨང་། ངས་མུན་པ་གོས་སུ་བཀླུབས་ནས། མུན་པའི་གཏིང་རིམ་ནས་རང་ཤི་རྒྱག་ན་འདོད།
༼ཨ་ཕ་གང་དུ་བུད་སོང་༽ཞེས་པའི་དྲི་བ་དེ་ང་ཡོལ་དགོས་ས་གཅིག་པོ་ཡིན། སྐད་ཆ་དེ་ཐོག་རེད། སྐད་ཆ་དེ་གློག་རེད། གློག་དམར་འཁྱུག་འཁྱུག་དང་གནམ་ལྕགས་ཐོག་སྒྲ་ཡིས་བཅུན་ཡོང་བའི་དངངས་སྐྲག་འདི། ངས་འཛུམ་མདངས་རྫུན་མ་ཞིག་གིས་བསུ་བཞིན་ཡོད། སྐབས་འདིར།  གློག་དམར་གྱིས་འཐག་བཞིན་པ་དེ་ང་ཡིན། གློག་དམར་བཞིན་འཁྱུག་དགོས་པ་དེའང་ང་རེད། ང་ལ་དབུགས་རིང་པོ་ཞིག་གཏོང་ས་ཡང་མེད་གི།
སྲང་ལམ་གྱི་ངོ་གདོང་ཡོད་ཚད་ཁྲ་ཁྲ་རེད། ང་དང་ངོ་བོ་དབྱེར་མེད་དུ་འདྲིས་སོང་བའི་ངོ་གདོང་སྨུག་པོ་དེ་གང་ན་ཡོད། སེམས་ལ་སིམ་སོང་བའི་ངོ་གདོང་སྨུག་པོ། གང་ཞིག་ནས་བོར་སོང་བ་དྲན་ན། ལུས་སེམས་གཉིས་ཀ་སྦྲིད་པར་གྱུར་འགྲོ། ཁྲོམ་གཞུང་ནས་ཀྱང་འགྱེལ་འགྲོ་བའི་སེམས་ཁྲལ་ཅི་འདྲའི་ཆེ་ཨང་། གོམ་པ་སྔར་ལས་ཇེ་ལྗིད་སོང་བ་ནི་སེམས་ཁྲལ་རེད། ལུས་པོ་སྔར་ནས་སྐམ་དུ་སོང་བ་ཡང་སེམས་ཁྲལ་རེད། སེམས་ཁྲལ་གྱིས་མནན་ཡོང་བའི་རྒྱ་ཁྱོན་ནི་གནམ་ལས་ཀྱང་ཆེ་བ་འདུག
བརྩེ་བ་ལ་བཟོད་སྒོམ་ཟེར་བ་ཞིག་མེད་པ་འདྲ། བརྩེ་བ་ལ་ཚབ་མཚོན་ཟེར་བ་ཞིག་ཀྱང་མེད་པ་འདྲ། གལ་སྲིད་ཡོད་ན། ཤ་ལས་ཆད་པའི་གཅེས་ཕྲུག་འདི་གཉིས་ཀྱིས་ཅིས་ཀྱང་ཚབ་མཚོན་ཐུབ་དགོས། དྲང་མོ་བཤད་ན། ཁྱོད་མེད་པའི་ཉི་མ་ལྔ་བརྒྱ་ཉེར་དྲུག་འདིའི་ནང་། ང་ནད་པ་ཡིན། ང་སྨྱོན་པ་ཡིན། མཚམས་རེར་བར་དོ་བའང་ཡིན།
ཁྱེད་ཀྱིས་ང་ལ་ཀུ་རེ་རྩེད་སོང་། ངའི་བརྩེ་བ་དང་ལང་ཚོ་ལ་ཀུ་རེ་རྩེད་སོང་། ངའི་མི་ཚེ་དང་ཁྱིམ་ཚང་ལ་ཀུ་རེ་རྩེད་སོང་། ང་ཤོག་སྙིགས་མིན་རུང་། ཁ་ཕྱོགས་མེད་པའི་ལྷགས་རླུང་ལ་བསྐུར་སོང་། བུ་ཕྲུག་གཉིས་ལམ་བར་གྱི་རྡེའུ་བཞིན་བསྐྱུར་སོང་། གདོང་སྨུག་པོ་ཅན་གྱི་རྒྱུ་འབྲས་ཀྱི་བདག་པོ་ཚོ། འདི་ལྟར་བུད་སོང་ན་ཆོག་ནི་ཨེ་རེད། ལན་ཞིག་ཐོབས་དང་། ངོ་གདོང་སྨུག་པོ།
ངོ་གདོང་སྨུག་པོ། བརྩེ་བ་ཐེད་པོ།

དེ་རྗེས་ས་རཱའི་སློབ་ཟུར་སྙན་ངག་པ་ཨ་བྱམས་ཀྱིས་ཁོ་ལ་དམིགས་བསལ་བསམ་ཚུལ་བཤད་ཀྱི་མེད་ལ།  སྙན་ངག་པའང་མིན་མོད་སྙན་ངག་ཀློག་པར་མོས་པ་ཆེ་བ་དང་སྙན་ངག་བཀླགས་ན་ཁྱེད་སྙན་ངག་པ་དག་ཀྱང་ང་ལ་འགྲན་ཐུབ་ཀྱི་མ་རེད་སྙམ་པའི་གདེང་ཚོད་ཡོད། དེའི་ཆ་ནས་ད་ཐེངས་ངའི་སྙན་ངག་གཉིས་གྱེར་འདོན་ཞུ་རྒྱུ་ཡིན།  དང་པོ་དེ་སྙན་ངག་པ་དུར་ཐང་གི་སྙན་ངག  <<མདུན་ལམ་ནག་པོ།  ཁ་དོག་ལྗང་ཁུ།>>ཞེས་པ་དེ་དང་གཞིས་བཞུགས་སྙན་ངག་པ་མདའ་བཙན་པོའི་བརྩེ་དུང་སྙན་ངག་ཅིག་ཡིོན་ཞེས་སྙན་ངག་གཉིས་རིམ་པར་གྱེར་ཞིང་སྙན་ངག་པ་རྣམས་ལ་ཡིད་འགུལ་ཐེབས་བཅུག་པ་མ་ཟད།  ཧབ་ཆའང་སྐག་དིར་རི་བཏང་སོང་བས།  གནམ་ངོ་དང་བརྗོད་བྱ། ཚོར་སྣང་ཡོད་ཚད་འཐིབས་ཤིང་ལྗིད་ཏིག་གེར་ཡོད་དེ་སྐད་ཅིག་ལས་སངས་པ་ལྟ་བུ་ཞིག་གིས།  དེ་ནི་ཉིན་འདིའི་འཕྲོད་བསྟེན་དཔེ་མེད་ཅིག་ལ་གྱུར།
མདུན་ལམ་ནག་པོ  ཁ་དོག་ལྗང་ཁུ……..དུར་བྱང་།(དཔའ་རྒོད་གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་ཕུལ་བ།)
ཉིན་མ་དེར
ཁྱེད་ཀྱི་རླུང་བུ་ལ་ངར་ཤུགས་ཆེ་དྲགས་པས
ཁྱེད་ཀྱི་ཟླ་བ་ལ་འོད་མདངས་གསལ་དྲགས་པས
ལྗོན་པ་དག་བསྒུལ་དུ་བཅུག
སྐར་ཚོགས་དག་འདར་དུ་བཅུག
འདབ་ལོ་ཡོམ་ཡོམ་འདྲ
ཁ་དོག་འཚེར་འཚེར་འདྲ

བདག་གིས་སྔ་མོ་ནས
རི་བོ་དེར་སེམས་ཀྱིས་ཉན་ཡོད
མྱི་ཚོགས་དེར་ལྐོག་ནས་བལྟས་ཡོད

ཁྱོད་སོང་ཤུལ་དུ
བདག་ཁོ་ནས
མདུན་ལམ་ནག་པོ་ཞིག་ལ་སྟ་གོན་བྱས་ཏེ
ཁ་དོག་ལྗང་ཁུ་ཞིག་ལ་ཚོད་དཔོག་བྱས་ཡོད
དེ་ནི་དེ་ཙམ་དུ་ཟད་ཀྱི

ཁྱོད་བོར་ཤུལ་ནས
བདག་གི་ཚོད་དཔོག་ཁྲོད་ཀྱི་མྱི་དེ་ཚོ
སེམས་ཀྱི་ལྡོག་ལམ་དུ་མཆིས་ཤིང
མིག་གི་སྤྱོད་ཡུལ་ཙམ་དུ་བྲེལ་ཏེ
རྟག་པར་ཕྱི་ཡི་མཛེས་བཟོ་ལ་འཐམས
སྐག་རྩི་དང་སྐག་ཚོན་དག་གི་འགྲོ་གྲོན་ནི་ཚབས་ཆེན་རེད

དེ་ལྟ་ནའང
ཡོད་ཚད་རང་ཉིད་ཀྱི་ཕྲག་ཏུ་ལོངས
1“ཡིད་ཀྱི་སྟ་གོན་སྔར་ནས་བྱས་འདུགཔས
འགོ་རྩོམ་ས་དེ་ནས་དཔའ་མ་ཞུམ་ལགས
ཐོག་མའི་ཁ་ཕོ་དང་འགལ་འདུག་པས

དེང་སང་ཁྱོད་གང་དུ་ཡོད
ས་མིང་དེ་མི་ཡུལ་གྱི་ས་ཁྲའི་ངོས་སུ་མི་གསལ
ཐ་སྙད་དེ་འཛམ་གླིང་གི་སྐད་མཛོད་གསེབ་ནས་མ་རྙེད

ད་ལྟ
ཁྱོད་ཀྱི་མྱི་རྣམས་རྨོངས་འདུག
ཡོད་ཚད་ལ་རྨོངས་འདུག
མཐའ་ན་ཁྱེད་ཉིད་ལའང་རྨོངས་འདུག
རྨོངས་པ་ནི་ཚབས་ཆེན་རེད
2013.8.8
(“ཡིད་ཀྱི་སྟ་གོན་སྔར་ནས་བྱས་འདུགཅེས་པ་འདི་སྙན་ངག་པ་གྲགས་ཆེན་ལྗང་བུའི་ཚིག་གཡར་བ་ཡིན།)

དེ་རྗེས་ནོར་གླིང་སློབ་ཟུར་སྙན་ངག་པ་རྫ་སྲས་བདེ་ཆེན་གྱིས་ཀྱང་བསམ་ཚུལ་དམིགས་བསལ་མེད་ཅེས་ཟུར་ཁ་དང་ཚོར་སྣང་གིས་གཏམས་པའི་སྙན་ངག་འདི་གྱེར་འདོན་བྱས་སོང་།
འདི་སྐད་བདག་གིས་འབྲི་འདོད་པ།
རྫ་སྲས་བདེ་ཆེན།
རི་བོ་དང་སེམས་པའི་ཟུར་ལ
དྲག་ཆར་ཚད་མེད་དུ་བབས་པ་གཅིག་པུ་མ་ཡིན་པར
དབྱར་ཁ་ཁོ་ན་ཡིན་པའི་མཆུ་ཏོ་དག་སྲིང་ལམ་དུ་ཡང་ཡང་འཐོར་ཡོང་བས་ན
ང་ལ་མིག་ཆུ་གཏོང་ཁུལ་དང་ཐལ་མོ་སྦྱོར་ཁུལ་བྱེད་པའི་ཁོམ་པ་མི་འདུག
དགོངས་པ་མ་ཚོམ    ངས་སྙག་ངག་འབྲི་དགོས

བསྟོད་པ་ཞིག་བྱུང་ན་ཅི་མ་རུང་སྙམ་པའི་མིག་ཟུང་དེས
མིག་ཟུང་དེས་བདག་ལ་གཟིགས་པ་མ་གནང
ང་ལ་ཁྱོད་ཀྱིས་འཚོལ་བཞིན་པའི་འོད་སྣང་དེ་མེད
དགོངས་པ་མ་ཚོམ ངས་སྙན་ངག་འབྲི་དགོས

མིག་ཆུ་ལ་ན་ཟུག་གང་ཡང་མེད་ས་ནས
འཛུམ་མདངས་ལ་རིན་ཐང་ཅི་ཡང་མེད་ས་ནས
རླུང་ཁོ་ན་འུར་འུར་གྱིས་ལྡང་ཞིང་ལྡང་བཞིན་པའི་ཡུལ་གྲུ་ནས
འུ་ཚོས  ཐ་ན་སྙན་ངག་ཅེས་བྱ་བ་ཞིག་ཀྱང་འབྲི་ཐུབ་བམ
ཡང་ན འུ་ཚོས་མ་མཐའ་ཡང་སྙན་ངག་ཟེར་བ་དེ་འབྲི་དགོས་སམ
༢༠༡༣/8/10 ཞོགས་པར་རྡ་ས་ནས་སྙན་ངག་གི་འདུ་འཛོམས་ཐེངས་བཞི་པར་ཆེད་དུ་བྲིས།

དེ་རྗེས་ས་རཱའི་སློབ་ཟུར་དང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྙན་ངག་པ་སྨིན་སྣང་མཛེས་ཀྱིས་ཁོ་མོའི་དུངས་པ་དང་དགའ་ཞེན་དབང་གིས་གཞིས་བཞུགས་སྙན་ངག་པ་འཇུ་སྐལ་བཟང་གི་སྙན་ངག་ཅིག་གྱེར་འདོན་ཞུ་རྒྱུ་ཞེས།  བློ་ཐོག་ནས་སྒེག་པའི་ཉམས་དང་བཅས་ཏེ་སྐྱོར་བ་དེས་ཀྱང་སྙན་ངག་པ་རྣམས་ཀྱིས་མིག་ཟུང་ཧེད་ཅིང་སྙིང་ཆུང་ལྡང་བར་བྱས།  འོག་གི་སྙན་ངག་འདི་ནི་ཉིན་དེར་ཁོ་མོའི་ཁྱེར་ཡོང་བའི་སྙན་ངག་རེད།
སེམས་ཀྱི་སྐྱེལ་མ།
སྨིན་སྣང་མཛེས།
ས་ཆེན་སྨུག་པས་བཟུང་བའི་དགོང་མོ་དེ་ལ།།
ངོ་གདོང་ཆར་ཆུས་བརླན་པའི་འབབ་ཚིགས་དེ་ལ།།
རྒྱང་བཞུད་གྲོགས་པོ་སྐྱེལ་བའི་གྱེས་ཕྱག་ཁྲོད་དུ།།
སེམས་པ་གློ་བུར་གཅོང་གིས་མནར་ནས་བུད་ཐ།།

མི་ཚོགས་འདུ་འོང་རྒོད་པའི་ས་གནས་དེ་ལ།།
རླངས་འཁོར་ལྡིར་སྒྲའི་ཁེངས་པའི་འབབ་ཚིགས་དེ་ལ།།
གཉེན་ཉེ་གྲོགས་པོའི་སེམས་ཀྱི་ཁ་བཏགས་ཀློང་ན།།
གྲོགས་ཁྱེད་བསམ་དོན་འགྲུབ་པའི་རྟགས་ཤིག་མངོན་འདུག།

སྐྲ་ལོ་རླུང་གིས་གཟེད་པའི་ཆར་དུས་དེ་ལ།།
སེམས་པ་མིག་ཆུས་བརླན་པའི་འབབ་ཚིགས་དེ་ལ།།
ཡུན་རིང་འགྲོགས་པའི་གྲོགས་ཀྱི་གྱེས་ཕྱག་གཙང་མ།།
སེམས་པ་སྐྱོ་བས་མནར་བའི་གཞི་མ་ཡིན་འགྲོ།

རྒྱང་བཞུད་གྲོགས་ལ་སེམས་ཀྱི་དམིགས་འདུན་ལོས་ཡོད།།
ཤུལ་ལུས་ང་ཚོར་བྲལ་བའི་གདུང་བ་ལོས་ཡོད།།
འདུ་འབྲལ་སེམས་ཀྱིས་མྱོང་བའི་འཇིག་རྟེན་ལྟད་མོ།།
རླངས་འཁོར་འབབ་ཚུགས་འདི་ན་གསལ་ལེར་མངོན་འདུག།

ཁྱེད་ཉིད་འགྲོ་ས་འདུག་སའི་ས་ཕྱོགས་གང་ནས།།
བསམ་དོན་ཐམས་ཅད་ཡར་ངོས་ཟླ་ལྟར་འཕེལ་ཞིང་།།
འདོད་དོན་ཐམས་ཅད་གེགས་མེད་ལྷུན་གྱིས་གྲུབ་པའི།།
གསོལ་བ་སྨོན་ལམ་སྙིང་ནས་ཡང་ཡང་འདེབས་སོ།།
ཞེས་སྤྱི་ལོ༢༠༡༣ལོའི་ཟླ་༧ཚེས༢༣ཉིན།
 གྲོགས་པོ་ཞིག་ལ་སྐྱེལ་མ་བྱས་རྗེས།

དེ་རྗེས་ནོར་གླིང་སློབ་ཟུར་སྙན་ངག་པ་ཁྲོ་གཏུམ་གྱིས་སྙན་ངག་གྱེར་འདོན་དག་ནི་སྒྲ་གདངས་རིགས་གཅིག་གིས་གྱེར་འདོན་བྱེད་ཀྱིན་འདུག  དེ་འདྲ་རང་ཨེ་ཡིན་སྙམ་ཞེས་ཁོ་རང་གིས་དངོས་གནས་སྒྲ་གདངས་ཡ་མཚན་ཞིག་གིས་འོག་གི་སྙན་ངག་ཡ་མཚན་དེ་གྱེར་བས་སྙན་ངག་པ་རྣམས་ཀྱིས་རོལ་མྱོང་དམིགས་བསལ་བ་ཞིག་མྱོང་རྒྱུ་བྱུང་།
གོ་ལོག་མིན་ན་ཁྱོད་རང་བོར་སོང་ཟེར།
ཁྲོ་གཏུམ།
འཕྲུལ་ཆས་ཀྱི་ཡོ་ལང་ཁྲོད་ནས་རྐང་ཐང་གི་རིན་དོད་གངས་འདབས་སུ་འཐེན་པའི་མི་འགྱུར་གངས་ཕྲུག་ལ་ཕུལ།
དྲ་ཚིགས་ཀྱི་ངོས་སུ
ཁྱོད་རང་གི་རྐང་རྗེས་མི་འཇོག་དོན་ཅི་ཡིན
སྔོན་ཆད་ཁྱོད་རང་ཉིན་རྒྱུན་སླེབས་པ་འདྲ
རྐང་ཐང་བརྡར་ནས
གང་ལ་བུད་སོང
ག་རེ་བྱས་སོང

དྲན་སྒོ་ནས་གཅུ་ལོག་རེ་རྒྱག་པའི་དུས
རྡོག་མཁྲེས་འཁུར་བའི་རྒྱབ་གཟུགས་ཙམ་གྱིས
དྲན་སྣང་ལ་རམ་འདེགས་བྱས་རུང
ངས་ད་དུང་ཁྱོད་ཉིད་རིག་འདོད་པ་ཞིག་གིས
དྲ་ཚིགས་མྱུལ་བ་ཡིན

ས་ཆེན་པོ་གོམ་པས་གཞལ་བའི་རྣོ་ལྕགས་ཀྱི་དམ་བཅའ
ཧི་མ་ལའི་རྫ་འདབས་ནས་དབུ་བཙུགས་ཤིང
གངས་རིའི་འདབས་རོལ་ལ་བཞུད་པའི་དུས་ཙ་ན
མི་གཅིག་གིས་ཅི་ཞིག་འཇོན་ཟེར

ཁ་སང་དེ་རིང
སྦྲ་རྒན་ནག་ལྡང་ཚང་ནས་མི་མཐོང་ལ
རྨོག་རིའི་དྲ་ལམ་ཁྲོད་ནས་མི་རྙེད་པའི་ཁྱེད
ཤེས་རབ་ཀྱི་ནམ་མཁར་བསྐོར་ཞིང
ཁྱོད་སར་འཁོར་བའི་ནམ་མཁའ་འདི་ནི
ཁྱོད་ལ་གཏད་པའི་ཨམ་མཆོག་གི་རེ་བ་དང
ཁྱོད་ཀྱི་བློས་གཏོང་གི་བྱ་གཞག་དག་ལ་གདུང་སེམས་བསྐྱེད་པ་ཞིག

མི་སེམས་རྙེད་མི་ཐུབ་པའི་རྡ་ས་ན
རླབས་ཆེ་བའི་སེམས་དཔའ་ཁྱོད་ལ་མཇུག་གནོན་ཡོད་དམ
ངས་ནི་ཅི་ཡང་མ་མཐོང

ཨ གླིང་ཚ་ཡ
ཚེ་སྲོག་གི་རིན་ཐང
སྙིང་སྟོབས་ཀྱི་ངར་ལྕགས
སྡུག་རུས་ཀྱི་ཆུ་རྒྱུན
མདུན་བསྐྱོད་བྱས་མཐར་གང་ལ་བུད་སོང

གོ་ལོག་མིན་ན་ཁྱོད་རང་བོར་སོང་ཟེར
མི་བོར་བའི་གཏམ་རྒྱུད་ཁྲོད་ནས
མི་བདག་སུ་ཞིག་གིས
ས་བཙལ་གནམ་བཙལ་མ་བྱས་པ་ཞིག་ཡོད་དམ
ཡིན་ནའང
གྲགས་འགུལ་མེད་པའི་ཡུལ་ལུང་ཁ་མང་འདིར
ཤེས་རབ་ཀྱི་ནམ་མཁར་ཕྱོགས་པ་ལས་གཞན་ཅི་ཞིག་མཆིས

མ་ཡོད་དེ ཁྱོད་ཀྱི་བླ་སྲོག་འཚོལ་མཁན་མི་འདུག
ཁྱོད་ལ་ལྐོག་ཉན་བྱེད་མཁན་མང་ཡང
ཁྱོད་ཀྱི་མིག་མདུན་ནས་མི་འགའ་བགད་ཡོད་ཀྱང
ཁ་སང་དེ་རིང་གི་དུས་ལ
ཡོད་ཚད་ཀྱིས་མགོ་བོ་རུམ་ལ་འཇུག་ཅི་ཐུབ་བྱས་འདུག

༢༠༢༣/8/8 ཉིན།

དེ་རྗེས་ས་རཱའི་མཐོ་སློབ་ཀྱི་སྙན་ངག་པ་ཀརྨ་རྣམ་དག་གིས་ཁོ་བོ་ཨ་རོགས་ཁམས་པའི་སྐད་འདི་སྙན་ངག་གྱེར་འདོན་ལ་དེ་ཙམ་བདེ་བོ་མེད་ལ་གྱེར་ཡང་མ་མྱོང་མོད།  དེ་རིང་ཚོར་བའི་འཕར་ཟུག་འོག་ནས་གྱེར་འདོད་ཆེན་པོ་བྱུང་ཞེས་འོག་གི་སྙན་ངག་འདི་གྱེར་འདོན་བྱས།
བྱང་བགྲོད་འགྲོན་པོ་ཁེར་རྐྱང་།
ཀརྨ་རྣམ་དག

ཁ་བཏགས་དང་མིག་ཆུའི་ཁྲོད་ནས།
ཁྱོད་རང་ཡང་བསྐྱར་ལམ་ལ་ཆས་སོང་།
ཆུང་མ་དང་བུ་ཕྲུག་པང་ནས་བཞག་སྟེ།
ཡབ་ཆེན་དང་ཡུམ་ཆེན་འཁྲིས་ནས་དོར་ཏེ།
ཁྱོད་རང་ཁེར་རྐྱང་གིས་
     བྱང་ལམ་འདེད་བཞིན་ཐོན་སོང་།
རྐང་ཞབས་ན་ཆུ་བུར་རྡོལ་བཞིན།
ཁ་ལག་གི་སེར་ཁ་གས་བཞིན།
ངོ་གདོང་གི་ཤུན་པགས་རལ་བཞིན།
ཡང་སྙིང་ཁྱོད་རང་
    སུ་ཞིག་གི་ཆེད་དུ་གང་ཞིག་ཏུ་བུད་སོང་།
གངས་རི་དེའི་ཆེད་དུ། རྩྭ་ཐང་དེའི་ཕྱིར་དུ།
ལས་དབང་འདིའི་སླད་དུ། མདོར་ན་མི་རིགས་འདིའི་དོན་དུ།
ཁྱོད་ཀྱིས་རང་སྲོག་སྤར་མོ་གང་བོ་གཏའ་མར་བཞག་སྟེ།
བརྩེ་དུང་གི་ཨ་ལོང་ལས་ཤོར་བའི་སེམས་འཕྲིན་དམར་པོ་འབྲི་མཚམས་བཅད་དེ་་་་་་་།

མྱིང་སྲིང་མང་པོའི་ཚེ་སྲོག་མེ་རུ་ཐིམ་པའི་སྔ་གཞུག་ཏུ།
དོན་ངོ་མར། གནས་འདི་དང་འདི་ནས།

རྣམ་ཤེས་ལྡོམ་པོ་དེ་ཚོའི་རྒྱབ་དཔུང་དུ་ལང་མཁན་ནི་ཁྱོད་ཁོ་ན་མ་ཡིན་ནམ།
ཐུགས་རྗེ་ཆེ།
 ཕུ་བོ་ལགས། ངོ་མ་་་་་་།  བཀའ་དྲིན་ཆེ།
ཁྱེད་ཀྱིས། བཙན་པོའི་སྙིང་སྟོབས་ཁྱེར་ཏེ། ཁེར་བུར་ཆས་པའི་བློས་བཏང་དེས།

ཆོད་སེམས་དེས། གདེང་སྤོབས་དེས། བདག་ལ་རེ་བ་སྤར་བྱུང་།
ངར་ཤུགས་བསླངས་བྱུང་། སྤོབས་པ་བསྩལ་བྱུང་།  གཟི་བརྗིད་བསྣན་བྱུང་།
ཕུ་བོ་ལགས།  ངས་ཁྱེད་ཉིད་འཚོལ་བཞིན་པའི་རྒྱང་འབོད་འདི་ཨེ་ཚོར་གི
དུས་ད་ལྟ་ཁྱེད་རང་གང་ན་ཡོད། ཕུ་བོ་ལགས།

སྤྱིལོ་ ༢༠༡༣ ཟླ་ ༨ ཚེས་ ༨ ཉིན་སྡེ་དགེ་ཀརྨ་རྣམ་དག་གིས།

དེ་རྗེས་ནོར་གླིང་སློབ་ཟུར་སྙན་ངག་པ་ཨ་ཉོག་ལྕགས་རྡོས་གླིང་ཚ་བོར་བརླག་ཏུ་ཤོར་བ་ལ་ད་ལྟའི་བར་གྱི་དཔོན་ཆེན་མི་ཆེན་དག་གི་ཨ་མ་དང་ནང་མིར་སེམས་ཁྲལ་བྱེད་དགོས་པ་མ་རེད་ཅེས་ཁ་སྙན་མོ་བཤད་ཀྱིན་འདུག  ཡིན་ནའང་།  སེམས་ཁྲལ་ངེས་པར་བྱེད་དགོས་པ་རེད།  ནང་མི་ཙམ་མིན་པར་གཞུང་དང་མི་མང་ཚང་མས་སེམས་ཁྲལ་བྱེད་དགོས་པ་རེད།  འགྲོ་སྟངས་དེ་འདྲའི་ཞེད་སྣང་ཚ་བོ་དང་འགྲོ་ས་དེ་འདྲའི་ཞེད་སྣང་ཚ་བོ་ཞིག་ཡིན་པས་དེ་ལ་སེམས་ཁྲལ་མི་བྱེད་གང་ལ་བྱེད། སེམས་ཁྲལ་བྱས་ན་འདི་ལྟར་ལྷིང་འཇགས་ངང་བསྡད་ཀི་མ་རེད།  སེམས་ཁྲལ་བྱེད་དགོས་པ་རེད་ཅེས་དང་། སྙན་ངག་པ་རྣམས་ཀྱིས་སྙན་ངག་སྐྱོར་མི་ཤེས་ཞེས་ཞེ་བོ་ཞིག་བཤད་ཀི་འདུག ཚུལ་འཆོས་དེ་ལ་ང་ཧང་སངས་ཀྱིན་ཡོད། སོ་སོའི་སྙན་ངག་སོ་སོས་སྐྱོར་མི་ཤེས་ལབ་ན་ག་རེ་ཟེར་གི་ཡོད་རེད།  ང་ལ་མཚོན་ན་རང་ཉིད་ཀྱིས་བྲིས་པའི་སྙན་ངག་འདི་སྐྱོར་མི་ཤེས་པ་གང་ཡང་མི་འདུག་ཅེས་རང་མཐོང་གི་སྤོབས་དང་བཅས་འོག་གི་སྙན་ངག་འདི་སྐྱོར་བས་ཚང་མ་དལ་ཅག་གེར་བཏང་སོང་།
རྡ་ས་ནས་ཐོན་པའི་གླིང་ཚ།
_____”ཤེས་རབ་ཀྱི་ནམ་ཁར་ཕྱོགས་པའི་སྙན་ངག་གྱེར་འདོན་ཐེངས་བཞི་པ།  རྩོམ་པ་པོ་གླིང་ཚ་འཚོལ་བ ཞེས་པར་ཆེད་དུ་བྲིས།
ཁྱོད་ལ་བསྟོད་པའི་སྙིང་རུས་བཙན་ཚུལ་དང་།།
ཁྱོད་ལ་སྡིགས་པའི་སྡར་རྟགས་ཐོན་ཚུལ་གྱིས།།
ཡིན་མིན་གཏམ་གྱིས་ཉོག་ལུད་མི་བཞུར་བར།།
བདག་གིས་ཁྱོད་དང་རྡ་སའི་གསང་རེ་འཚོལ།།

བརྩེ་བ་ལོང་ལ་བརྒྱུས་པའི་མཛའ་གཞས་དེ།།
ཡིད་འཐད་བུ་མོའི་མགུལ་ལ་ལེན་པའི་དུས།།
གསོམ་ཤིང་གཡུ་ལོ་འཐབ་པའི་རྡ་སའི་ཁྲོམ།།
དཀར་དམར་མེ་ཏོག་ལོ་མས་ཅི་འདྲ་མཛེས།།

ཡ་ཁོག་ངར་གྱིས་བརྒྱངས་པའི་ཀི་བསྭོ་སྐད།།
ལྷ་སའི་གསང་ཁང་དབུ་ནས་འཕྱུར་བ་ལས།།
ཆོལ་གསུམ་ཟིང་ཟིང་ཁོལ་བའི་དོན་རྐྱེན་དེ།།
རྡ་སའི་གསེང་ནས་འུར་དུས་ཅི་འདྲ་བརྗིད།།

ཀི་སྐད་རྡོ་ལ་བརྡབས་པའི་མེ་ལྕེའི་རླབས།།
གཅེས་ལུས་ཤ་ལ་འཆེད་པའི་ཚ་ངབ་ཀྱིས།།
ཕ་སའི་རུས་རྐང་ཚག་ཚག་བསྲེགས་པ་ན།།
རྡ་སའི་མི་ཚོགས་ངུ་སྟངས་ཅི་འདྲ་འདར།།

ལྕགས་ནག་ཚེར་མ་གཟེང་བའི་ལམ་རིང་དེ།།
རྐང་རུས་གཅེར་རྗེན་མ་ཡིས་ཉུལ་བའི་དུས།།
འཇིགས་རུང་སྒྱུ་མའི་གར་ལ་ཁ་འདྲེས་ཅན།།
རྡ་སའི་མཚམས་མེད་ཁ་དམག་ཅི་འདྲ་ངར།།

རྡ་སའི་རི་གྲོང་ཆར་ཆུས་བརླན་ངོགས་ནས།།
ཆར་བའི་ཤུགས་སྒྲ་རྣ་བར་གཟན་སོང་ཞེས།།
ཡིད་སུན་སྐྱོ་ངལ་ངག་གིས་མཐུ་འབོད་ལས།།
རྒྱང་བཞུད་གླུ་སྐད་ཡལ་ལུགས་ཅི་འདྲ་རེད།།

གང་གི་མུ་མཐའ་ཀུན་ལ་གཞིགས་གཞིག་ན།།
ད་གཟོད་རྡོ་གོང་འདྲ་བའི་ཚིག་ཆད་འགའ།།
ངང་གིས་ཐོན་པའི་ངག་གཤིས་གྱོང་པོ་ལས།།
དེ་རིང་གླིང་ཚ་ཁྱོད་ལའང་འདི་ཚོ་བཏེགས།།

༢༠༡༣ ༨ ༡༠ ཉིན།   ཨ་ཉོག་ལྕགས་རྡོས།

དེ་རྗེས་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་གཙོ་འབྲོག་རུ་ཆོས་དར་གྱིས་སྐུ་འཆམ་ཅུང་བཞེས་པའི་རྐྱེན་གྱིས་སྐད་མགོ་དམའ་མོ་དང་ཉམ་ཆུང་བའི་རྣམ་པར་མིག་བཙུམ་ནས་སྙན་ངག་འདི་སྐྱོར་ཏེ་ཕྱིན་སོང་།
རྒོད་པོ་མཐུར་མེད།
འབྲོག་རུ་ཆོས་དར།
ནམ་མཁར་དུ་སྤྲིན་འཁྲིགས་ཤིང་རྒོད་པོའི་འཕུར་ལྡིང་རྒོད།
ངུ་སྐད་འཇགས་མ་མྱོང་བའི་མི་ཡུལ་གྱི་གྲུ་ཟུར་དེ་ན།
འཇིགས་སུ་རུང་བའི་གཡུལ་ས་བཙན་པོ་ཞིག
ཤེས་རིག་གི་མཚོན་ཆ་ཐོགས་པའི་གྱད་མི་དག
གནས་དེ་ན།    གནས་དེ་ན།
ཡོད་ཚད་ཀྱི་སྲོག་ཤིང་དུ་གྱུར་བའི་གནམ་འདེགས་ཀ་བ།

འདི་ནི་ཁྱེད་ཀྱི་རང་གཤིས་ཨེ་ཡིན།
སེམས་བསམ་པའི་སྟེང་ནས།
ཁྱེད་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བསམ་ཡང་།
ངས་ཅི་ལྟར་བཙལ་ཡང་།
ཁྱེད་ལ་རན་པའི་དཔེ་འཇོག་ཅིག་མ་རྙེད་པའི་དབང་གིས།
མགོ་བོ་ཡར་ལ་དགྱེ་དུས།
ངོ་ཚ་ཡིད་ལ་ཤར་བྱུང་།

དུས་དེ་ནས་བཟུང་།
ཤེས་རིག་གིས་བསྐྱངས་པའི་རྒོད་པོ་མཐུར་མེད་ཀྱི་ལོ་རྒྱུས་འདི་དང་ལེན་བྱས།

དེ་རྗེས་ཧིན་རྡུའི་སྙན་ངག་པ་འཆི་མེད་གཡུང་དྲུང་གིས་<<བོད། ང་ཡི་ཕ་ཡུལ>>ཞེས་པའི་ཧན་རྡུའི་སྙན་ངག་ཅིག་དང་མེར་བསྲེགས་སྐོར་ལ་བྲིས་པའི་སྙན་ངག་ཅིག་བཅས་ཧིན་སྐད་ནང་གྱེར་འདོན་དང་།  འགྲེལ་བརྗོད་བྱས་སོང་མོད།  མ་ཕྱི་མ་རག་པས་འདིར་འགོད་ཐབས་མ་བྱུང་། ད་དུང་སྙན་ངག་པ་ལྗང་ལོས་ཀྱང་བཙན་བྱོལ་ནང་སྦིར་གྲགས་བྱུང་བའི་སྙན་ངག་ཅིག་གི་རྗེས་ཀྱི་ཚོར་སྣང་དང་འབྲེལ་བའི་སྙན་ངག་ཅིག་གྱེར་འདོན་བྱས་སོང་མོད།  མ་ཕྱི་མ་རག་པས་འདིར་མ་བཀོད།

དེ་རྗེས་ཐེངས་འདིའི་བཀོད་སྒྲིག་པ་དང་བོད་མི་མང་སྤྱི་འཐུས་སྙན་ངག་པ་རིག་པའི་ཁུ་བྱུག་གིས། དེ་རིང་བདག་གིས་ངེད་ཟུང་གི་འདུ་འཛོམས་འདི་ལ་ཆེད་དུ་རྒྱ་གར་ལྷོ་ཕྱོགས་ནས་བསྐུར་ཡོང་བའི་སྙན་ངག་པ་གྲོང་གསེབ་བུ་མོའི་སྙན་ངག་མར་མེ་ཆུང་ཆུང་ཞེས་པ་འདི་གྱེར་འདོན་ཞུ་རྒྱུ་ཡིན། ཡིན་ནའང་། སྙན་ངག་ཟེར་བ་འདི་ཚོར་བ་ཡོད་པའི་སྒོ་ནས་སྐྱོར་དགོས་པ་ཞིག་ཡིན་པས། ངས་ཁོ་མོའི་ཚོར་སྣང་ལ་མྱོང་ཞུགས་ཞུ་ཐུབ་རྒྱུ་མ་རེད་ཅེས་ཀུ་རེ་དང་བཅས་སྙན་ངག་འདི་གྱེར་འདོན་བྱས་སོང་།
མར་མེ་ཆུང་ཆུང་།
གྲོང་གསེབ་བུ་མོ།
མར་མེ་ཆུང་ཆུང་།
བསིལ་རླུང་འཇམ་པོ་ཞིག་གིས།
ཁྱེད་རང་དལ་གྱིས་གཡོ་བར་བྱས་ཤིང་།
འོད་ལམ་མེར་བདག་གི་ངོ་གདོང་ལ་འཚེར་དུས།
ང་ཁྱེད་ཀྱི་འོད་སྣང་གི་འཇིག་རྟེན་དུ་ཡུན་རིང་ལུས།

མར་མེ་ཆུང་ཆུང་།
རླུང་བུ་ལྡང་ཕྱོགས་ཤིག་གིས།
ཁྱོད་ཉིད་ཡོམ་ཡོམ་དུ་འདར་ཞིང་།
མུན་ནག་གིས་བསྒྲིབས་ཕྱིར།
ངས་རེ་སྒུག་གིས་ཅེར་བའི་མིག་ཟུང་ལོང་བར་གྱུར།

མར་མེ་ཆུང་ཆུང་།
རླུང་བུ་ཇི་ལྟར་ལྡང་ཡང་རུང་།
འོད་སྣང་དང་མུན་པ་གང་དུའང་།
ཁྱོད་ཉིད་བདག་གི་སེམས་ཁོངས་ན་ཟད་མེད་དུ་འབར་ལ།
ཁྱོད་ཉིད་བདག་གི་མིག་གོང་ན་མཛེས་སྡུག་གིས་འཚོ་ཆོག

མར་མེ་ཆུང་ཆུང་།
ཁ་སང་གི་ལོ་ཟླ་སེམས་ཀྱིས་ཀློག་བཞིན།
དེ་རིང་གི་གྱེས་བྲལ་མིག་གོང་དུ་བསུ་དུས།
འབྱུང་འགྱུར་ལ་རེ་བ་མེད་པ་ཤེས་མོད་ཀྱང་།
འཇིག་རྟེན་གྱི་བྱ་བར་ཡ་མཚན་དོན་ཅི།

མར་མེ་ཆུང་ཆུང་།
བདག་ཡིད་ཀྱི་འོད་སྣང་ཟླུམ་པོ
བདེ་མོ་བྱོས།
ཁྱེད་རང་ནམ་ཡང་བདག་སེམས་སུ་བཞུར་བའི།
སྐྱོ་གདོང་གི་མིག་ཆུ་རྡོག་གཅིག
འགྱུར་མི་སྲིད་པའི་བརྩེ་དུང་གསོན་པོ།
སུ་ཞིག་ལ་བཅིངས་པའི་སླད་མེད་ཀྱི་སེམས་པ་ཡིན།

___________________________________________________
དེ་རྗེས་བདག་གིས་རྒྱ་གར་ཅན་རྡི་སྒར་གྱི་སྨན་ཁང་ལ་བཞུགས་པའི་སྙན་ངག་པ་གཅེར་བུ་བས་ཆེད་དུ་འདུ་འཛོམས་འདིར་བཏང་བའི་སྙན་ངག་འདི་བདག་གིས་གྱེར་འདོན་བྱས་པ་ཡིན། བདག་ལ་སྙན་ངག་གྱེར་འདོན་གྱི་སྐད་གདངས་སོགས་གང་ཡང་མེད་མོད། སྙན་ངག་པའི་ཚིག་རྩལ་དང་སྡེབ་སྦྱོར་གྱིས་སྙན་ངག་པ་རྣམས་ཀྱི་ཡིད་སེམས་དབང་མེད་དུ་འཕྲོག་ཏེ། ངས་སྙན་ངག་སྐྱོར་ཚར་རྗེས་ཀྱང་སྙན་ངག་པ་རྣམས་ཀྱི་སྐར་ཆེན་ལྟ་བུ་མིག་ཟུང་དག་ང་ལ་གདེང་ནས་བསྡད་འདུག

གླིང་ཚ་སེམས་པས་མཇལ་ན།
གཅེར་བུ་བ།
____ཞི་བའི་གོམ་བགྲོད་པ་གླིང་ཚ་ལ་ཕུལ་བ།
རྡོག་སྣེ་ནས་འོད་ཅིག་འཕྲོས་སོང་ཉི་འོད་གཉོམ་སོང་།།
སྙིང་རྩ་ནས་སྟོབས་ཤིག་འཕག་སོང་ས་གཞི་བསྒུལ་སོང་།།
བློས་བཏང་གིས་རྒྱལ་ས་ཟིན་སོང་སྤྱི་དོན་ཆེད་དུ།།
བཙན་པོ་ཡི་དབུ་རྨོག་གྱོན་སོང་ད་དུང་མ་རྙིང་།།

རྒྱ་བལ་གྱི་འཕྲང་ལམ་དོག་མོ་རྐང་པས་འཇུ་དུས།།
ཚ་གདུང་གི་ངལ་དུབ་དག་གིས་མགོ་བོ་མ་སྨད།།
གསེར་ནག་གིས་གན་རྡུང་བྱས་འདྲའི་ཞག་ནག་གྱ་གསུམ།།
སུ་ཞིག་གི་ཆེད་དུ་བསྟབས་པའི་ནོམ་པ་ཡིན་ནམ།།

དབུ་ལམ་དང་རང་བཙན་སྣེ་མོར་མགོ་བདེ་མ་འཁྲབ།།
ནུབ་གླིང་ནས་ལྟོ་བའི་འཐབ་རྩོད་རྒྱབ་ཏུ་བསྐྱུར་ནས།།
སྤྱི་དོན་ལ་སྒེར་གྱི་ཕྲག་པས་ནུས་ཤུགས་འདེགས་མཁན།།
སེམས་དཔའ་ཁྱོས་བློ་གཤོག་འདི་ལ་ཐོགས་རྡིབ་མི་མངའ།།

ལམ་རྒྱགས་དག་ལམ་ནས་འཁེལ་སའི་རྐང་འཁོར་ཆུང་ཆུང་།།
འཁོར་ལོ་ཟུང་ཟད་ནས་འཇམ་ཆས་ངོས་ཀུན་ཟིན་ཅིང་།།
ཉིན་ལྟར་དུ་ལམ་མང་བདས་པའི་རྐང་ཆུང་ལེབ་མོ།།
ཆུ་བུར་དང་སྐྲང་གཟུགས་ཁུར་ཡང་བགྲོད་མཚམས་མ་བཞག།

ལ་ཞེན་གྱི་ཟུང་ཁྲག་རྒྱུ་སྟངས་འདི་འདྲ་མགྱོགས་པ།།
བདེན་སྟོབས་ལ་ཡིད་ཆེས་བརྙེས་པ་འདི་འདྲ་གཙང་བ།།
འདང་ཆེན་གྱི་བུ་དང་ཆུང་མ་ཡན་ཆད་དོར་བའི།།
རྒྱུད་རིམ་དེ་མི་སྔར་མཐོང་དུས་སེམས་ཁ་འཆོལ་འགྲོ།།

བཙོན་ཁང་གི་མནར་གཅོད་ཇི་འདྲ་ཡིད་ཁར་མངོན་ཡང་།།
སྙིང་ཤུགས་ཀྱིས་སེམས་སུ་བརྒྱབ་པའི་རྡོ་རྗེ་མདུད་པ།།
རང་རིགས་ལ་ཞེན་པ་དཀར་པོའི་གཟུགས་སུ་འཕོས་པས།།
འཚེ་མེད་ཀྱི་སྟོབས་ཤུགས་འདི་ཡང་སྲ་རུ་བཏང་འདྲ།།

དགའ་ཞེན་གྱི་དབང་ཤུགས་འདི་ལ་སྟོབས་ཤིག་ཡོད་ངེས།།
བར་མཚམས་དང་མཐོ་དམའ་མེད་པའི་སྟོབས་ཤིག་ཡོད་ངེས།།
རང་ཉིད་ཀྱི་གོ་སར་རང་ཉིད་ཀེར་གྱིས་ལངས་ཏེ།།
ཡོད་ཚད་ལ་དྲང་སྙོམས་སྤོབས་པ་བདག་གི་སྟོབས་ཡིན།།

རང་དབང་གི་འཐབ་རྩོད་དཔའ་བའི་(ཀིང་)གི་ལངས་ཕྱོགས།།
མདེལ་ཁ་ནས་བདག་གི་སྟོབས་ཤུགས་ཤེད་ཀྱིས་ངོམ་སྟེ།།
འདྲ་མཉམ་གྱི་འཚོ་བ་གསོན་པོའི་དབུགས་ཐག་རིང་པོ།།
གདོང་དམར་བའི་བྲང་ཁོག་ནང་དུ་ད་ཐེངས་འཁྲུངས་འདྲ།།

བདེན་པ་ལ་ཨུ་ཚུགས་བསྟེན་པའི་གྲུ་རྫིངས་དེ་ཡིས།།
བཙན་གནོན་གྱི་ཆུ་བོ་རབ་མེད་འཕྲད་དུ་བཅད་རྗེས།།
སེམས་དཔའ་ཡི་མཚན་གྱི་བ་དན་དགུང་དུ་བསྒྲེང་མཁན།།
གེན་དྷི་ཡིས་རྣམ་ཐར་སྐྱོང་བའི་བོད་རིགས་རྐང་གཅིག།

གླིང་ཆེན་གྱི་སུམ་གཉིས་དབང་བསྒྱུར་དམག་གིས་བྱས་ཤིང་།།
གསོད་གཏུབ་ཀྱི་སྙིང་ཁམས་རྒྱས་པའི་བཙན་པོ་ཁྱུ་ཞིག།
གནམ་མཐའ་ནས་གཟི་འོད་འབར་བཞིན་མཇའ་ལ་འཐིམ་ཡང་།།
དེ་རིང་གི་གྱང་ཆག་ཁྲོད་ནས་ཁྱེད་རང་རྙེད་སོང་།།

༢༠༡༣ ༦ ༡
___________________________________
ཐེངས་འདིའི་གྱེར་འདོན་སྟེང་སྙན་ངག་པ་ཁོ་ན་སུམ་ཅུར་ཉེ་བ་འབྱོར་བས་སྙན་ངག་འདུ་འཛོམས་གྲ་རྒྱས་ཤོས་ཤིག་ལ་གྱུར་ཡོད་མོད།  སྙན་ངག་པ་ཁ་ཤས་ངོ་ཚ་སྨིན་པོ་དང་སྐུ་འཆམ་བཞེས་པ་སོགས་ཀྱི་རྐྱེན་གྱིས་ཡོད་ཚད་ཀྱིས་དགོངས་ཚུལ་དང་གྱེར་འདོན་གྱི་ཆ་ཤས་བླངས་མ་སོང་།  ལྷག་པར་བུད་མེད་སྙན་ངག་པ་གཟུངས་འདུས་སྐྱིད་དང་ཁ་བའི་འབྲོག་མོ་དང་ སྐྲན། ཁ་བ་སྐམ་པོ་སོགས་ཀྱིས་སྙན་ངག་རེ་བྲིས་ནས་ཡོང་ཡོད་ནའང་གྱེར་འདོན་བྱས་མ་སོང་།  དེ་དག་གི་སྙན་ངག་ལས་མ་ཡིག་འབྱོར་བ་ཁག་འོག་ལ་བཀོད་ཡོད་སྙན་ངག་གི་མ་ཡིག་ང་ལ་མ་འབྱོར་བ་དག་དེ་རིང་དྲ་ཐོག་ལ་འགོད་ཐུབ་མ་སོང་།

བོར་མ་མྱོང་བའི་ཁྱེད།
གཟུངས་འདུས་སྐྱིད།
—-སེམས་ཀྱི་གླིང་ཚ་འཚོལ་བ།
གླེང་གཞི།


ཉི་ངོགས་ནས་སྐར་ངོགས་སུ་བསྐྱལ་ཞིང། སྐར་མའི་འཇིག་རྟེན་ནས་སེམས་ཁར་ཡང་ཡང་གླན་མྱོང་བའི་ཁྱེད། ངའི་མཁའ་དབྱིངས་དང་ནམ་མཁའ་ན་མཛེས་སྡུག་གིས་བཞད་པའི་རོགས་ཆུང་ལོ་བཞིན། དྲན་ཤིང་ལ་ན་ཟུག་དང་སྨྲེ་ངག་ལ་གཏན་ཚིགས་མངའ་བའི་ཁྱེད། ནམ་ཡང་སེམས་ནས་བོར་མ་མྱོང་བའི་ཁྱེད། ཟུངས་ཁྲག་ལ་འདྲེས་ནས་ཡོད་པ། ཟླ་བའི་མཐོང་ཡོད་ལ། སྐར་ཚོགས་ཀྱིས་ཀྱང་ཐོས་ཡོད་པ་གླེང་གིན་ཡིན།
གཅིག
ནངས་མོ་དེེར། སྙིང་ཉེ་ཞིང་སེམས་སོང་བའི་ཁྱེད་ཀྱིས་ཚེ་སྲོག་དང་རེ་བའི་ཁྲོད་ཀྱི་ཡོད་ཚད་ལ་ཕྱིར་མིག་དང་འཁྲེང་ཞེན་མེད་པར། རང་ཉིད་ཀྱིས་མི་ཐེག་པའི་རྡོག་ཁྲེས་ལྗིད་མོ་ཞིག་ཁུར་ཏེ་ལམ་ལ་ཆས་པ་ནས་བཟུང་། བདག་གི་དོན་ལྔ་སྣོད་དྲུག་དང་ཟུངས་ཁྲག་གི་བརྒྱུད་ལམ་རེ་རེར་ནམ་ཡང་ཡལ་མི་སྲིད་པའི་མེ་ཏོག་གི་རྐང་རྗེས་དག་ཕབ་ནས་བུད་སོང། དུས་དེ་ནས་ངའི་འགུལ་གྱིན་པའི་རྣམ་ཤེས་གསོན་པོས་ཉི་ནུབ་ཀྱི་བར་སྲུབས་རེ་ནས་ཁྱེད་ཉིད་བཙལ་ཞིང་ཁྱེད་ཉིད་གླེང་ན། སྒྱུ་འཕྲུལ་གྱི་འཇིག་རྟེན་འཁྲུལ་སྣང་གིས་འཁྱེར་བ་བཞིན། སེམས་ངོགས་སུ་འཁོར་ཡོང་བ་ནི། ཤ་གཟན་གང་ཞིག་གིས་མཆེ་བ་གཙིགས་པ་སོགས་མང་པོ་ཞིག་མང་པོ་ཞིག་དྲན་ནས་ཡོང་དུས་སེམས་འདི་བདེ་ལ་བབས་མ་མྱོང། ཁྱེད་ཀྱི་བླ་ན་མ་མཆིས་པའི་རླབས་ཆེན་གྱི་བློས་བཏང་ཡོད་ཚད་རུས་རྐང་ལ་ཟུག་ནས་ཡོང་ན། ད་གཟོད་ངས་རང་ཉིད་ཀྱི་རྩ་ཆེན་ཚེ་སྲོག་ལ་རིན་ཐང་མེད་པ་དང་གང་ཡང་མ་བྱས་པའི་ཁ་སང་། ཅི་ཡང་མ་འཇོན་པའི་དེ་རིང། ཅི་ཡང་བྱ་མི་ཐུབ་པའི་སང་ཉིན་སོགས་རེ་རེ་བཞིན་དྲན་ནས་ཡོད།
གཉིས།
སྐྱ་རེངས་དང་ལྷན་དུ། འཇིགས་རུང་གི་འབྲུག་སྒྲ་དང་བཅས་ཏེ་ན་བུན་གྱིས་མཁའ་དབྱིངས་བསྒྲིབས་ནས་དྲག་ཆར་དང་རླུང་འཚུབ་རྒོད་པའི་སྐབས་དེར། རྒྱལ་སྤྱིའི་གཞུང་ལམ་རིང་མོ་དེའི་སྟེང་ན་སེམས་ཀྱི་ཁྱེད་ཀྱི་འཁྱར་འཁྱོར་གྱི་གོམ་པའི་སྟངས་སྟབས་དང་དཀའ་ཚེགས་ཆེ་བའི་ལུས་ཀྱི་ཉམས་འགྱུར་དག ནུས་མེད་ང་ལྟ་བ་རྒྱང་མཐོང་དང་ཉན་པ་རྣ་རིངབཞིན་ཚང་མ་གོ་ནས། ཡོངས་རྫོགས་རིག་ནས་ཡོང་དུས། ངའི་ཕྱི་ལུས་ཆར་བའི་ནང་དུ་ལྷག་མེད་ཀྱང་སེམས་པ་ཆར་བས་སྦངས་ནས་ང་གནས་མལ་འདི་ནས་ལངས་མི་ཐུབ་ཀི ཡང་ཉིན་གུང་དེར་གོ་ལའི་སྒལ་གཞུང་ཚ་བས་འཕྱུར་ཡོང་ན་སེམས་ཀྱི་ཁྱེད། སྙིང་ཉེ་བའི་བདག་གི་གཅེས་ནོར་ཁྱེད། བདེན་པའི་རྡོག་ཁྲེས་ལྗིད་མོ་དང་རིགས་ཞེན་གྱི་བོད་ཆས་རྣལ་མ་ཞིག་གྱོན་ནས། ཤིང་སྡོང་རྐང་གཅིག་གི་གྲིབ་བསིལ་ཙམ་ཡང་མེད་པའི་ཚ་ངར་གྱི་ཁྲོད་ན། རྔུལ་ཆུ་ཁྲོམ་ཁྲོམ་དུ་གཏོར་གྱིན་རྨ་ཁའི་ན་ཟུག་ཟ་འཕྲུག་དང་བཅས་པ་བསྲན་གྱིས་སྒོམ་པ་སོགས། ཁྱོད་ཀྱི་དཀའ་ངལ་རེ་རེ་བཞིན་དྲན་ངོགས་སུ་རྒྱུ་ཡོང་དུས། ངའི་ལུས་ལ་ཚ་བ་མེད་ཀྱང་སེམས་ཆུང་ཕྲ་མོ་ཚ་བས་བསྲེགས་ནས་ཡོང་གི ད་དུང་སྲོད་དུས་ཀྱི་མུན་པས་འཇིག་རྟེན་དཀར་ངོགས་བསྒྲིབས་ཡོང་དུས་ཁྱེད་ཁེར་རྐྱང་གི་གོམ་སྒྲ་དང། མི་མེད་ཁྱིམ་སྟོང་གི་ལུང་ཁུག་དག་ན་ལྟོགས་སྐོམ་གྱི་འདར་ཟུག་ཇི་འདྲ་ཞིག་རྒྱག་གིན་པ། དགུང་གི་སྐར་ཚོགས་ཀྱིས་ཚོར་བ་ལས་ས་ཡ་དྲུག་གི་སྤྱན་ཟུང་རུབ་ནས་ཡོད་པ་དྲན་ཚེ། གནོང་འགྱོད་ཀྱི་སེམས་པས་ཀུན་ནས་བསླངས་ཏེ་གཉིད་མི་ཁུག་པའི་མཚན་མོ་ཤིན་ཏུ་ནས་མང་ལ། རང་སེམས་ན་ཉེས་པ་ཡོད་པས་ང་བར་དོ་ནས་ནམ་ཡང་གཉིད་ཁུག་ཐུབ་ནི་མ་རེད་སྙམ།
གསུམ།
ངའི་ཟུངས་ཁྲག་དང་གསོལ་འདེབས་ཁྲི་ཕྲག་གི་བར་ན། ནམ་ཡང་དཔའ་ངར་གྱིས་རྒྱུ་བཞིན་པའི་སྙིང་གི་ཁྱེད། སེམས་སོང་བའི་ཁྱེད་ཀྱི་ཚེ་སྲོག་དང་སང་ཉིན། རིགས་ཞེན་དང་ལ་རྒྱ་ཅན་གྱི་བོད་མི་ཚོས་བསྲུངས་མ་ཐུབ་པས། སྐྱབས་གནས་དཀོན་མཆོག་ལ་བཅོལ་དགོས་བྱུང། བོད་མི་སུ་ལ་ཡང་ཡོད་མ་མྱོང་པའི་རྩ་ཆེན་ཚེ་སྲོག་ལ་བར་ཆད་གང་གིས་ཀྱང་མི་གཅུན་པའི་སྨོན་འདུན་ཟབ་མོ་ཞིག་བཅོས་མིན་སེམས་ནས་འདེབས་ཞོར་འཆར་ཡན་གྱི་ཀློང་ལ། ཁྱེད་དང་ཁྱེད་ཀྱི་སང་ཉིན་སོགས་དྲན་ཚེ་ནུས་མེད་ཀྱི་ང། བཤད་མི་ཤེས་པའི་ཚོར་སྣང་ཞིག་གིས་འཇིག་རྟེན་སྡུག་བསྔལ་གྱི་གཞོང་བར་ལྷུང་ནས་ཡོད། སྙིང་ཉེ་བའི་བདག་གི་རོགས་ཆུང་ལོ། ཟླ་བ་ཁེར་འགྲོ་ཞིག་ལ་ངས་སེམས་ཀྱི་གནོང་འགྱོད་དང། ཡིད་ཀྱི་དུངས་ཀ བདེན་པའི་གཏམ་གླེང་། ཁྱེད་ཀྱི་ཚེ་སྲོག་གི་བདེ་འཇགས། འབྱུང་འགྱུར་གྱི་སྨོན་འདུན་སོགས་ཡོད་ཚད་ཅིག་བསྐུར་ནས་ཡོད།
མཇུག་གཏམ།
རིགས་མཐུན་གྱི་བདག་གི་ཡོད་ཚད་དེ། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་བླ་མ། ཁ་རྗེ་དབང་ཐང་ཅན་གྱི་གོང་གི་དཔོན་པོ། ཤེས་འཇོན་གཉིས་ལྡན་གྱི་མཁས་དབང་རིམ་བྱོན། རིགས་ཞེན་ལ་རྒྱ་ཅན་གྱི་ཤེས་ཡོན་པའི་སྡེ་ཚོ། ངའི་མི་རིགས་དང་བདག་གི་བོད་པ་ཞེས་སྟོང་གཏམ་གྱི་གདུང་དབྱངས་གཉོམ་པོ་རྒྱ་ཁང་གི་རྩེག་རིམ་བཞིན་བརྩེགས་ནས་ཅི་ལ་ཕན། ངེས་པ་དོན་གྱིས་འགྲོ་དགོས་ས་ཟིག་ལ་སོང་ནས། ཐོན་དགོས་ས་དེ་རུ་འཐོན་པར་བྱེད་ནས། ང་ཚོས་གནད་འགག་གི་སྣེ་དང་དཀའ་སྡུག་གི་ཀློང་ནས་ཅིས་ཀྱང་མཐུན་སྒྲིལ་དང་དཔུང་བ་མཉམ་གཤིབ་ཀྱིས་འཇིག་རྟེན་ནས་བོར་ཟིན་ཅིང་བདག་སེམས་ནས་བོར་མ་མྱོང་བའི་མི་རིགས་ཀྱི་དཔའ་རྒོད་ཁེར་འགྲོ་སྟེ། བརྩེ་འདང་ཟབ་བའི་བདག་སེམས་ཀྱི་བརྩེ་དུང་གི་རྒྱལ་སྲས་ཐོག་མ། རོགས་ཆུང་ལོ་ངེས་པར་དུ་འཚོལ་དགོས།
 ______________________________________
གླིང་ཚ་འཚོལ་བ།
ཁ་བའི་འབྲོག་མོ།

རྔུལ་ཆུ་རྡོག་རིལ་དེས་ལམ་ཆེན་སྦངས་དུས།།
མི་བཟོད་མིག་ཆུ་དེས་སེམས་པ་བརླན་བྱུང་།།
འཛུམ་ཆུང་རི་མོ་ཡི་གདེང་ཚོད་དཔར་བས།།
རང་དབང་རྒྱལ་ཁབ་ཅིག་མདུན་དུ་མངོན་བྱུང་།།

སྙིང་སྟོབས་གོམ་སྒྲ་དེ་རྒྱང་དུ་འཐེན་སོང་།།
ཟུངས་ཁྲག་དྭངས་མ་ཡི་མེ་ལྕེ་མཆེད་སོང་།།
གཞན་གྱི་བདེ་སྡུག་དེ་གདོང་དུ་འཁུར་བའི།།
དཔའ་བོ་གླིང་ཚ་རང་གང་དུ་གནས་སམ།།

མུན་ནག་མཐུག་པོ་དེ་དྲག་པོའི་ཡུལ་རེད།།
སྒྲོན་མེའི་འོད་སྣང་དེ་དཔའ་བོས་སྒྲོན་ཡོད།།
ཕྱི་རོལ་ས་མཐའ་རུ་བཞུད་པའི་དཔའ་རྒོད།།
ཞི་བདེའི་གླུ་དབྱངས་དེ་རྒྱང་ནས་ཁྲོལ་ཤོག །

ཉམ་ཐག་མི་ཚོགས་ཀྱི་དཔའ་བོ་ཁེར་རྐྱང་།།
དགྲ་བོའི་མེ་སྒྱོགས་ལ་གདོང་བ་གཏོད་བཞིན།།
བདེན་པའི་གནས་ལུགས་ཀྱི་གད་རྒྱངས་བསྒྲགས་སོང་།།
དཔའ་བོ་གླིང་ཚ་ཁྱེད་ལྷ་ཡིས་སྲུངས་ཤིག །

ས་ཡ་དྲུག་པོ་ཡི་བདེ་སྐྱིད་འཚོ་བ།།
ཆོལ་ཁ་གསུམ་པོ་ཡི་གནས་ཚང་དྲོན་མོ།།
མི་འགྱང་མ་འོངས་ལ་མངོན་འགྱུར་འབྱུང་བས།།
ཉམ་ཆུང་དཔའ་བོ་ཁྱེད་བདེ་བར་གནས་ཤོག།

༢༠༡༣/༠༨/༠༧།

0 comments:

ཟིན་བྲིས་འཚོལ་ཡུལ